༄༅།།བོན་དར་ནུབ་ཀྱི་བྱུང་བ་བརྗོད་པ།

རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 11-12


1.  གནམ་གྱི་ཁྲི་བདུན་གྱི་རིང་ལ་བོན་ཆོས་དར་ཚུལ་ནི།    རྒྱལ་པོ་གཉའ་ཁྲི་བཙན་པོའི་རིང་ལ་བོན་ཤེས་པ་ཅན་བཅུ་གཉིས་ཞེས་པའི་སྡེ་ཚན་བྱུང་བ་དེ་རྣམས་ཀྱིས་རང་རང་གིས་ཆེད་ལས་ལ་བརྩོན་གྱིན་ཡོད་སྟབས།    སྐབས་དེར་ལྷ་གསོལ་བ་དང༌།  གཡང་ལེན་ས།    གླུད་གཏོང་བ།      གྲི་སྲི་འདུར་བ།     ཁྲུས་དང་བསྐངས་བཤགས་བྱེད་པ།       བྱས་བཟློག་པ་སོགས་བོན་གྱི་ཆོ་ག་མི་འདྲ་བ་མང་པོ་ཞིག་དར་ཡོད་པར་མ་ཟད།     འདུལ་བ་དང༌།    གསང་སྔགས།   རྫོགས་ཆེན་བཅས་ཀྱི་བོན་དང་རིག་གཞུང་བྱུང་ཡོད་ཚུལ་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ལས།   “དེའང་བོད་འདིར་འདུལ་བ་ནི་ཁྲི་བདུན་གྱི་རིང་ནས་བྱུང་སྟེ། 
《ཉི་སྒྲོན་》ལས།   གནམ་གྱི་ཁྲི་བདུན་ཞེས་བྱ་སྟེ།   རྒྱལ་པོ་རེ་ལ་སྐུ་སྲུང་བོན་གཤེན་མངའ་ཐང་ཆེའོ།       དེ་དུས་ག་བཅུ་ཡ་གོང་ཕམ་ཤི་ལྡེའུ་བཙུན་བཞི།     ལྷ་ཁང་མཆོད་རྟེན་དགོན་སྡེ་ཆེན་པོ་རྣམས་འཕེལ་ལོ།       ཞེས་སོ།   །  དེ་ཡང་ཡ་གོང་བརྒྱུད་པ་ཉེར་ལྔ།     ཕམ་ཤིའི་བརྒྱུད་པ་སུམ་ཅུ་འདས་པའི་བར་དུ་འདུལ་བསྟན་དར་ཞིང་རྒྱས་སོ།      དེ་ནས་ཡ་གོང་རྒྱལ་བའི་མཁན་བུ་སྡེ་བཙུན་རབ་གསལ།     དེའི་མཁན་བུ་མུ་ཟི་གསལ་བཟང་ངོ༌།      །  ཕམ་ཤིའི་མཁན་བུ་གཅོ་བཙུན་ཡེ་ཤེས་སོ།     །  ལུང་འགའ་ཞིག་ན་མུ་ཟིས་ལྡེ་གཅོ་གཉིས་པའི་དྲུང་དུ་ཚུལ་ཁྲིམས་མནོས་པར་ཡང་བཤད།      །  གཅོ་བཙུན་ཡེ་ཤེས་ནི་ཚེ་ལ་དབང་ཐོབ་པས་གདུང་རབས་དེ་ཙམ་གྱི་ཡུན་ལ་བསྟན་པའི་གཉེར་འཛིན་མཛད་དོ།      །  དེ་ནས་རྫུ་འཕྲུལ་ཡེ་ཤེས་ཀྱི་དྲུང་དུ་མ་འོངས་པ་ན་བསྟན་པ་དར་བའི་རྒྱུ་འབྲས་དང་ལུང་བསྟན་ཐོབ་ནས་དགའ་བྲོད་དང་བཅས་ནས་མྱ་ངན་ལས་འདས་སོ།    །  མུ་ཟི་ནི་མ་འོངས་པ་ན་བསྟན་པའི་ས་བོན་མཛད་པར་དགོངས་ནས་མདོ་སྨད་རྨ་རི་དེལ་གསུམ་གྱི་རི་རྩེའི་བྲག་དཀར་འདུས་ཀྱི་ཕུག་ཏུ་འགོག་པར་བཞུགས་སོ།      །  དེ་ཡན་ཆད་མངའ་རིས་སྟོད་ཀྱི་མཁན་རྒྱུད་དོ།      །  དེ་ནས་བཟུང་དབུས་གཙང་ཀུན་ཏུ་འདུལ་བའི་བསྟན་པ་ཤིན་ཏུ་རྒྱས་ཏེ།     《ཉི་སྒྲོན་》ལས།   དེའི་དུས་ན་བསམ་སྤྱོད་བོན་ལ་བྱེད།     ལས་སྤྱོད་ཚུལ་ཁྲིམས་ལ་གནས།     རྣམ་དག་འབུམ་གྱི་སྐོར།   བྲིས་ཀློག་འདོན་གསུམ་བྱེད།      བར་ཆད་སྭཙྪ་དང་མཆོད་གཏོར་གྱིས་སེལ།   དགེ་སྤྱོད་ཕ་རོལ་ཏུ་ཕྱིན་པ་བཅུ་ལ་སྤྱོད།        