གནའ་བོའི་ཨིན་དིའི་མིའི་ཕ་ས།

ཤེས་རབ་བཀྲ་ཤིས་ཀྱིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-05


ཁོ་ལོམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་སྟེ་བསྡུས་མིང་ལ་ཁོ་ལོམ་པི་ཡ་ཞེས་པ་ནི་མཚོ་འགྲུལ་པ་ཁོ་ལོམ་བྷོའི་མིང་རྒྱལ་ཁབ་ཀྱི་མིང་དུ་ཐོགས་པ་ཡིན་ཞིང་། ཁོ་ལོམ་པི་ཡ་ནི་མེ་གླིང་གི་ནུབ་བྱང་མཚམས་སུ་ཡོད་པ་དང་། ཤར་ཝེ་ནེ་ཟུ་ཝེ་ལ་དང་བྷ་རེ་ཟེ་དང་བཅར་ཞིང་། ལྷོ་ཨེ་ཁོ་དོར་དང་ཕེ་རུ་དང་འབྲེལ། ནུབ་བྱང་ཕ་ན་མ་དང་འདབས་འབྲེལ་དུ་གནས། ཁོ་ལོམ་པི་ཡའི་རྒྱལ་ས་བྷོ་གྷི་ཏ་ནི་ལ་ཏིང་མེ་གླིང་གི་འཕེལ་རྒྱས་ཆེས་མགྱོགས་པའི་གྲོང་ཁྱེར་ཡིན་ཞིང་། གནས་དེའི་དུས་བཞིའི་ཁྱད་པར་ཆུང་ཞིང་རང་བྱུང་གི་བཀོད་པ་ལྟ་ན་སྡུག་པར་མ་ཟད། གནའ་ཤུལ་གྲགས་ཅན་མང་པོའི་གྲ་མ་ཉམས་པར་ཡོད་པས་ལོ་རྒྱུས་རིག་གནས་ཀྱི་རྫོང་སྟུག་པའི་གནའ་གྲོང་དུ་བསྔགས། བྷོ་གྷི་ཏ་གྲོང་ཁྱེར་གྱི་དཀྱིལ་དབུས་སུ་ཡོད་པའི་ཧྲིན་ཏན་ངྷི་ཨེར་སྤྱི་གླིང་དུ་ཡོད་པའི་གསེར་གྱི་དངོས་མང་བཤམས་སྟོན་ཁང་ནི་འཛམ་གླིང་ན་སྙན་པའི་གྲགས་པ་འབར་བའི་བཤམས་སྟོན་ཁང་ཆེན་པོ་ཞིག་ཡིན་ཞིང་། དེའི་ནང་གི་གནའ་རྫས་མང་ཆེས་ཤོས་ནི་རྣ་རྒྱན་དང་སྣ་གདུབ། སྐེ་རྒྱན། ལག་གདུབ། རྐང་གདུབ། རྫས་ཆས། གདོང་འབག་སོགས་ཡིན་ཞིང་།གནའ་རྫས་དེ་དག་ནི་ཨིན་དིའི་མིས་སྤྱི་ལོ་སྔོན་གྱི་ལོ2000ནས་སྤྱི་ལོ་དུས་རབས16བར་གསེར་གྱིས་བཟོས་པའི་དངོས་རྫས་དག་ཡིན་པས་ལོ་རྒྱུས་གནའ་དཔྱད་ཀྱི་རིན་ཐང་ཤིན་ཏུ་ཆེ་ཞིང་། དེ་ནི་འཛམ་གླིང་གི་གཞི་ཁྱོན་ཆེས་ཆེ་བའི་གསེར་ཆས་ཀྱི་དངོས་མང་བཤམས་སྟོན་ཁང་ཡིན། ཁོ་ལོམ་པི་ཡའི་བརྐོས་བརྙན་འདུས་གནས་ནི་ཨན་ངྷིས་སི་རི་བོའི་ཉེ་འགྲམ་གྱི་མཱ་གྷི་ཏ་ལེ་ནཱ་གཙང་པོའི་ངོགས་གཉིས་སུ་ཡོད་པ་དང་། དེར་བརྐོས་བརྙན་ཆེན་པོ་ལྔ་བརྒྱ་ལྷག་ཡོད་པ་དང་། བརྐོས་བརྙན་དེ་དག་གི་བཟོ་བཀོད་ཁྱད་མཚར་ཞིང་གདོང་གི་རྣམ་འགྱུར་གཟབ་ནན་ཡིན་པའི་ཁྱད་ཆོས་ལྡན།དེའི་ཁྲོད་མིའི་བརྐོས་བརྙན་ཡོད་པར་མ་ཟད། ད་དུང་སྦལ་བ་དང་གླག་སོགས་ཀྱི་བརྐོས་བརྙན་ཡང་ཡོད་པ་རེད། ཆེད་མཁས་པ་མང་པོ་ཞིག་གིས་ཆོས་ལུགས་དད་མོས་ཀྱི་ངོས་ནས་བརྐོས་བརྙན་དེ་དག་གིས་གསང་བ་བཀྲོལ་བཞིན་ཡོད་པ་དང་། དུས་ཀྱི་བཞུར་རྒྱུན་ཁྲོད་བག་ལ་ཉལ་བའི་ལོ་རྒྱུས་ཀྱི་གསང་བ་རེ་རེ་སྔར་བཞིན་ལྐོག་གྱུར་གྱི་ཡུལ་དུ་གནས། ཁ་ཐཱ་ཧི་ན་ནི་ཁོ་ལོམ་པི་ཡའི་མིང་དུ་གྲགས་པའི་མཚོ་ངོགས་ཀྱི་གྲོང་ཁྱེར་ཞིག་ཡིན་ཞིང་། མཚོ་འགྲམ་གྱི་བྱེ་ཐང་དང་ཡུལ་ལྗོངས། ལོ་རྒྱུས་ཀྱི་རྣམ་ཤེས་སྦྲུམ་པའི་གནའ་ཤུལ་མང་པོས་ཡུལ་སྐོར་བ་མང་པོས་ཡིད་ཀྱི་དང་བ་ཅིག་ཆར་དུ་འཕྲོག་ཅིང་།གྲོང་ཁྱེར་གྱི་དཀྱིལ་དབུས་སུ་གཙོ་འཛིན་བྷ་ལི་ཝ་ཨེར་གྱི་སྐུ་བརྙན་ཀྲོང་ངེར་འགྱིང་ཡོད་པ་དང་། ཁོང་གིས་སྔོན་ཆད་ཁོ་ལོམ་པི་ཡ་མི་དམངས་ཀྱི་སྣེ་ཁྲིད་དེ་བཙན་འཛུལ་བར་ངོ་རྒོལ་བྱས་ནས་མེ་གླིང་ལྷོ་མའི་རང་བཙན་བཅིང་འགྲོལ་ལས་ཁུངས་ལ་རྒྱལ་ཁ་ཐོབ་པ་ཡིན། ཁོ་ལོམ་པི་ཡའི་དུས་ཆེན་ཏེ་མི་དཀར་ནག་གི་དུས་ཆེན་ནི་སྲོལ་རྒྱུན་གྱི་ཁྱད་ཆོས་ལྡན་དུས་ཆེན་ཞིག་ཡིན་ཞིང་། དུས་ཆེན་གྱི་ཉིན་དང་པོར་ན་གཞོན་དག་གིས་ཚོས་ཀྱི་སྣོད་ཁྱེར་ནས་ལམ་འགྲོ་བའི་གདོང་ལ་ཚོས་ནག་པོ་བསྐུས་ནས་གདོང་མདོག་ནག་པོར་བསྒྱུར་བ་དང་། དུས་ཆེན་གྱི་ཉིན་གཉིས་པར་ལམ་འགྲོ་བའི་གདོང་ལ་ཚོས་དཀར་པོ་བསྐུས་ནས་གདོང་མདོག་དཀར་པོར་བསྒྱུར་བའི་སྲོལ་ཡོད་པ་རེད། དེང་གི་ཁོ་ལོམ་པི་ཡའི་རྒྱལ་ཁོངས་ནི་གནའ་བོའི་ཨིན་དིའི་མི་འཚོ་སྡོད་ཀྱི་གནས་གལ་ཆེན་ཞིག་ཡིན་ཞིང་། ཨིན་དིའི་མི་ཞེས་པ་ནི་མེ་གླིང་གི་གཉུག་གནས་མི་རིགས་ཡོངས་ཀྱི་སྤྱི་མིང་དུ་འཇུག་པ་དང་།ད་ལྟའི་ངོས་འཛིན་ལྟར་ན། མེ་གླིང་ལྷོ་མ་དང་མེ་གླིང་བྱང་མའི་རྒྱལ་ཁབ་སོ་སོར་ཁྱབ་ཡོད་པ་ཡིན། ཨིན་དིའི་མི་ཆོས་ཐམས་ཅད་ལ་རྣམ་ཤེས་ཡོད་པར་སྨྲ་ཞིང་། རང་བྱུང་ཁམས་ཀྱི་རྩི་ཤིང་དང་སྐྱེ་དངོས་ཐམས་ཅད་ལ་དད་གུས་བྱེད། ཆོས་ལུགས་རིག་གནས་ཀྱི་རྫོང་ཤིན་ཏུ་སྟུག་པས་ཨིན་དིའི་མིའི་དུས་ཆེན་མང་པོར་ཡང་ཆོས་ལུགས་དད་མོས་ཀྱིས་ཤན་ཞུགས་ཡོད་པ་དང་།ལོ་རེར་བླ་དད་ཀྱི་ཆོས་ལུགས་བྱེད་སྒོ་མང་པོ་སྤེལ་བའི་སྲོལ་མཆིས། གུས་ལུགས་ཀྱི་ཐད་ནས་སྐྱེས་པ་ཕན་ཚུན་ངོ་འཕྲད་པ་དང་ཁ་བྲལ་སྐབས་ལག་འཇུ་བྱེད་པ་དང་། བུད་མེད་ཕན་ཚུན་བར་དཔུང་བར་དམ་པོར་བསྡམས་