“ང་ནི་ནག་ཆུ་ནས་ཆེད་དུ་ཡོང་བ་ཡིན། ན་ནིང་གཟུགས་པོ་བདེ་པོ་མེད་པས་ཡོང་མ་ཐུབ་པས་ཕངས་སེམས་སྐྱེས་སོང་། དེ་ཡིན་ཙ། ད་ལོའི་ཟླ་10པའི་ཟླ་འགོ་ནས་ཡོང་སྟེ། སྐུ་དཀར་གསོལ་བའི་དུས་ལ་སྒུག་པ་ཡིན”ཞེས་ཉི་མ་ལགས་ཀྱིས་བཤད།
ལོ་ལྟར་ཕོ་བྲང་པོ་ཏ་ལ་སྐུ་དཀར་གསོལ་དུས། གྲོང་མི་དང་མང་ཚོགས་རང་འགུལ་ངང་སྐུ་དཀར་གསོལ་བའི་ལས་སུ་ཞུགས་བཞིན་ཡོད། “2018ལོ་ནས་བཟུང་། ང་རང་ལོ་ལྟར་སྐུ་དཀར་གསོལ་བའི་ལས་ལ་ཞུགས་ཡོད། ད་ལོར་གྲོགས་མོ་ཡང་ཁྲིད་ཡོད་ཅིང་། རྩེ་ཕོ་བྲང་ལ་སྐུ་དཀར་གསོལ་བར་རང་ནུས་ཅི་ཡོད་ཀྱིས་སྲི་ཞུ་བསྒྲུབས་བསམ་ཡོད”ཅེས་ལྷུན་གྲུབ་རྫོང་ནས་ཡོང་བའི་བཀྲ་ཤིས་སྒྲོལ་དཀར་གྱིས་འདི་ལྟར་བཤད།
ཕོ་བྲང་པོ་ཏ་ལར་སྐུ་དཀར་གསོལ་བའི་དུས་ཚོད་ནི་ཟླ་10ཚེས་17ཉིན་ནས་འགོ་བརྩམས་པ་རེད། དེ་སྔོན་གྲོང་མི་དང་མང་ཚོགས་མང་པོ་དངོས་སུ་ལས་ལ་ཞུགས་པ་མ་ཟད། ད་དུང་འོ་མ་དང་། འོ་ཕྱེ། སྦྲང་རྩི། བྱེ་མ་ཀ་ར། གུར་གུམ་སོགས་རྒྱུ་ཆའང་ཞལ་འདེབས་སུ་འབུལ་སྲོལ་ཡོད། ཡིན་ན་ཡང་རྒྱུ་ཆ་དེ་དག་ཚད་ལས་བརྒལ་བར་བསྲེས་ན་སྲོལ་རྒྱུན་གྱི་དཀར་རྩིའི་མ་གཞིའི་མདོག་ཡལ་བ་དང་རུལ་སླ། ཁྱད་པར་དུ་ཆར་དུས་སུ་གྱང་ངོས་ཀྱི་དཀར་རྩི་འཐོར་ནས། ཕོ་བྲང་པོ་ཏ་ལའི་བརྗིད་ཉམས་དང་རྩིག་བཟོས་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་ངེས་ཡིན་པས། གནས་ཚུལ་དེ་དག་སྔོན་འགོག་བྱ་ཆེད་དང་། ཁྱད་པར་དུ་དགོས་པ་མེད་པའི་འཕྲོ་བརླག་མི་གཏོང་ཆེད། ད་ལྟར་རྒྱུ་ཆ་འདི་དག་ཚང་མ་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་གཅིག་གྱུར་དུ་ཉོ་སྒྲུབ་དང་ལེགས་སྒྲིག་བྱེད་བཞིན་ཡོད་པ་རེད།