ཅེས་གསུངས་སོ།  ”ཞེས་གསལ་བ་དེ་དག་ནི་བོན་ལུགས་ཀྱི་འདུལ་བ་འཛིན་པའི་སྡེ་དང་བརྒྱུད་རིམ་ཙམ་ཡིན་ལ།       གཞུང་ལུགས་འདི་དག་ནི་བོན་གྱི་སྒོར་ཐོག་མར་ཞུགས་པའི་གང་ཟག་ལས་དང་པོ་བ་རྣམས་ཀྱི་སེམས་ཀྱི་འཁྱེར་སོ།       ལུས་ཀྱི་སྤྱོད་ལམ།     ངག་གི་བཟླས་བརྗོད་སོགས་ཀྱི་ཚད་གཞི་སྟོན་པའི་ཆོས་ཁྲིམས་ཞིག་ཡིན་པར་ངེས་ཀྱང༌།        འདིར་འདུལ་བ་ཞེས་པའི་མིང་ཙམ་མཚུངས་པ་ལ་བརྟེན་ནས་སྟོན་པ་སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་ཡིས་བཅད་པའི་འདུལ་ཁྲིམས་དང་གཅིག་ཏུ་སེམས་པ་ནི་འཐད་པར་མ་མཐོང་སྟེ།       སྟོན་པ་ཐ་དད་པའི་གྲུབ་མཐའ་མི་འདྲ་བ་གཉིས་ཀྱི་ལུགས་ཡིན་པའི་ཕྱིར།         
གསང་སྔགས་ཀྱི་སྐོར་ལ།       སྤུ་རྒྱལ་གདུང་རབས་གཉིས་པ་མུ་ཁྲི་བཙན་པོས་གཤེན་ནམ་མཁའ་སྣང་བའི་མདོག་ཅན་ལ་ཁྲོ་བོ་དབང་ཆེན་གྱི་རྒྱུད་གཞུང་ཆ་ཚང་ཞུས་ནས།     ལྷ་རི་གྱང་ཐོ་ལ་བསྒྲུབ་པ་རྟགས་ཐོན་གནང་ཡོད་པ་དང༌།      གཞན་ཡང་སྐབས་དེར་ཞང་ཞུང་གི་ཡུལ་ནས་མཁས་པ་ཆེན་པོ་བརྒྱ་རྩ་བརྒྱད་གདན་དྲངས་ནས་བོད་དུ་བོན་གྱི་འདུ་གནས་ཆེན་པོ་སུམ་ཅུ་རྩ་བདུན་བཙུགས་ཡོད་པ་དེ་དག་གང་དང་གང་ལ་ཡོད་པ་གོང་དུ་བཤད་པ་ལྟར་དང༌།        འདུ་གནས་དེ་དག་སྐྱོང་བའི་གཤེན་པོ་དྲུག་ཅུ་རྩ་བདུན་བྱུང་ཡོད་པ་ནི།        གྲུབ་པ་ཐོབ་པའི་གཤེན་དགུ།     མཁས་པ་མི་དགུ།    མཐུ་བོ་ཆེ་མི་དགུ།    བོན་ཆེན་བཞི་བཅུ་རྣམས་སོ།      དེ་ལས་དང་པོ་གྲུབ་པ་ཐོབ་པའི་གཤེན་དགུ་1 མུ་ཁྲི་བཙན་པོ།   2 ཧ་ར་ཅི་པ།    3 སྟག་ཝེར་ལེ་ཝེར།     4 ཨ་ནུ་འཕྲག་ཐག 5 སད་ནེ་གའུ།   6 ཟིངས་པ་མཐུ་ཆེན།    7 སྤེ་བོན་ཐོག་འཕྲུལ།    8 སྤེ་བོན་ཐོག་རྩེ།   9  ཐད་མི་ཐད་ཀེ་བཅས་སོ།  ། 
མཁས་པ་མི་དགུ་ནི།    1རྒྱུད་ལུང་མན་ངག་ལ་མཁས་པ་སེ་ཤ་རི།    2 སྔགས་ཀྱི་གབ་གསང་ལ་མཁས་པ་ལྡེའུ་གྱིམ་ཚ།     3ཚིགས་སུ་བཅད་པའི་མདོ་སྡེ་ལ་མཁས་པ་མེ་ཉག་མཁར་བུ།      4འབུམ་གྱི་འགྲེལ་རྐང་ལ་མཁས་པ་མཐའ་བཞི་བུམ་བུ་ཆོངས།    5རིགས་བསྒྲེ་ལ་མཁས་པ་སྤེ་བོན་གཏོ་རྒྱལ།         6 དཀྱིལ་འཁོར་ཕྱི་ནང་གསང་གསུམ་ལ་མཁས་པ་རྒྱ་བོན་འབྲི་ཐ་སྣ་པ།      7 སྒྲ་སྐད་བྱེ་བྲག་ལ་མཁས་པ་དམུ་གཤེན་ཏིང་ཝེར།     8 སྤྲོ་བསྡུའི་དོན་ལ་མཁས་པ་འགྲོ་མགོན་ལྷ་དཔལ་ཀླུ་རིང༌།      9 ལྟ་སྒོམ་སྤྱོད་པ་ལ་མཁས་པ་ཁྱུང་པོ་གྱེར་ཟླ་མེད་རྣམས་སོ། 
