ཞིང་དཔོན་ཧོང་ཅང་གིས་རིམས་འགོག་ཐད་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་སྐད་བརྙན་འཕྲིན། སྤེལ་དུས། 11-09


        ཟླ11པའི་ཚེས4ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧོང་ཆང་གིས་ཞིང་ཆེན་ཏོག་གསར་གློ་ཚད་ལ་ཁ་གཏད་འཇལ་བའི་མཁོ་བསྟུན་བཀོད་འདོམས་པུའུ་ཡི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་བའི་བརྙན་ལམ་བཀོད་གཏོང་གྲོས་ཚོགས་བསྡུས། གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་དགོས་ལ། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་མིག་སྔའི་དོན་ཆེན་ཨང་དང་པོར་འཛིན་དགོས། ཚང་མས་གྲ་སྒྲིག་ཨང་གསལ་བྱས་ཏེ་ཁག་འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པར་བྱེད་དགོས། ཞིང་ཨུའི་ཀྱི་ཏོག་གསར་གློ་ཚད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་། བཀོད་འདོམས་པུའུ་ཡི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་བརྙན་ལམ་བཀོད་གཏོང་ཚོགས་འདུའི་བཀོད་སྒྲིག་དང་བཀོད་འདོམས་པུའུ་ཡི་སྤྱི་བསྒྲགས་ཀྱི་བླང་བྱ་དོན་འཁྱོལ་ཡོང་བ་བྱེད་དགོས། འགན་འཁྲི་དེ་ལས་ཀ་བྱེད་སའི་སྡེ་ཚན་ཆུང་ཤོས་སུ་དོན་འཁྱོལ་ཡོང་བ་བྱས་ནས་འཕྲལ་ཐག་ཆོད་པ་དང་གནད་ལ་འཁེལ་ཞིང་ཕན་ནུས་ཐོན་པའི་སྒོ་ནས་རིམས་ནད་གང་སར་ཁྱབ་པར་བཀག་འགོག་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཡིད་ཆེས་དང་རེ་སྒུག་སྟོང་ཟད་དུ་གཏན་ནས་གཏོང་མི་རུང་།
        ཧོང་ཆང་གིས་བསྟན་དོན། མིག་སྔར་རྒྱལ་ནང་དུ་རིམས་ནད་བྱུང་ཚུལ་མུ་མཐུད་མགྱོགས་མྱུར་འགོ་མཆེད་འགྲོ་བའི་རྣམ་པ་ཐོན་པ་དང་། རང་རེའི་ཞིང་ཆེན་ལ་ཡང་ཕྱི་ཕྱོགས་ནས་ཡོང་བའི་རིམས་ནད་ཀྱི་ཉེན་ཁ་གནས་པ་མ་ཟད། ཞིང་ཆེན་ནང་ཁུལ་དུའང་རང་སའི་ནད་པ་གསར་པ་ཐོན་ནས་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ཧ་ཅང་ཛ་དྲག་ཆེ་ལ་རྙོག་འཛིང་ཆེ་བ་ཞིག་ཏུ་གྱུར་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས་དོགས་ཟོན་ཆེན་པོ་བྱེད་པ་དང་འགག་སྒོ་སྲུང་བ། རང་འགུལ་ངང་རིམས་འགོག་གི་དམག་འཐབ་རྒྱག་པ་བཅས་བྱས་ཏེ་ཞིང་ཆེན་ཕྱི་ནང་གི་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱེད་པ་དང་། སྐྱོན་ཆ་བསལ་བ། སྟབས་བསྟུན་ལེགས་སྒྲིག་བྱེད་ཐབས་སྤྱོད་པ་བཅས་ཀྱི་ཐོག་ནས་རིམས་ནད་འགོ་མཆེད་ཀྱི་འབྲེལ་ཐག་གཅོད་གང་ཐུབ་བྱེད་དགོས།
