གཞིས་ཀ་རྩེ་གྲོང་ཁྱེར་གྱིས་སིལ་ཏོག་དང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་མཐོ་སྒང་གི“ཚོད་སླེ”འགན་སྲུང་བྱས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོ་བོད་ཀྱི་དྲ་བ། སྤེལ་དུས། 11-10




          ཚེས8ཉིན། བོད་རང་སྐྱོང་ལྗོངས་ཞིང་ལས་ཞིང་སྡེ་ཐིང་གི་རིམ་པ་གཉིས་པའི་སྐོར་ཞིབ་པ་མིག་དམར་ཚེ་རིང་གིས་ཇོ་མོ་གླང་མའི་ལྷད་མེད་སིལ་ཏོག་དང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ཀྱི་མཐོ་རིམ་གླེང་སྟེགས་ཐོག་ངོ་སྤྲོད་བྱས་པ་ལྟར་ན། ཉེ་བའི་ལོ་འགའི་རིང་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་སིལ་ཏོག་དང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། མཐོ་སྒང་གི་ཚོད་སླེ་ཇེ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ས་གནས་དེ་གའི་གྲོང་མིར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད།
          གཞིས་ཀ་རྩེ་ནི་བོད་ལྗོངས་ཀྱི་ལྷོ་ནུབ་རྒྱུད་དང་། ཡར་ཀླུང་གཙང་པོ་དང་དེའི་ཆུ་ལག་གཙོ་བོ་མྱང་ཆུ་བཅས་ཀྱི་བཞུར་རྒྱུད་དུ་གནས་ཤིང་། ས་གནས་དེ་གར་ས་རྒྱུ་གཤིན་པོ་དང་། ཆུ་ཁུངས་མང་བ། འོད་འཕྲོའི་དུས་ཚོད་རིང་བ་བཅས་ཀྱི་ཁྱད་ཆོས་ལྡན་པས། ལྷད་མེད་སིལ་ཏོག་དང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་འཛོམས་པོ་ཡོད།

          ཤེས་གསལ་ལྟར་ན། གཞིས་ཀ་རྩེ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་། ཧྲན་ཏུང་ཞིང་ཆེན་བོད་སྐྱོར་ལས་བྱེད་པའི་ལྟེ་གནས་དོ་དམ་ཚན་ཆུང་བཅས་ཀྱི་ཐུན་མོང་འབད་བརྩོན་འོག 2020ལོར་གཞིས་ཀ་རྩེ་གྲོང་ཁྱེར་ཡོངས་ཀྱི་སིལ་ཏོག་དང་སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི17.25ཟིན་ནས་ལོའི་ཐོན་འབབ་ཏུན་ཁྲི40.03ལ་སླེབས་པ་དང་། ཐོན་ལས་ལ་གཞི་ཁྱོན་རགས་ཙམ་ཆགས་ཤིང་། ལོའི་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར9.72ལ་སླེབས་ཤིང་། གཉེར་སྐྱོང་བྱེད་མཁན་རྒྱུན་མཐུད་ངང་ཇེ་མང་དུ་ཕྱིན་པ་རེད།

          མིག་དམར་ཚེ་རིང་གིས་རྟོག་ཞིབ་བྱས་པའི་གནས་ཚུལ་ལ་གཞིགས་ན། གཞིས་ཀ་རྩེ་གྲོང་ཁྱེར་གྱི་མཐོ་སྒང་གི་སྐྱེ་ལྡན་སིལ་ཏོག་དང་སྔོ་ཚལ་རྟེན་གཞིའི་རྒྱ་ཁྱོན་ཆེ་བ་དང་། འདེབས་འཛུགས་སྣ་ཁ་མང་བ། སྔོ་ཚལ་སྤུས་ལེགས་ཡིན་པ། སྣེ་འདྲེན་ཁེ་ལས་དང་ཞིང་པའི་མཉམ་ལས་ཁང་སོགས་གཞི་རྟེན་དུ་བྱས་ཏེ། པ་སྣམ་གྱི་སྔོ་ཚལ་སོགས་སིལ་ཏོག་དང་སྔོ་ཚལ་རིགས་ཀྱི་གྲགས་ཅན་སྤུས་རྟགས22གཏོད་ཡོད་པས། ས་གནས་དེ་གའི་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་པ་དང་མང་ཚོགས་ཀྱིས་སྔར་བས་ལེགས་པའི་འཚོ་བ་སྐྱེལ་ཐུབ་པ་བྱུང་ཡོད་ཅེས་ངོ་སྤྲོད་བྱས།

          གཞི་གྲངས་ལྟར་ན། 2020ལོར་གཞིས་ཀ་རྩེའི་སིལ་ཏོག་དང་སྔོ་ཚལ་གྱི་སྣེ་འདྲེན་ཁེ་ལས6གི་སྤྱིའི་རྒྱུ་ནོར་སྒོར་དུང་ཕྱུར10ལས་བརྒལ་ནས་ཐོན་འབབ་ཏུན་ཁྲི1.6ལ་སླེབས་པ་དང་། ཐོན་རྫས་རིན་ཐང་སྒོར་ཁྲི9000ཟིན་ཞིང་། མི1000ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་གྲོང་ཁྱེར་ཡོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར8.82བཏང་ནས་སྔོ་ཚལ་ཐོན་ལས་དབུལ་སྐྱོར་རྣམ་གྲངས13ལག་བསྟར་བྱས་པས། མང་ཚོགས4206ལ་ཕན་པ་ཐོབ་པ་དང་མི831ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ནས། འབྲེལ་ཡོད་ཡོང་འབབ་ཀྱིས་བསྡུར་ཚད25%སླེབས་པ་རེད།

          མིག་དམར་ཚེ་རིང་གིས་གཞིས་ཀ་རྩེ་གྲོང་ཁྱེར་གྱི་ལྷད་མེད་སིལ་ཏོག་དང་སྔོ་ཚལ་ཐོན་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ས་གནས་དེ་གའི་ཁྲོམ་རའི་རང་མཁོ་རང་སྤྲོད་བྱེད་ཚད་མཐོ་རུ་གཏོང་བ་དང་ཆབས་ཅིག ལྷ་ས་སོགས་ཉེ་འཁོར་ས་ཁུལ་དུ་ཁྱབ་འགྱེད་བྱས་ནས2025ལོར་སིལ་ཏོག་དང་སྔོ་ཚལ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི30ཡན་ཟིན་པ་བྱ་རྒྱུ་དང་། དེ2020ལོ་དང་བསྡུར་ན་མུའུ་ཁྲི12.81ཇེ་མང་དུ་འགྲོ་བར་འགན་ལེན་ཏན་ཏིག་བྱ་དགོས་ཞེས་གསུངས། །

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1