གྲམ་ཐང་དུ་ཕྱུག་འགྱུར་ལམ་བུ་བསྐྲུན།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 10-29
ཟླ་བཅུ་པའི་ཟླ་སྨད་དུ་གསར་འགོད་པས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ལི་ཐང་རྫོང་ནས་ཉག་རོང་རྫོང་དུ་སྐྱོད་སྐབས། ཡར་ཀླུང་གཙང་འགྲམ་དུ་གནས་པའི་སྔོ་སྨན་རྟེན་གཞི་ཆེན་པོ་ཞིག་ཏུ་སྨན་རྩྭ་སྣ་ཚོགས་བཏབ་འདུག་པས་དེ་བས་བཀྲག་མདངས་ལྡན་པར་སྣང་།
སྔོ་སྨན་རྟེན་གཞི་དེ་ཉག་རོང་རྫོང་བང་སྨད་ཤང་རི་སྣེ་གྲོང་ཚོར་གནས་ཡོད་ཅིང་། ས་གནས་དེ་གའི་མང་ཚོགས་ཚོས་གསར་འགོད་པར་སྔོན་མ་ས་ཆ་དེ་གྲམ་ཐང་ཞིག་རེད་ཅེས་བརྗོད་བྱུང་།
ཉག་རོང་རྫོང་ལ་ས་བབ་མཐོ་ཚད་སྨི་3500ཙམ་ཡོད་པ་དང་ཡར་ཀླུང་གཙང་པོ་ཤང་ཤང་དུ་རྒྱུག་བཞིན་ཡོད་ནའང་ས་ཞིང་ཐོན་ཁུངས་དཀོན་ཙམ་ཡོད། ལོ་85ཡི་གོང་དུ་དམར་དམག་རྒྱང་སྐྱོད་བྱེད་སྐབས་ཉག་རོང་རྫོང་བརྒྱུད་མྱོང་བ་དང་དམར་དམག་ཚོས་དཀའ་ངལ་དུ་མ་ཁྱད་བསད་བྱས་མཐར་རྒྱལ་ཁའི་ལམ་ཞིག་བཏོད་ཡོད།
གྲོང་སྡོད་ལས་བྱེད་པ་དར་རྒྱས་ཀྱིས་རི་སྣེ་གྲོང་ཚོ་དེ་སྔོན་མ་རི་ཁུག་ཏུ་གནས་པའི་དཔེ་མཚོན་གྲོང་ཚོ་དབུལ་པོ་ཞིག་རེད། ས་ཞིང་གི་ཐོན་ཁུངས་དཀོན་པར་བརྟེན་ཐོན་ལས་འཕེལ་རྒྱས་གཏོང་བར་དཀའ་ངལ་མང་པོ་འཕྲད་ཡོད། འོན་ཀྱང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོས་དཀའ་ངལ་ལ་མི་འཛེམས་པར་ས་སྦོལ་བྱས་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་འཕེལ་རྒྱས་ཀྱི་ལམ་གསར་ཞིག་བཏོད་ཡོད་ཅེས་བརྗོད་བྱུང་།
2017ལོར་གྲོང་ཚོར་པད་ཁ་དང་སྐལ་བཟང་མེ་ཏོག་བཏབ་མོད། འོན་ཀྱང་དཔལ་འབྱོར་ཡོང་འབབ་དེ་ཙམ་བྱུང་མེད། ཉག་རོང་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་ལས་དོན་མི་སྣ་ལེའུ་དབྱང་གིས་མང་ཚོགས་ཚོས་སྣུམ་བཙག་ལག་རྩལ་ལ་དེ་ཙམ་རྒྱུས་མངའ་མེད་པས་དཔལ་འབྱོར་ཡོང་འབབ་བྱུང་མེད་ཅེས་བརྗོད།