མཐུ་བོ་ཆེ་མི་དགུ་ནི།   1 གངས་རི་སོར་མོས་འདེགས་པའི་ལི་བོན་མུ་ཆོ།    2རྩི་ཤིང་རང་སྡུད་བྱེད་པའི་གཅོ་གྱིམ་བུ་ལན་ཆོ།     3  གནམ་ས་གོ་བཟློག་ནུས་པའི་རྒྱ་བོན་མུ་ཆོ།       4  རྒྱ་མཚོ་བལ་འདབས་ལ་སྤུར་བའི་སུམ་པ་མུ་ཕྱ།       5 ཧས་པོ་རི་མེའི་ཞགས་པས་བཅིངས་པའི་ཁུ་བོན་མཐོང་གྲགས།       6  བདུད་སྲིན་དངོས་སུ་བཀུག་པའི་ཞང་ཞུང་མུ་ཆོ།   7  ཡར་ཆབ་གྱེན་དུ་བཟློག་པའི་ལྗང་ཚ་འཕེན་སྣང༌།         8 རི་རབ་མཛུབ་རྩེས་གསོར་བའི་འཇང་བོན་འཕེན་སྣང༌།      9  སྐྱི་གཙང་གོམས་པས་འཇལ་བའི་རྨ་བོན་ཐུགས་དཀར་བཅས་སོ། 
བོན་ཆེན་བཞི་བཅུ་རྩ་གཉིས་ནི།     རྒྱལ་གྱི་སྐུ་འཚོ་བའི་གཤེན་བཅུ།    བློན་གྱི་གྲོས་འཚོ་བའི་གཤེན་བཅུ།       རྒྱ་བོད་ཀྱི་མཐའ་སྲུང་བའི་གཤེན་བཅུ།    སུམ་པ་སྟོང་སྡེའི་སྨད་ན་སྲུང་བའི་གཤེན་བཅུ།      བཀྲ་ཤིས་གཡང་ལེན་ངོ་སྤྲོད་གཉིས་ཏེ་བཞི་བཅུ་ཞེ་གཉིས་སོ། 
རྫོགས་ཆེན་གྱི་སྐོར་ལ།  《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ལས།   སྤྱིར་རྫོགས་ཆེན་བོན་སྒོ་ལ་བསམ་གྱིས་མི་ཁྱབ་ཀྱང༌།     བསྡུས་ན་བཀའ་རྒྱུད་སྐོར་བཞི་དང༌།     བསྒྲགས་པ་སྐོར་གསུམ་དང༌།   སེམས་སྨད་སྡེ་དགུ་སོགས་ལ་འདུས།     ཞེས་གསུངས་པ་ལྟར་ཡིན་ལ།   གཞུང་དེ་དག་གི་བརྗོད་བྱའི་དོན་དང༌།     བརྒྱུད་པའི་རིམ་པ།     ཉམས་ལེན་གྱི་འབྲས་བུ་འཇའ་ལུས་འགྲུབ་ཚུལ་སོགས་དང༌།      གཞན་ཡང་བོན་གྱི་གསང་སྔགས་ལ་སྒྲུབ་པ་ཉམས་ལེན་བྱས་པས་ལྷ་སྲིན་བྲན་ཏུ་བཀོལ།      སྡེ་བརྒྱད་དབང་དུ་བསྡུས།     མཁའ་ལ་བྱ་བཞིན་འཕུར།    ཆུ་ལ་ཉ་བཞིན་རྐྱལ་ནུས་པའི་གྲུབ་རྟགས་ཐོན་ཚུལ་བཅས་ནི་ཐུན་མིན་བོན་གྱི་གྲུབ་མཐའི་དེབ་ཐེར་ཁག་ན་གསལ་བས་འདིར་མ་བཀོད། 
 
2.   གྲི་གུམ་བཙན་པོའི་རིང་ལ་བོན་ཆོས་ལ་འགྱུར་ལྡོག་བྱུང་ཚུལ།      རྒྱལ་པོ་གྲི་གུམ་བཙན་པོས་བོན་ཆོས་བསྣུབས་པའི་དགོས་པ་ནི།     བོན་གྱི་སྐུ་གཤེན་རྣམས་དབང་ཤུགས་ཆེ་དྲགས་ནས་རྒྱལ་སྲིད་ལ་ཇུས་གཏོགས་བྱས་པའི་རྐྱེན་གྱིས་ཡིན་ཚུལ་ཆོས་བོན་གཉིས་ཀའི་ལོ་རྒྱུས་ཀྱི་ཡིག་ཆ་དག་ལ་གསལ་ལ།      དེ་དག་གི་དོན་ཧྲིལ་གྱིས་དྲིལ་ནས་བཤད་ན།    གནམ་གྱི་ཁྲི་བདུན་གྱི་རིང་ལ་བོན་གྱི་སྐུ་གཤེན་རྣམས་ལ་བསྟོད་བཀུར་ཆེ་དྲགས་པས་རྒྱལ་གཤེན་དོ་མཉམ་པ་ཙམ་བྱུང་བས་རྒྱལ་པོའི་སྲིད་དབང་ལ་སེར་ཞུགས་པའི་རྐྱེན་བྱས་པ་དང༌།    ལྷག་པར་དུ་གཙང་ཕྱོགས་ཀྱི་རྒྱལ་ཕྲན་ལོ་ངམ་གྱིས་སྤུ་རྒྱལ་བཙན་པོའི་མངའ་ཁོངས་ལས་ཕྱི་རོལ་ཏུ་གྱུར་པའི་སྲིད་དབང་འཛུགས་རྒྱུའི་རེ་བ་བཅངས་པ་ལ།     