ཟླ10པའི་ཚེས30ཉིན། 2021ལོའི་ཀྲུང་གོའི་བོད་ལྗོངས་རི་འཛེག་ཚོགས་ཆེན་སྐབས་བཅུ་དགུ་པའི་བྱེད་སྒོ་རབ་དང་རིམ་པའི་རྒྱལ་ཡོངས་གངས་ཤུད་རི་འཛེག་གདན་ཞུའི་འགྲན་བསྡུར་དེ་ལྷོ་སྟོད་རི་བོར་དངོས་སུ་འགོ་བརྩམས་པ་རེད།
འགྲན་བསྡུར་འགོ་ཚུགས་པའི་ཚུལ།
འདི་ནི་བོད་རང་སྐྱོང་ལྗོངས་ཀྱིས་གངས་ཤུད་དང་རི་འཛེག་གདན་ཞུའི་འགྲན་བསྡུར་གཉེར་ཐེངས་དང་པོ་ཡིན་པ་དང་། གཙོ་བོ་ནི་ཆེད་ལས་གངས་ཤུད་ལུས་རྩལ་པར་རྩལ་འགྲན་གྱི་སྟེགས་བུ་བསྐྲུན་ནས་རྩལ་འགྲན་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་གཉེར་བར་རམ་འདེགས་བྱ་རྒྱུ་དེ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་རྒྱལ་ཡོངས་ཀྱི་གངས་ཤུད་རི་འཛེག་གདན་ཞུའི་འགྲན་བསྡུར་ནང་ཐད་ཀར་མྱུར་ཚད་འགྲན་བསྡུར་དང་བར་ཐག་ཐུང་བའི་འགྲན་བསྡུར་ཁག་གཉིས་ཡོད་ཅིང་། ཁྱོན་རྒྱལ་ཁབ་ན་གཞོན་རུ་ཁག་དང་བོད་ལྗོངས་རུ་ཁག་ནས་ཡོང་བའི་ལུས་རྩལ་པ20འགྲན་བསྡུར་ནང་ཞུགས་ཡོད་པ་རེད།
ལོ་ན17ལ་སླེབས་པའི་བོད་ལྗོངས་གངས་ཤུད་རུ་ཁག་གི་རུ་མི་ངག་དབང་བློ་གྲོས་ཀྱིས་གདན་ཞུའི་འགྲན་བསྡུར་ནང་ཕུལ་བྱུང་གི་ནུས་པ་འདོན་སྤེལ་བྱས་ཏེ། ན་གཞོན་སྐྱེས་པའི་ཚོགས་ཆུང་གི་མྱུར་ཚད་འགྲན་བསྡུར་དང་བར་ཐག་ཐུང་བའི་འགྲན་བསྡུར་ནང་ཨང་དང་པོ་བླངས་པ་རེད།
“དེ་ནི་མི་སྒེར་གྱི་ས་བབ་སྨི5000ཡན་གྱི་འགྲན་བསྡུར་བྱེད་ཐེངས་དང་པོ་ཡིན་མོད། དེ་ལྟར་ནའང་མི་སྒེར་གྱིས་དགོས་ངེས་ཀྱི་འཇོན་ནུས་གསལ་པོར་མངོན་ཡོད” ཅེས་ངག་དབང་བློ་གྲོས་ཀྱིས་སླད་ཕྱིན་སྔར་བས་འབད་བརྩོན་ཆེན་པོས་སྦྱོང་བརྡར་བྱས་ཏེ། རྒྱལ་ཡོངས་རང་བཞིན་གྱི་གངས་ཤུད་འགྲན་བསྡུར་ཁྲོད་རང་ཉིད་ལ་དེ་བས་ལེགས་པའི་གྲུབ་འབྲས་ཐོབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད།
འགྲན་བསྡུར་བྱ་ཡུལ་དངོས།
ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་བྱེས་བགྲོད་གངས་ཤུད་དང་གངས་ཤུད་རི་འཛེག་རྣམ་གྲངས་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་བཏང་བས་ཕུལ་བྱུང་གི་ན་གཞོན་ལུས་རྩལ་པ་ཁག་ཅིག་ཐོན་པ་དང་། བོད་ལྗོངས་ཀྱི་གངས་ཤུད་རི་འཛེག་ལུས་རྩལ་པ་བསོད་ནམས་ཆོས་སྒྲོན་གྱིས2020ལོའི་བློ་བཟང་དགུན་དུས་ན་གཞོན་ཨོ་རྩལ་འགྲན་ཚོགས་སྟེང་གི་བུད་མེད་བྱེས་བགྲོད་དང་རྒྱང་ཐུང་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་ལ། ཀྲུང་གོའི་བདམས་ཐོན་པར་རྣམ་གྲངས་དེའི་རྒྱལ་སྤྱིའི་ཕྱོགས་བསྡུས་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཁྲོད་ཀྱི་གྲུབ་འབྲས་ཡག་ཤོས་བཏོད་ཡོད།
གངས་ཤུད་རི་འཛེག་རྒྱལ་ཁབ་ན་གཞོན་རུ་ཁག་གི་དགེ་རྒན་ཅིན་ཡུས་པོ་ཡིས་གངས་ཤུད་རི་འཛེག་ནི་ས་བབ་མཐོ་བའི་ལུས་རྩལ་ཞིག་ཡིན་ཏེ། བོད་ལྗོངས་ནས་ཡིན་པའི་ལུས་རྩལ་པར་ས་བབ་མཐོ་བའི་ལུས་རྩལ་ཁྲོད་དམིགས་བསལ་གྱི་དགེ་མཚན་ལྡན་ཡོད། རྩལ་ཁྲིད་དགེ་རྒན་ཞིག་ཡིན་པའི་ངོས་ནས་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་པ་རྒྱལ་སྤྱིའི་འགྲན་བསྡུར་ནང་ཞུགས་རྒྱུའི་ཡིད་ཆེས་ཡོད་ཟེར།
མིག་སྔར། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་འགོ་ཚུགས་པར་ཉིན་བརྒྱ་ཡང་ཟིན་གྱི་མེད་པས། ང་ཚོས་མཉམ་དུ་གངས་འཁྱགས་ཁྲོད་ནས་སྤྲོ་སེམས་འཕེལ་བ་བྱས་ཏེ་ཐུན་མོང་ཐོག་གངས་འཁྱགས་གི་དུས་ཆད་མཉམ་དུ་བསུས་ཏེ། པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་རྒྱལ་ཁའི་ངང་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ།
འགྲན་བསྡུར་བྱ་ཡུལ།
འགྲན་བསྡུར་བྱ་ཡུལ།