༄༅། །གཞོང་པ་ལྷ་ཆུ།

མི་གསལ། རྩོམ་སྒྲིག་པ། དབང་ཆེན།ཡོང་ཁུངས།མཚོ་སྔོན་པོ་དྲ་བ། སྤེལ་དུས། 01-30


  

        ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་རྫོང་གནས་ཆུང་གྲོང་རྡལ་སེ་མ་གྲོང་ཚོའི་ཁོངས་སུ་གཞོང་པ་ལྷ་ཆུ་ཞེས་པ་ཞིག་ཡོད་པ་དེ་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་ནང་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སློབ་དཔོན་པདྨ་འབྱུང་གནས་བོད་དུ་གདན་འདྲེན་སྐབས་བཙན་པོས་ཉིན་རེ་བཞིན་བློན་པོ་རེ་ཕེབས་བསུར་བཏང་བ་ལས་སྟོད་ལུང་གཞོང་པ་མདར་བློན་པོ་ལྷ་བཟང་ཀླུ་དཔལ་དང་མཇལ་དེ་གུང་གི་བྲོ(གུང་ཟས)རན་པ་ན་ཆུ་མེད་པས། སློབ་དཔོན་རིན་པོ་ཆེས་ཕྱག་འཁར་ས་ལ་བཙུགས་ནས་ལྷ་བཟང་ཆུ་བྱུང་གཞོང་པ་གཟེད་ཅིག་གསུངས་ཤིང༌། ཕྱག་འཁར་གྱི་ཤུལ་ནས་ཆུ་མིག་ཅིག་དོན་བྱུང་བས་མིང་ཡང་གཞོང་པ་ལྷ་ཆུ་ཞེས་གྲགས།

  ཆུ་མིག་དེའི་གཏིང་ཚད་ལ་སྤྱི་ཁྲེ1ནས16དང༌། ཞེང་ཚད་ལ་ལྷོ་ནས་བྱང་དུ་སྤྱི་ཁྲེ10ནས40ཤར་ནས་ནུབ་བར་སྤྱི་ཁྲེ5ནས50ཡོད། ཆུ་མིག་དེའི་ཆུས་ཉེ་སྐོར་གྱི་གྲོང་ཚོའི་འཐུང་ཆུ་ཙམ་མ་ཟད། ས་ཞིང་སོན་ཁལ་བརྒྱད་བརྒྱ་སྐོར་གྱི་ཆུ་ཐག་གཅོད་ཐུབ་ཀྱི་ཡོད།  ཆུ་དེས་པགས་ནད་དང༌། རྟ་བོང་གི་སྒལ་རྨ་སོགས་ལ་ཕན་སྟབས་ཐག་རིང་ནས་མི་ཕྱུགས་ནད་བཅོས་བྱེད་མཁན་མང་པོ་ཡོང་གི་ཡོད། དཀར་པོ་བྱེ་མའི་འོག་ནས། ཆུ་མིག་དྭངས་བཟང་དབང་པོ། ཆུ་མིག་དེ་ཡི་ཆུ་ཕུད། ལྷ་སའི་ཇོ་བོ་ལ་ཕུལ་ཡོད། ཅེས་གཞས་གཏོང་སྲོལ་འདུག ཆུ་མིག་དེའི་ཁར་ལྗོན་ཤིང་སྣ་ཚོགས་ཀྱིས་བསྐོར་བ་དང༌། ནང་དུ་རི་མོ་དང་ཚོན་མདོག་སྣ་ཚོགས་བཀྲ་བའི་ཉ་ཐིག་ཤིང་གང་ལྷག་ཙམ་བྱས་པ་མང་པོ་ཡོད་སྟབས་ཉ་དེ་ཚོའི་རི་མོར་གཞིགས་ཏེ་ཉ་རྟ་སྒ་བརྒྱབ་པ་དང་། སྤ་ཕྲུག་གྱོན་པ་ཟེར་བ་སོགས་ཡོད།


  ལྕགས་རིའི་ཤར་ངོས་ཀྱི་འོག་ནས་ཆུ་མིག་གི་ཆུ་འགྲོ་རྡོའི་འོར་པའི་འཁྲིས་སུ་མ་ཎི་ཆུ་འཁོར་ཞིག་བཙུགས་པ་དང༌། ཆུ་ཕྱིར་ཐོན་སའི་འཁྱིལ་ཆུ་དེ་ནད་བཅོས་བྱེད་ས་ཡིན་འདུག ཆུ་མིག་གི་ནུབ་ངོས་སུ་ལྷ་ཁང་ཞིག་ཡོད་པ་དེར་སློབ་དཔོན་རིན་པོ་ཆེ་སོགས་ཀྱི་སྐུ་བརྙན་ཡོད་པ་དང༌། རི་ལྡེབས་སུ་སློབ་དཔོན་རིན་པོ་ཆེའི་ཞབས་རྗེས་སོགས་མཇལ་རྒྱུ་ཡོད། ཡུལ་དེ་གའི་མང་ཚོགས་ཀྱིས་ཚེས་བཅུ་གཏོང་སྲོལ་ཡོད་པས་དེ་ཉིན་ལྷ་ས་བ་སོགས་མང་ཚོགས་མང་པོ་འདུ་འཛོམས་བྱེད།  རིག་གནས་གསར་བརྗེའི་སྐབས་ལྷ་ཁང་ནང་གཏོར་སྐྱོན་བཏང་བ་མ་ཟད། ཆུ་མིག་དེར་ཡང་རྫས་མེ་གཡུགས་པ་སོགས་བྱས་ཤིང༌། ད་ལྟ་ལྷ་ཁང་ལ་ཉམས་གསོ་བྱས་པའི་ཐོག ཆུ་མིག་དང༌། རྩི་ཤིང༌། ཉ་སོགས་ལ་སྲུང་སྐྱོབ་ཀྱིས་རྫོང་ནས་ཆུ་རྫིང་ལ་ཡང་ལྕགས་རི་གསར་རྒྱག་དང་ཉེ་འགྲམ་དུ་ལྗོན་ཤིང་མང་པོ་གསར་འཛུགས་བྱས་འདུག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1