གཙང་ཕྱོགས་ཀྱི་བོན་གཤེན་རྣམས་ཀྱིས་ལོ་རྒྱུས་ཀྱི་རྒྱབ་རྟེན་སོགས་ལུང་རིགས་ཀྱི་རྒྱུ་མཚན་ལ་བརྟེན་ནས་ལོ་ངམ་གྱི་གྲོགས་བྱས་པ་ལ་རྒྱལ་པོ་ཐུགས་མ་རངས་ནས།      བོན་སྡེ་སྤྱི་དང་ཁྱད་པར་གཙང་ཕྱོགས་ཀྱི་བོན་སྡེ་དྲག་ཤུགས་ཀྱི་་སྒོ་ནས་བསྣུབས།      དེའི་ཚུལ་ཡང་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ལས།  “དེ་ལྟར་དུས་དང༌།    ལས་དང༌།    རྐྱེན་གསུམ་ཀ་དུས་གཅིག་ཏུ་འཛོམས་པས་རྒྱལ་པོའི་ཐུགས་ལ་དོགས་པ་མེད་པར་གཡུང་དྲུང་གི་བོན་བསྣུབ་པར་དྲན་པ་ལ།     བྲུ་ཤ་གནམ་སྲས་ན་རེ།      རྒྱལ་པོ་ལགས།   གྲོས་འདི་བཤོལ་བར་ཞུ།      ཅིས་ཀྱང་མཛད་ན་བོན་བཤོས་ཀྱི་ལྷ་བོན་སྒོ་བཞི་དང༌།     དེ་བཏོན་པའི་སྐུ་གཤེན་གཅིག་བཞག་འཚལ།    དེ་ལྟར་མ་མཛད་ན་ལྷ་རྒོད་ལྕམ་དྲལ་རུ་འཐུར་བས་རྒྱལ་པོ་རང་སྐུ་མི་རྟག་ཉེན་མཆིའོ།     ཞེས་མཆིད་གླེང་པས།      དེར་རྒྱལ་པོས་གཤེན་པོ་རྣམས་བསགས་ཏེ་གསུངས་པ།      སྐུ་གཤེན་རྣམས་གསོན་དང༌།      ང་ཡི་རྒྱལ་སྲིད་དང༌།    ཁྱོད་ཀྱི་བོན་སྲིད་གཉིས་ཙམ་མངའ་རིས་འདི་རུ་མི་ཤོང་བ་འདྲ་བས།     ལྷ་བོན་སྒོ་བཞི་དང༌།         གེ་ཁེད་ཐིས་འཕེན་དང༌།     གཅོ་གྱིམ་བུ་ལན་ཚ་རྣམས་བདག་གི་སྐུ་སྲུང་དུ་བཞག་འཚལ།      ཕྱི་མ་རྣམས་བོད་རུ་བཞི་ལས་འདས་པར་གཤེགས་ཤིག  ཅེས་གསུངས་པས།    བློན་ཆེན་ར་སངས་འོད་རམ་གྱིས་ཞུས་པ།     ཀྱེ་རྗེ་རྒྱལ་བཙད་པོ་ལགས།     སྡིག་པ་སྒོས་ཁུར་ཡིན་པས་ངན་སོང་གནས་སུ་ལྷུང༌།     དགེ་བ་སྤྱི་མཐུན་ཡིན་པས་མཐོ་རིས་སྐས་ལ་འཛེགས།       ལྟ་བ་ལ་ཆེན་ཟློས་ན་ཉིད་དུ་མངོན་སངས་རྒྱ།     གཡུང་དྲུང་བོན་ལ་སྤྱོད་ན་འདི་དང་ཕྱི་མར་བདེ།     རྗེ་རྒྱལ་བཙན་པོས་བཀའ་དེ་མི་གསུང་བར་ཞུ།     ཞེས་ཞུས་ཀྱང༌།     རྒྱལ་པོས་ང་ཡི་རྒྱལ་སྲིད་དང་བོན་གྱི་བོན་སྲིད་གཉིས་མི་ཤོང་གསུངས་ཏེ་མ་བཞེད་དོ།       དེར་རྒྱུང་ཡ་བླ་ཆེན་ཁོད་སྤུངས་ཀྱིས་གསུངས་པ།     ཀྱེ་གཤེན་པོ་ཀུན།    རྒྱལ་པོའི་སྨྲ་བ་ཐེངས་གཅིག་ཡིན།       གཅམ་བུས་སྨྲ་བ་ཡང་ཡང་ཡིན།    །  ཡས་བོས་བརྡུང་བ་ཁུས་ཀྱིས་བརྡུང༌།     །  བོན་གཤེན་རྣམས་ཀྱང་མཐའ་རུ་གཤེགས།   །  གྱིམ་བུ་ལན་ཚ་ཡང་མ་བཞུགས་གཤེགས་པར་ཞུ།     །  ཞེས་གསུངས་པས།    གྱིམ་བུ་ལན་ཚ་ན་རེ།   དགུང་གནམ་ལ་སྤྲིན་ཐག་མ་ཆད་ན།     སོས་ཀར་ཆར་བ་སྤྲིན་ལས་འབབ།   དགུན་ཆུ་ས་ནས་མ་བསྐམས་ན།       དྲོད་གཤེར་དཔྱིད་ན་ལྡང༌།   