དམར་པོ་ཁམས་ཀྱི་ཉག་རོང་ཞེས་པའི་ལུང་བ་དེ་ལ་ཡུལ་གྲུ་གཞན་པ་དང་སྡུར་ན་ཐུན་མིན་གྱི་ཡུལ་སྲོལ་གོམས་གཤིས་མང་པོ་ཞིག་ཡོད། དཔེར་ན། ཉག་ཇ། ཉག་སྐད། བཅུ་གསུམ། ཉག་རོང་སྐོར་བྲོ། ཉག་རོང་གི་འཚོ་བ་རོལ་སྟངས་དང་ཁང་བ་བཟོ་ལུགས། སྐྱེས་ཕོ་མོ་ཡོངས་ཀྱི་ལུས་ཀྱི་ཆས་ལུགས་དང་སྐྲའི་ལན་བུ་སོགས་རིག་གནས་ཀྱི་རྫོང་མཐུག་པོ་ཞིག་ཡོད་པ་ནི་སྐུ་ཉིད་ཉག་རོང་ལུང་བ་རུ་ཕེབས་དང་ཁྱོད་ལ་ཚོར་སྣང་ཟབ་མོ་ཞིག་གིས་བསུ་མ་བྱེད་པ་ང་ལ་ཡིད་ཆེས་ཆེན་པོ་ཡོད། ཉག་རོང་གི་བཅུ་གསུམ་ཞེས་པ་ནི་བོད་ཟླ་12པའི་ཚེས་13ཉིན་ཏེ་ཉག་རོང་བའི་ངག་རྒྱུན་དུ་རྒྱ་ཡི་ལོ་སར་བོད་ཀྱི་བཅུ་གསུམ་ཟེར་བའི་འབོད་སྲོལ་ཞིག་ཀྱང་ཡོད། ཉག་རོང་གི་བཅུ་གསུམ་དེ་ལ་མཁས་པ་རྣམ་པས་བཤད་ལུགས་སྣ་ཚོགས་ཡོད་ཀྱང་ལས་ལ་བརྩོན་པའི་ཉག་རོང་གི་སྐྱེས་ཕོ་མོ་ཡོད་ཚད་ས་ཐག་ཉེ་རིང་སྟོད་སྨད་བར་གསུམ་གང་ལ་ཡོད་རུང་བཅུ་གསུམ་གྱི་དུས་ཆེན་སྐབས་རང་ཡུལ་ཉག་རོང་ལུང་པར་ལོག་ནས་རང་ཁྱིམ་དྲོན་མོའི་ནང་དུ་ཁྱིམ་མི་ལྷན་འཛོམ་ཁྲོད་བཅུ་གསུམ་གྱི་དུས་ཆེན་བསུ་བ་ཡིན། ཉག་རོང་གི་བཅུ་གསུམ་བཏང་སྟངས་སྐོར་ལ། ཉག་སྟོད། ཉག་སྨད། ཉག་སྐེད། དེ་གསུམ་གྱིས་བཅུ་གསུམ་ལ་རོལ་སྟངས་ཅུང་མི་འདྲ་བར་ཡོད་ཀྱང་ཕལ་ཆེར་གཅིག་མཚུངས་ཡིན། བཅུ་གཉིས་ཉིན་མོ་ནས་ཁང་སྟེང་གི་གསས་མཁར་དང་བསང་ཁང་གཉིས་ལ་ས་རྩི་དཀར་པོས་བརྒྱག་ནས་ཡུལ་ས་གཞི་བདག་རྣམས་ལ་གཏང་རག་གཏང་བའི་གྲ་སྒྲིག་དགོས། བཅུ་གསུམ་གྱི་ཉིན་མོ་དེར་བྱ་འགུལ་ཟེར་ནའང་འགྲོ་ལུགས་ཁ་ཤས་ཡོད་པ་ནི། ཁྱིམ་གྱི་ཐབ་ལྷ་གསོལ་བ་དང་ཁང་སྟེང་གི་གསས་མཁར་རམ་ལབ་རྩེ་བསྟོད་པ། གཞི་བདག་ལ་བསང་བཀྱག་པ་དང་ཨ་ལ་སྐྱོར་འཁྲབ་བ། རྟ་རྒྱུག་བ་དང་བྲོ་འཁྲབ་བ། གླུ་ལེན་མགྲོན་འབོད་སོགས་ནི་གཅིག་མཚུངས་ཡིན། ཉག་རོང་གི་མིའི་ལོ་བརྩི་སྟངས་ཀྱང་བཅུ་གསུམ་དང་འབྲེལ་བ་དམ་ཟབ་ཅིག་ཡོད་དེ་བཅུ་གསུམ་ཚེས་ནས་ཉག་རོང་གི་སྐྱེས་ཕོ་མོ་སུ་ཞིག་ཡིན་ཡང་ལོ་གཅིག་ལོན་སོང་བ་ཡིན། ཉག་རོང་གི་བཅུ་གསུམ་འདི་ལོ་གསར་རྙིང་གི་དཀྱོག་མཚམས་ཙམ་ལས་ལོ་རྒྱུས་མེད་པའི་རིག་གནས་ཤིག་མ་ཡིན་ཏེ་ད་དུང་དེའི་རྒྱབ་ལྗོངས་ན་ཉག་རོང་རིག་གནས་གཏིང་ཟབ་བ་ཞིག་ཀྱང་ཡོད་དེ། ཁྱིམ་མི་ལྷན་འཛོམ་གྱིས་མཐུན་སྒྲིལ་དང་འཆམ་མཐུན་རིག་གནས་མཚོན། བསང་བཏང་བ་དང་རླུང་རྟ་གཏོར་བ། ལབ་རྩེ་བསྟོད་པ་སོགས་ཀྱིས་ཡ་ཐོག་རིག་གནས་སམ་གདོད་མའི་རིག་གནས་ཀྱི་ངོ་བོ་མཚོན། གྲོང་མི་ཁྱིམ་མཚེས་ཕན་ཚུན་བར་མགྲོན་དུ་འབོད་པས་ཡ་རབས་ཤེས་ཡོན་གྱི་མི་རིགས་མཚོན། བྲོ་རྡུང་གླུ་ལེན་གྱིས་དམངས་ཁྲོད་སྒྱུ་རྩལ་རིག་གནས་མཚོན། བྲོ་རྡུང་གླུ་ལེན་སྐབས་སུ་རིན་ཐང་གཞལ་དུ་མེད་པའི་རྒྱན་ཆ་སྤྲས་པ་དེས་དཔལ་འབྱོར་སྒྲུག་པའི་སྤོབས་པའམ་ཕྱུག་འགྱུར་ལམ་དུ་འཁྲིད་པའི་སྐུལ་འདེབས་ཀྱི་རིག་གནས་མཚོན། རྟ་རྒྱུག་རིག་གནས་དེས་ཁམས་པའི་ཕོ་རྒོད་ཅིག་གི་སྙིང་སྟོབས་མཚོན་པ་དང་གནའ་བོའི་མེས་པ་ཚོ་རྟ་ཐོག་གི་མི་རིགས་ཡིན་པར་མཚོན་ནུས། བཅུ་གསུམ་གྱི་དུས་ཆེན་འདིས་ཞི་བདེ་ལ་དགའ་བ་དང་དཔལ་ཡོན་ལ་བརྩོན་པའི་མི་རིགས་ཤིག་ཡིན་པར་མཚོན་པ་དང་ད་བར་དུ་གནས་པ་དེས་རང་ཚུགས་བརྟན་པོ་ཡོད་པའི་ལུང་བ་ཞིག་ཀྱང་ངེས་ཐུབ། མདོར་ན་ཉག་རོང་གི་བཅུ་གསུམ་དུས་ཆེན་ནི་ཉག་རོང་བ་ལས་གཞན་ལ་མེད་པའི་ཤེས་བྱ་དཀོན་པོ་ཞིག་གོ །