ནས་བརྩེ་བ་དང་གུས་ལུགས་མཚོན་པ་ཡིན། ཁོ་ཚོའི་ཆོས་ལུགས་འདུ་ཤེས་སུ་མིའི་ལུས་པོའི་གཡས་ཕྱོགས་ནི་ཉེས་པ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པར་ངོས་འཛིན་པས། ཁོ་ཚོས་ལུས་པོའི་གཡས་ཕྱོགས་ཀྱི་མགོ་ནས་རྐང་བའི་བར་སོ་སྒྱེས་དཀྲིས་ནས་གཞན་གྱིས་མི་མཐོང་བར་བྱེད་པ་དང་ལུས་པོའི་གཡོན་ཕྱོགས་ཕྱི་ལ་མངོན་དུ་འཇུག་པའི་སྲོལ་མཆིས་སོ། །ཨིན་དིའི་མིས་བསྐྲུན་པའི་མ་ཡ་ཤེས་རིག་ནི་འཛམ་གླིང་གི་ཆེས་མིང་དུ་གྲགས་པའི་གནའ་བོའི་རིག་གནས་གྲས་ཀྱི་གཅིག་ཡིན་པར་མ་ཟད། མེ་གླིང་གི་ཆེས་གལ་ཆེ་བའི་གནའ་བོའི་རིག་གནས་ཤིག་ཏུ་ངོས་འཛིན་བཞིན་མཆིས། མ་ཡ་ཤེས་རིག་བྱུང་འཕེལ་གྱི་གནས་འདི་དག་གི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་32.4ཡོད་པ་དང་། ཞིབ་འཇུག་པས་མ་ཡ་རིག་གནས་ཁྱབ་ཡམས་ཀྱི་མི་གྲངས་ཆེས་མང་དུས་མི་ཁྲི་1400ཡོད་པར་བཞེད། ཨིན་དིའི་མི་ནི་ལོ་ངོ་ལྔ་སྟོང་གི་སྔོན་ནས་བཟུང་དེང་གི་མེག་སི་ཁོ་དང་མེ་གླིང་བར་མའི་གུ་ཝེ་ཐི་མ་ལའི་ཞི་བདེ་རྒྱ་མཚོའི་འགྲམ་ངོགས་སོགས་སུ་འཚོ་སྡོད་ཀྱི་མེ་ཁ་གསོས་ཤིང་། མེ་གླིང་གི་གནའ་བོའི་རྡོ་ཆས་དུས་སྐབས་ནས་བཟུང་ཁོ་ཚོས་ཐོན་སྐྱེད་བྱེད་སྒོའི་འགོ་བརྩམས། འཛམ་གླིང་གི་མི་རིགས་གཞན་དག་གི་འཕེལ་རིམ་དང་འདྲ་བར་མ་ཡ་མིའང་མ་རྨོས་པའི་ལོ་ཏོག་ཟོས་ཤིང་རི་དྭགས་རྔོན་པ་ནས་ཞིང་རྨོ་འདེབས་བརྒྱུད་ནས་འཕེལ་རྒྱས་བྱུང་བ་ཡིན།ཨིན་དིའི་མིས་འབྲུ་རིགས་མང་པོ་ཐོན་སྐྱེད་བྱས་པ་སྟེ། དཔེར་ན་འབྲས་དང་ཀྲོ་མ་ཀྲི། སྲན་མ། ཞོག་ཁོག་མངར་མོ་དང་སུར་པན། དུ་རྩྭ་སོགས། དེ་དག་ལས་འབྲས་ཀྱི་གསོ་སྤེལ་གྱི་མཛད་རྗེས་ནི་གསུབ་དུ་མེད་པར་བཞེད། མ་གཞི་འབྲས་ནི་མེ་གླིང་གི་རི་སྐྱེས་སྐྱེ་དངོས་ཤིག་ཡིན་ལ། རྗེས་ནས་མ་ཡའི་མིས་རྨོ་འདེབས་བརྒྱུད་ཐོན་ཚད་མང་པའི་འབྲུ་རིགས་ཤིག་ཏུ་གྱུར་བ་རེད། འབྲས་ཀྱི་རིགས་མང་ཞིང་འཚོ་བཅུད་ཕུན་སུམ་ཚོགས་པ། ཐོན་སྐྱེད་ཀྱི་ཚད་མང་བས་མེ་གླིང་གི་དབྱིན་ཏི་ཨན་རིག་གནས་ཀྱི་དངོས་པོའི་རྨང་གཞིར་གྱུར་བ་རེད། རྗེས་ནས་ཡོ་རོབ་གླིང་གི་མི་མེ་གླིང་དུ་ཐོན་རྗེས་འབྲས་འཛམ་གླིང་ཡོངས་ལ་