དགེ་བ་ཚེ་འདིར་སྤྱོད་ན།   དགེ་རྟགས་ཕྱི་མར་འབྱུང༌།      ལྷ་བོན་སྒོ་བཞི་དར་ན་གསས་མཁར་སྲོག་ཟིན་པས།     བདག་ཀྱང་བསྡད་པ་ལེགས།      ལྷ་བོན་ཡང་མ་ནུབ་ན་དགའ་ཞེས་ཟེར་ནས་འགྲོ་མ་འདོད་པ་ལ་བོན་སྒོ་ཕྱེད་དང་གཉིས་བྱིན་པ་ནི་རྒྱུ་བོན་ཟང་མའོ།       །  བོན་སྒོ་ཕྱེད་དང་གཉིས་བྱང་ཕྱོགས་གསང་བའི་བྲག་རྒྱའོ་ལ་སྦས་སོ།      གེ་ཁོད་ཐིས་འཕེན་ན་རེ།     གཤེན་པོ་ཀུན་མི་གཞག་ན་བདག་ཀྱང་མི་འདུག་ཟེར་ནས་བཞུགས་སུ་མ་འདོད་དོ།      དེའི་ཚེ་གཤེན་པོ་རྣམས་ཀྱིས་བོན་གོ་ཆེན་པོ་དྲུག་ཀུ་ཏྲང་མ་ཧེ་ལ་སོགས་པ་བཀལ་ནས་གཤེགས་ཏེ་ཞང་ཞུང་ཁ་ཡུག་གི་རི་མཚམས་བྱི་བ་མཁར་དུ་ཚོགས་ནས་བཀའ་བསྒྲོས་པའི་དུས་སུ།      སྐྱེ་ཆེན་མུ་ཐུར་གྱིས་གསུངས་པར།      སྐྱུར་འཐུང་མཚོན་ཐོགས་གདོན་གྱིས་བརླམས།     །  ཟ་མ་མོ་དང་རྒྱལ་འཁོར་ན།   །  བག་དང་ལྡན་པར་མ་བྱས་ན།     །  གཤེན་པོ་རྣམས་ཀྱང་སྐུ་བཀྲོང་སྲིད།     ། 
བསྟན་པ་ཡང་མེ་ཆུ་ལ་འཆོར་བར་ཡང་སྲིད།   །  དེ་བས་ན་བོན་སྡེ་ཆ་གཅིག་ཁྱེའུ་དྲན་པ་དང༌།     ཁོད་ན་ན་ཡོ་ཕྱས་སྣོམས་ལ་ཡར་ཀླུང་སོག་ཁར་གཤེགས།     བོན་སྡེ་ཆ་གཅིག་མཁས་པ་མི་བཞིས་སྣོམས་ལ་ལྷོ་དམ་སྒྲོ་ནག་པོ་ལ་བསྟན་པ་འཛུགས་སུ་གཤེགས།     བོན་སྡེ་ཆ་གཅིག་དམུ་ཚ་གྱེར་མེད་དང༌།     བློན་ར་སངས་ཁོད་རམ་གྱིས་སྣོམས་ལ་བྱང་འབྲོག་གནམ་དུ་གཤེགས་ཤིག།     ནམ་མཁའ་སྟོང་པ་ལ་རླུང་གིས་འཁོར་ལོས་བསྒྱུར་པས་ཉི་ཟླ་གཟའ་སྐར་འཆར་ཞིང་ནུབ་པ་བཞིན་ད་དུང་ཡང་མཐའི་རྒྱལ་པོ་དབུས་སུ་སྐྱེས་པ་གཅིག་གི་རིང་ལའང་ནུབ་པར་འགྱུར་ཀྱང༌།      ཉི་ཟླ་ནུབ་ཀྱང་འཆར་བ་བཞིན་དུ་བོན་ཡང་སླད་ནས་ཁད་ཀྱིས་དར་བར་འགྱུར་རོ།      ཞེས་གསུངས།   གཤེན་པོ་ཕྱི་མ་རྣམས་ནི།     ལ་ལ་གཡའ་རི་དང་གངས་བྲག་ལ་གཤེགས།  ལ་ལ་ནགས་ཁྲོད་དང་མཚོ་དོ་ལ་གཤེགས།      ལ་ལ་བྱང་གི་མྱ་ངམ་ལ་དམུ་ཡད་རང་བབས་སུ་བསྒྲུབས་ནས་བཞུགས་སོ།      དབང་ཆེན་ལས།   གཤེན་པོ་རྣམས་ལྷོ་བལ་མོན་གྱི་ཡུལ་དུ་བསྟན་པ་གཟུགས་པར་དགོངས་ནས་གཙང་སྟོད་བྱི་བ་མཁར་ནས་ཆས་ཏེ་གཤེགས་སོ།       བསྟན་པ་མི་ཚུགས་པའི་རྟགས་བྱུང་སྟེ་ནམ་མཁའ་ལས་སྒྲ་མི་སྙན་པ་དང༌།       ཁ་བ་བུ་ཡུག་རླུང་དམར་ལ་སོགས་བྱུང་ནས་རྣིལ་མཚོ་རྡེའུ་མགུལ་ནས་སླར་ལོག་སྟེ།      བོན་ཐམས་ཅད་གཏེར་དུ་སྦས་ཏེ་ས་རྟགས་མཚན་དང་ལྡན་པ་འབྲི་མཚམས་མཐའ་དཀར་ལ་སྦས།       དྲན་པ་དང་།     ཡོ་ཕྱས་ཡར་ཀླུང་རམ་པོ་དཔལ་རི་ལ་སྦས།    དམུ་ཙ་དང་།     