རི་སྣེ་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་རྡོ་རྗེ་དཔལ་ལྡན་གྱིས་དེ་ལྟར་ང་ཚོས་མགྱོགས་མྱུར་ཐོན་སྐྱེད་ཁ་ཕྱོགས་བསྒྱུར་ནས་མཉམ་འདྲེས་འཕེལ་རྒྱས་བཏང་སྟེ་ཁྱད་ལྡན་ཐོན་ལས་གླིང་ཁུལ་བསྐྲུན་པ་ཡིན་ཞེས་བརྗོད་བྱུང་། ཉག་རོང་རྫོང་གིས“ཁྱད་ལྡན་འགྲུལ་ཁང་བསྐྲུན་ནས་གླིང་ཁུལ་བསྐྲུན་པ་དང་། ཀྲུང་ལུགས་སྨན་རྒྱུར་བརྟེན་ནས་གླིང་ཁུལ་ཕྱུག་པོ་ཆགས་པ་བྱེད་པ། ཤྭ་བ་ཁྲ་ཁྲ་གསོས་ནས་གླིང་ཁུལ་སྟོབས་ཆེར་གཏོང་བ། གྲོང་གསེབ་ཡུལ་སྐོར་དང་ཟུང་འབྲེལ་བྱས་ནས་གླིང་ཁུལ་དར་རྒྱས་གཏོང་བ”བཅས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གཞིར་བཟུང་། རི་སྣེ་གྲོང་ཚོར་ས་ཁྱོན་མུའུ་302.6ཡོད་པ་དང་ཁྱོན་མ་དངུལ་སྒོར་ཁྲི་8494བཏང་བའི་གྲོང་གསེབ་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་སྟོན་གླིང་ཁུལ་བསྐྲུན་པ་རེད།
རི་སྣེ་གྲོང་ཚོའི་གྲོང་མི་བྱམས་ཚེས་གྲམ་ཐང་འདི་ལོ་ཚད་མི་འདྲ་བར་གཞིགས་ནས་གླིང་ཁུལ་ལ་ནང་བཤུག་བཏང་བར་བོགས་གླ་སྒོར་ཁྲི་5རག་བྱུང་ཞེས་བརྗོད། ཁོང་ཡང་ད་ཆ་གླིང་ཁུལ་དུ་ལས་ཀ་བྱེད་པ་དང་ཟླ་རེར་གླ་ཆ་སྒོར་3000ཡོད། ཁོང་གིས“འཚོ་བར་དཀའ་ངལ་མེད་པས། ད་ཆ་སྐྱིད་པོ་ཡིན་པ་ཚོར་གྱི་འདུག”ཅེས་བརྗོད་བྱུང་།
ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་དཔེ་སྟོན་གླིང་ཁུལ་གྱི་ཕན་འབྲས་མངོན་གསལ་དོད་དུ་སོང་ཞིང་། གྲོང་ཚོས་ས་ཆ་ནང་བཤུག་གི་དངུལ་སྒོར་ཁྲི་160དང་འགྲུལ་ཁང་གི་ཁང་གླ་སྒོར་ཁྲི་60མང་ཚོགས་ལ་བགོས་པ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ནས་ལོ་ལྟར་ཡོང་འབབ་སྒོར་ཁྲི་2བགོས་པའི་ཐོག་གླིང་ཁུལ་ཐོན་ལས་ཀྱི་ཁེ་བཟང་ཡང་བགོས་ཀྱི་ཡོད།
གླིང་ཁུལ་གྱི་ལུག་མིག་མེ་ཏོག་ནས་ལོར་ཡོང་འབབ་སྒོར་ཁྲི་104.4དང་ཁེ་གཙང་སྒོར་ཁྲི་24.36བྱུང་ཞིང་། གླ་པ་400ཙམ་གྱི་ལས་ཀ་ཐག་གཅོད་བྱས་པ་དང་ལུག་མིག་མེ་ཏོག་འཐུ་མཁན་ལ་སྒོར་ཁྲི་12བགོས་པས་མི་ཚང་རེར་སྒོར་4000རག་ཡོད།