ཁྱབ་བརྡལ་དུ་བཏང་ནས་འཛམ་གླིང་ཡོངས་ཀྱི་བཟའ་ཆས་གཙོ་བོར་གྱུར།བསྡོམས་རྩིས་བྱས་པ་ལྟར་ན། སྤྱི་ལོ་རྗེས་ཀྱི་དུས་རབས་བརྒྱད་པའི་ནང་དུ་རིགས་མི་མཚུངས་པའི་མ་ཡའི་ཚོ་པ་སོ་སོས་སྔ་རྗེས་སུ་གྲོང་ཁྱེར་བརྒྱ་ལྷག་བསྐྲུན་པ་དང་། དེའི་ཁྲོད་དུ་མིང་དུ་གྲགས་པ་ནི་ཕཱ་ལོན་ཁི་དང་ཁི་ལོན་སོགས་ཡིན། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་མ་ཡ་མི་རིགས་ཀྱི་ལག་ཤེས་བཟོ་ལས་ཀྱི་ཆུ་ཚད་ཅུང་མཐོ་བ་དང་འབྲེལ་བ་དམ་ཟབ་ཡོད་པར་བཞེད། སྐབས་དེར་རྡོའི་ཡོ་ཆས་དང་མཚོན་ཆ། རས་སོགས་ཀྱི་ཚོང་ཟོང་བྱུང་ཡོད་པ་དང་། སྤྱིར་བཏང་གི་གྲོང་རྡལ་དང་གྲོང་ཁྱེར་དུ་ཚོང་ར་ཡོད་པར་མ་ཟད་ཚོང་དོད་ཀྱང་བྱུང་ཡོད།མ་ཡ་རིག་གནས་ལས་ལོ་གཅིག་ལ་ཉིན་365དང་ཟླ་བ་18ཡོད་པར་ངོས་འཛིན་བྱེད་པ་དང་།ཟླ་རེར་ཉིན་20དང་ལྷག་མའི་ཉིན་ལྔ་ནི་འདས་མཆོད་སྒྲུབ་པའི་ཉིན་མོར་གཏན་འཁེལ་བྱས་པ་རེད། ཁོ་ཚོས་ཟླ་བ་དང་གཟའ་པ་སངས་སོགས་ཀྱི་འཁོར་སྤྱོད་ཀྱི་ལོ་འཁོར་རྩིས་པར་མ་ཟད་ཉི་འཛིན་གྱི་དུས་ཚོད་ཀྱང་རྩིས་པ་རེད། གྲངས་རིག་གི་ཐད་ནས་གོར་ཐིག་གསར་དུ་རྙེད་ཅིང་འདི་ནི་གྲངས་རིག་ཐད་ཀྱི་གསར་རྙེད་ཆེན་པོ་ཞིག་ཏུ་བརྩི་ཞིང་། ཡོ་རོབ་ལས་ལོ་ངོ་800ཡིས་སྔ་བ་རེད། མ་ཡའི་མིའི་རྩིས་རིག་ནི་འཛམ་གླིང་གི་ཆེས་འཐུས་ཚང་བའི་རྩིས་རིག་ཡིན་པར་བཞེད་ལ། རྩིས་ཀྱི་མ་ལག་ལ་གཙོ་བོ་ལྷའི་ལོ་ཐོ་དང་ཉི་མའི་ལོ་ཐོ། རིང་འཁོར་ལོ་ཐོ་བཅས་གསུམ་གྱིས་གྲུབ།

ཏེན་མག་གི་གཞུང་ཚབ་ཆེན་མོས་ཀྲུང་གོའི་བྱ་བ་དེ་ཧ་ཅང་ཡག་པོ་འདུག་ཅེས་བཤད།

                                                                                                                                                                                                                                                                                                                                                                    ཤེས་རབ་བཀྲ་ཤིས་ཀྱིས་བསྒྱུར།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1