ར་སངས་ཁོད་རམ་གཉིས་ཀྱིས་བྱང་འབྲོག་ཏུ་བྱོན་ཏེ་ཟང་ཟང་ལྷ་བྲག་དང་ར་ཁྱུང་རྫོང༌།      རྒྱུ་སྲུབ་གསང་བའི་བྲག་ལ་སྦས།    དེ་ལྟར་བོན་རྣམས་རིན་པོ་ཆེའི་གཏེར་དུ་སྦས་ནས་གཤེན་པོ་རྣམས་སུམ་པ་གླིང་གི་གྱིམ་ཤོད་ནས་མར་ཆས་ཏེ་སོག་པོ་སྤྲེའུ་སློག་གོན་པ་དང༌།       འཇང་མི་མིག་དགུ་དང༌།     ཧོར་དང་རྩྭ་མི་ཤིང་མི་ལ་སོགས་ལ་འགྲོ་བའི་བར་མ་ཆད་པར་གྱུར་ཅིག       གཡུང་དྲུང་བོན་གྱི་བསྟན་པ་གཉན་པར་གྱུར་ཅིག       བསྟན་པ་གཏེར་དུ་སྦས་པ་རྣམས་ཀྱང་མེ་ཏོག་སྤང་ལ་བརྡོལ་བ་ལྟར་དུས་ལ་བབ་ཙ་ན་ལས་དང་སྐལ་བ་ལྡན་པའི་གཞོན་ནུ་དལ་འབྱོར་ཅན་ཁ་ཅིག་གིས་རྙེད་པར་གྱུར་ཅིག     རྙེད་ནས་ཀྱང་བསྟན་པ་ཚུགས་ཤིང་བཀྲ་ཤིས་པར་གྱུར་ཅིག      ཅེས་གསུངས་ཏེ་སྨོན་ལམ་དང་བཅས་གཏེར་དུ་སྦས་སོ།       ”
ཞེས་གསལ་བའི་དོན་འདི་དག་ལ་ཞིབ་ཏུ་དཔྱད་ན།     སྐབས་དེར་བོན་པོའི་ཆོས་རྣམས་ཉམས་རྒུད་ཐེབས་ཏེ་བོན་གྱི་རྟེན་གསུམ་རྣམས་བདག་གཉེར་བྱ་བར་དཀའ་ངལ་བྱུང་བ་དང༌།      ས་རྡོ་རི་བྲག་སོགས་ཀྱི་ཁྲོད་དུ་སྦས་སྐུང་བྱས་ཏེ་ས་རྟགས་དང་ཡི་གེ་བཞག་ནས་གསང་བ་རིམ་བརྒྱུད་བྱས།        རྗེས་སུ་དུས་བབ་དང་བསྟུན་ནས་སྦས་པའི་དངོས་པོ་རྣམས་ཕྱུངས་ཏེ་བེད་སྤྱོད་བྱེད་པའི་སྲོལ་དེ་ལ།      གཏེར་སྦས་པ་དང༌།      གཏེར་བཏོན་པ་བཅས་ཀྱི་ཐ་སྙད་ཆགས་ཤིང༌།      གསུང་རབ་གཏེར་དུ་སྦས་པ་དང༌།     གཏེར་ནས་བཏོན་པ་བཅས་ཀྱི་སྲོལ་དེ་ཐོག་མར་དུས་རབས་དེ་དག་གི་སྐབས་སུ་བྱུང་ཡོད་པ་ཤེས་པར་བྱའོ།   དུས་རབས་གང་འདྲ་ཞིག་ཡིན་ཡང༌།      ལམ་ལུགས་མི་འདྲ་བ་དང་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་ཁག་རྣམས་ནི་དབང་སྒྱུར་གྲལ་རིམ་གྱིས་གཞན་ལ་དབང་སྒྱུར་བྱེད་པའི་ལག་ཆ་ཞིག་ཏུ་གྱུར་ཡོད་ཅིང༌།        ལྷག་པར་དུ་ཆོས་ལུགས་ཞེས་པ་དེ་ནི་ཡ་ཐོག་གདོད་མའི་དུས་ནས་རིམ་བཞིན་བརྒྱུད་དེ་བྱུང་བའི་མི་རྣམས་ཀྱི་འཚོ་བའི་ནང་དུ་དཀའ་ངལ་མི་འདྲ་བ་སྣ་ཚོགས་དང་འཕྲད་པ་ན།         དེ་དག་གི་འཇིགས་པ་ལས་སྐྱོབས་པའི་མགོན་དང་དཔུང་གཉེན་བཅོལ་བའི་ཡུལ་ནི་མིའི་ནུས་ཤུགས་ལས་བརྒལ་བའི་ལྷ་ཞིག་ཡོད་པར་ངོས་འཛིན་པའི་བསམ་བློའི་རྨང་གཞིའི་སྟེང་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན་སྟབས།      མི་རྣམས་ཀྱི་བསམ་བློའི་ནང་དུ་རང་ཡུལ་དུ་དར་བའི་ཆོས་ལུགས་དེ་ལ་དད་ཞེན་དང་བརྩེ་དུང་གཏིང་ཟབ་མོ་ཞིག་ཆགས་ཡོད།      དེས་ན་ཆོས་ལུགས་གཅིག་གི་དབང་ཤུགས་དེ་ཉམས་པར་བྱ་དགོས་ན་ཆོས་ལུགས་གཞན་ཞིག་གི་ཤུགས་རྐྱེན་ལ་བརྟེན་ནས་ཉམས་པར་བྱ་དགོས་པ་ལས། 