        ཧོང་ཆང་གིས་ནན་གྱིས་གསུང་དོན། མགྱོགས་པོ་བྱེད་པ་མཐའ་འཁྱོངས་བྱེད་དགོས་པ་སྟེ“ལེགས་སྒྲིག་མགྱོགས་པོ་དང་བཀག་སྡོམ་ཚོད་འཛིན་མགྱོགས་པོ། ཞིབ་བཤེར་ཚད་ལེན་མགྱོགས་པོ”བཅས་ཡོང་བ་བྱེད་དགོས། གསར་དུ་འཕར་བའི་ནད་པའི་སྙན་ཞུའི་ནང་ཚོད་འཛིན་བྱེད་ཁོངས་དང་ཉེན་ཁ་ཡོད་པའི་མི་ཚོགས་ལ་མགྱོགས་མྱུར་དབྱེ་འབྱེད་ཚོད་འཛིན་བྱེད་པ། ཉེ་བཅར་མཁན་དང་བརྒྱུད་བཅར་མཁན་གྱི་མི་ཚོགས་དོ་དམ་ཚོད་འཛིན་བྱེད་ཁོངས་སུ་བཅུག་ནས་ནད་དུག་འགོ་མཆེད་ཀྱི་འབྲེལ་ཐག་མེད་པ་བཟོ་དགོས། ཛ་དྲག་གི་གནས་བབ་ལ་ཁ་གཏད་གཅོག་རྒྱུའི་གྲ་སྒྲིག་ཡག་པོ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་། གཅིག་སྡུད་ལོགས་འཇོག་བྱ་ཡུལ། གནས་གཏན་འཁེལ་གྱི་སྐྱོབ་བཅོས་སོགས་མཁྲེགས་ཆས་དང་མཉེན་ཆས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་གཞི་ཁྱོན་ཆེ་བའི་ཉིང་སྐྱུར་ཞིབ་དཔྱད་ཚད་ལེན་དང་བརྒྱུད་འདྲེན་ཟུར་འཇོག་བཀོད་གཏོང་གི་ནུས་པ་ཆེ་རུ་གཏོང་བ་དང་། གཞི་རིམ་གྱི་སྔོན་འགོག་ཚོད་འཛིན་སྒྲིག་སྲོལ་དང་ལམ་སྲོལ་སྔར་བས་ལེགས་ལམ་དུ་བཀོད་ནས་ལས་ཡུལ་དངོས་ཀྱི་མི་སྣའི་ཆེད་ལས་ནུས་པ་ཆེ་རུ་གཏོང་བ་དང་སློབ་གྲྭའི་རིམས་ནད་སྔོན་འགོག་གི་སྒོ་མོ་བརྟན་སྲུང་བྱེད་དགོས། མཉམ་ལས་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་ནས་ཞིང་ཆེན་ཡོངས་ཀྱི་རིམས་འགོག་བྱ་བ་ལེགས་པོར་སྒྲུབ་དགོས། ཁྲིན་ཏུའུ་གྲོང་ཁྱེར་གྱིས་ཉེན་ཁ་ཡོད་པའི་མི་སྣའི་གྲངས་གཞི་དང་ཆ་འཕྲིན་དུས་ཐོག་ཏུ་གནད་སྨིན་འོས་སྦྱོར་བྱེད་པ་དང་། གྲོང་ཁྱེར(ཁུལ)གཞན་དག་གིས་འཕྲལ་སྡོམ་དང་ལེན་བྱེད་ཐབས་ཕྱོགས་ཡོངས་ནས་རིམ་སྤོར་བྱས་ཏེ་མི་མངོན་པའི་ནད་འགོས་པ་དང་། ཉེ་བཅར་མཁན་དང་བརྒྱུད་བཅར་མཁན་དག་ནན་ཏན་གྱིས་བཙལ་འཚོལ་དང་དོ་དམ་ཡག་པོ་བྱས་ནས་དྲ་ཐོག་དང་དྲ་ཕྱིའི་གྲལ་བཤེར་ལ་མཉམ་དུ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ་བརྟག་དཔྱད་དང་དོ་དམ་ཚོད་འཛིན་གྱི་ཁྱབ་ཁོངས་ཆེ་ཙམ་དགོས་ལ་ཆད་ལུས་ཤོར་རྒྱུ་སྔོན་འགོག་ཀྱང་བྱེད་དགོས། ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་ནས་སྔོན་འགོག་ཚོད་འཛིན་གྱི་བྱེད་པོའི་འགན་འཁྲི་ལག་བསྟར་ནུས་ལྡན་མི་བྱེད་པ་དང་། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ནན་པོ་མེད་པའི་ཚན་པ་དང་མི་སྒེར་ལ་ཐག་གཅོད་ནན་པོ་བྱེད་པ། བསམ་གཟས་ནས་སྦ་གསང་བྱས་ཏེ་སྙན་སེང་མི་ཞུ་བ་དང་སྔོན་འགོག་ཚོད་འཛིན་ལས་དོན་ལ་གཞོགས་འདེགས་མི་བྱེད་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་ཆད་པ་ནན་པོ་གཅོད་པ་བཅས་བྱས་ནས་ཟིལ་གནོན་ཆེན་པོ་ཆགས་པ་བྱེད་དགོས།
        རིམས་ནད་སྔོན་འགོག་ཚོད་འཛིན་ཚོགས་ཆུང་གིས་མིག་སྔའི་རིམས་ནད་ཀྱི་གནས་ཚུལ་སྙན་སེང་ཞུས་པ་དང་། ཁྲིན་ཏུའུ་གྲོང་ཁྱེར་གྱི་རིམས་ནད་ཐག་གཅོད་ཀྱི་གནས་ཚུལ་དང་དེ་བཞིན་འབྲེལ་ཡོད་གྲོས་གཞི་དང་ཁྲིན་ཏུའུ་གྲོང་ཁྱེར་གྱིས་རིམས་ནད་གནས་ཚུལ་ཐག་གཅོད་ཀྱི་འཕེལ་རིམ་གནས་ཚུལ་སྙན་སེང་ཞུས། སྤྱི་བདེ་ཐིང་གིས་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁུངས་འདེད་གནས་ཚུལ་ལ་གཞོགས་འདེགས་བྱ་རྒྱུའི་སྙན་སེང་ཞུས་པ་དང་། སློབ་གསོ་ཐིང་གིས་སློབ་གྲྭའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་ཚུལ་སྙན་སེང་ཞུས། ཞིང་ཆེན་གྱི་གཞི་གྲངས་ཆེན་པོའི་ལྟེ་གནས་ཀྱིས“སི་ཁྲོན་ཐེན་ཧྥུའུ་བདེ་ཐང་ཤར་གཏོང”གི་ནུས་པ་ཆེ་རུ་བཏང་ནས་དྲ་ཐོག་གི་བཤེར་ཨང་བསྒྱུར་བ་དང་། དྲ་ཕྱི་ནས་དོ་དམ་ཚོད་འཛིན་དང་འབྲེལ་མཐུད་དམ་ཟབ་བྱེད་པའི་ཐོག་མའི་ཇུས་གཞི་སྙན་ཞུ་བྱས་པ་རེད། ཧོང་ཆང་གིས་ད་དུང་མེ་ཧྲན་གྲོང་ཁྱེར་དང་དབྱི་པིན་གྲོང་ཁྱེར། དཀར་མཛེས་ཁུལ། ལིའང་ཧྲན་ཁུལ། ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་བཅས་ལ་སྐབས་བསྟུན་ངང་བཀོད་གཏོང་བྱས་ཏེ་འཕྲལ་སྡོམ་གྲ་སྒྲིག་དང་བཀོད་སྒྲིག སློབ་ཕྱིའི་གསོ་སྦྱོང་། འཁྱག་སྦྲེལ་ཟོག་འགྲེམས་སོགས་ཀྱི་ཐད་གནས་པའི་སྐྱོན་ཆ་ཞིབ་བཤེར་བྱས་ཚུལ་ལ་རྒྱུས་ལོན་གནང་བ་རེད།
        ཞིང་དཔོན་གཞོན་པ་དབྱང་ཞིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། བཀོད་འདོམས་པུའུ་ཡི་ལས་དོན་ཚོགས་ཆུང་ཁག་དང་འབྲེལ་ཡོད་སྡེ་ཚན། ཁེ་ལས་དང་དེ་བཞིན་གྲོང་ཁྱེར(ཁུལ)ཁག་གི་འགན་འཁུར་བློ་མཐུན་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1