དྲག་པོའི་དཔུང་དང་བཙན་པོའི་བཀའ་ལ་བརྟེན་ནས་ཆོས་ལུགས་ཀྱི་ཤུགས་རྐྱེན་ཉམས་པར་བྱེད་མི་ནུས་ཏེ།       དེ་ནི་གཙོ་བོ་བསམ་པའི་འཁྱེར་སོ་ཞིག་ཡིན་པའི་ཕྱིར།      དེས་ན་སྐབས་དེར་རྒྱལ་པོ་གྲི་གུམ་བཙན་པོས་བོན་གྱི་སྐུ་གཤེན་རྣམས་ཡུལ་ཕུད་ཅིང་སྤྱི་ཚོགས་ཐོག་བོན་གྱི་དབང་ཤུགས་དེ་ཉམས་སྨད་དང་མགོ་མནན་པའི་ཆེད་དུ་སྟག་གཟིག་གི་ཆོས་ལུགས་བོད་དུ་བསྒྱུར་ཅིང་འཆད་ཉན་དང་དར་སྤེལ་བྱས་ཡོད་པ་《ཆོས་འབྱུང་མཁས་པའི་དགའ་སྟོན་》ལས། 
དེ་ཚེ་རྒྱ་གར་ཡུལ་དང་སྟག་གཟིག་མཚམས།    ། 
གུ་ར་ཝ་ཏ་ཞེས་བྱའི་ཡུལ་ཁམས་ནས།    ། 
མུ་སྟེགས་བོན་པོ་འ་ཞ་ཞེས་པ་བྱུང༌།   ། 
གནམ་ལ་འཕུར་ཞིང་ཁ་ནས་མངོན་ཤེས་སྨྲ།    ། 
ཤིང་ལ་འབྲེང་འདྲ་རྡོ་ལ་ལྷུ་གཟུགས་འདྲལ།    ། 
རྟག་ཏུ་ཤ་ཆང་གིས་ནི་འདྲེ་མཆོད་བྱེད།    ། 
དེ་ལ་རྒྱལ་པོས་བླ་མཆོད་བཀུར་བསྟི་མཛད།   ། 
གཡུ་ཡི་གཡུང་དྲུང་དཔའ་བའི་སྟག་སློག་དང༌།    ། 
འགིང་གི་རལ་ཁས་བསྟོད་ཅིང་མངའ་ཐང་སྤར།    ། 
ཁུ་དང་ནུ་བས་ཆེ་ཞེས་ཨ་ཡང་བོས།   ། 
མུ་སྟེགས་ལྟ་ལོག་བོན་གྱི་བྱིན་རླབས་ཆུང༌།    ། 
རྒྱལ་པོའི་ཐུགས་སུ་བདུད་རིས་གདོན་གསོལ་གྱུར།    ། 
ཅེས་དང༌།   ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་ལས་ཀྱང་རྫོགས་ཆེན་གྱི་བོན་སྒོ་བྱུང་ཚུལ་བཤད་པའི་སྐབས་སུ་བསྒྲགས་པ་གསུམ་གྱི་སྐོར་རྣམས་སྟག་གཟིག་གི་ཡུལ་ནས་བོད་དུ་བསྒྱུར་ཚུལ་བཤད་ཡོད་པ་འདི་དག་ལ་བརྟགས་ན།       གྲི་གུམ་བཙན་པོའི་སྐབས་སུ་སྟག་གཟིག་ཡུལ་ནས་གསང་སྔགས་ཀྱི་ཆོས་ཞེས་པ་སྣ་ཚོགས་ཤིག་བོད་དུ་བསྒྱུར་ནས་གཡུང་དྲུང་བོན་དང་ལྷན་གཅིག་ཏུ་འདྲེས་ཏེ་བོད་ཡུལ་འདིར་དར་ཡོད་པ་ཤེས་ཐུབ།        དེས་ན་ཕྱིས་ཀྱི་བོན་པོ་ཚོས་བོན་ཁུངས་སྟག་གཟིག་ལ་བཅོལ་བའི་རྒྱུ་མཚན་འདི་ལ་ཐུབ་ཡོད་པ་འདྲ་ཡང༌།       དེ་ཙམ་གྱིས་བོན་ཁུངས་མཐའ་དག་སྟག་གཟིག་ལ་གཏུགས་པ་ནི་ལོ་རྒྱུས་ཀྱི་དོན་དངོས་དང་འགལ་ཏེ།  དེའི་གོང་ན་གཡུང་དྲུང་གི་བོན་ཆོས་དང༌།       དེའི་གོང་དུ་གདོད་མའི་བོན་རྣམས་དར་ཡོད་པའི་ཕྱིར།   
 
3.    སྤུ་ལྡེའུ་གུང་རྒྱལ་གྱི་དུས་སུ་བོན་དར་ཚུལ།      གྲི་གུམ་བཙན་པོའི་སྐབས་སུ་བོན་ལ་སྡང་བར་བྱས་ཏེ་སྟག་གཟིག་གི་ཆོས་ལུགས་བོད་དུ་དྲངས་ནས་དར་སྤེལ་བྱས་པ་དང༌།    སྤུ་ལྡེའུ་གུང་རྒྱལ་གྱི་སྐབས་སུ་སླར་ཡང་བོན་བསྐྱར་གསོ་བྱས་པ་སོགས་དུས་འགྱུར་གྱི་ནང་དུ་བོན་ལ་འཕེལ་འགྲིབ་ཅི་རིགས་ཤིག་བྱུང་ཡོད་ཀྱང༌།      སངས་རྒྱས་ཆོས་ལུགས་བོད་དུ་དར་བའི་སྐབས་སུ་བྱུང་བའི་ཆོས་ལུགས་གཉིས་ཀྱི་བར་ལ་འགལ་བ་རྣོ་སོ་ཅན་དེ་འདྲ་བྱུང་མེད་སྟབས།      སྤུ་ལྡེའུ་གུང་རྒྱལ་གྱི་རིང་ལ་སླར་ཡང་གཡུང་དྲུང་བོན་བསྟན་དར་བར་བྱེད་པའི་ཆེད་དུ་ཞང་ཞུང་ཡུལ་ནས་བོན་གཤེན་བརྒྱ་རྩ་གདན་དྲངས།     སྔར་ས་རྡོ་རི་བྲག་སོགས་ལ་སྦས་པའི་རྟེན་གསུམ་རྣམས་ཕྱིར་བཏོན་པ་ལ་གཏེར་མ་ཞེས་པའི་ཐ་སྙད་ཆགས།    དེ་དག་འཆད་ཉན་གྱི་རྒྱུན་སྤེལ་བ་དང་ལྷན་དུ་སྟག་གཟིག་ཡུལ་ནས་བསྒྱུར་བའི་ཆོས་ལུགས་ཀྱི་གཞུང་རྣམས་ཀྱང་འདྲེས་ནས་བྱུང་ཡོད་པར་ངེས་ཏེ།      སྟག་གཟིག་ཡུལ་ནས་བསྒྱུར་བར་གྲགས་པའི་བསྟན་བཅོས་དེང་དུས་ཀྱང་བོན་གྱི་གསུང་རབ་རྣམས་ཀྱི་ཁྲོད་དུ་ཡོད་པའི་ཕྱིར།      གཞན་ཡང་སྐབས་དེར་བོན་བསྐྱར་གསོ་བྱུང་བའི་ཚུལ་《ལེགས་བཤད་རིན་པོ་ཆེའི་གཏེར་མཛོད་》ལས།   “སྟོང་རྒྱུད་ཀྱིས་བོན་གྱི་བསྟན་པ་དར་བར་བྱ་བའི་ཕྱིར་རིག་འཛིན་བརྒྱ་རྩ་སྤྱན་དྲངས་ཏེ་བསྟན་པ་གཏེར་ནས་བཏོན་ཏེ་སྤེལ་བར་དགོངས།     ཞེས་གསུངས་པ་ལྟར་གཤེན་པོ་བརྒྱ་རྩ་དུས་གཅིག་ལ་སྤྱན་དྲངས།     ཀོང་ཡུལ་བྲེ་སྣར་རྒྱལ་གྱི་གྲི་འདུར་མཛད་པས་གསོན་པོ་བཀྲ་ཤིས་ཏེ་སྤུ་ལྡེའུས་རྒྱལ་ས་ཟིན།       གཤེན་པོ་གནས་སྤར་ཏེ་གྲི་གུམ་ཐར་པ་ཐོབ།       ད་ལྟ་ཡང་རྒྱལ་གྲི་གུམ་གྱི་གྲི་འདུར་ཡོག་བར་པ་སུམ་བརྒྱ་དྲུག་ཅུ་བྱ་བའི་བོན་བཞུགས་སོ།     གཤེན་པོ་ལ་གཙིགས་སྔར་བཞིན་དུ་བྱིན་ནོ།      ཡབ་ཀྱིས་བོན་ལ་སྡང་ཡང་ངས་བོན་དར་དུ་འཇུག      བོན་ཁྲིམས་སྲིད་པའི་ཐོ་ཆེན་གཟུགས་དགོས་ཞེས་གསུངས་ཏེ་དུས་དེར་བོན་བསྟན་དར་རྒྱས་སུ་གཏོང་བར་དགོངས་པ་ལ།       གཏེར་བདག་དང་ལྷ་སྲིན་གྱིས་མ་བསྒྲིབས་པའི་བོན་ཁ་ཡར་ལས་གཏེར་ནས་མ་ཐོན་པར་ཞང་ཞུང་གི་ཡུལ་ནས་ཁྱུང་པོ་མུ་ཁྱུང་རྒྱན་དང༌།         ལྷ་ཁྱུང་རྒྱན་སྐུ་མཆེད་གཉིས་གདན་དྲངས་ནས་བོད་ཡུལ་དུ་འབུམ་སྡེ་ལྔ་དང༌།      བོན་སྒོ་བཅུ་གཉིས་དང༌།   བོན་གྱི་མཛོད་སྒོ་མང་པོ་དང༌།     ཕྲ་མོ་བཅུ་དང༌།      ཐེག་པ་ཐ་དད་པའི་བོན་སྒོ་མང་པོ་སྤེལ་ནས་སླར་ཡང་བསྟན་པ་དར་བར་《གླིང་གྲགས་》ལ་སོགས་ནས་བཤད་དོ།      རྒྱལ་པོ་དེས་བསྟན་པ་དང་འགྲོ་བ་གང་ལའང་ལེགས་པར་བྱས་པས་ན་ཐོ་ལེགས་བཙན་པོ་ཞེས་ཀྱང་གྲགས་སོ།       
སྤུ་ལྡེའུ་གདུང་རྒྱུད་ལ་རྒྱལ་པོ་ས་ལ་ལེགས་དྲུག་དང༌།     ཆུ་ལ་ལྡེའུ་བརྒྱད་དེ།    སྤུ་ལྡེའུ་མན་ཆད་ནས་རྒྱལ་རབས་བཅུ་གསུམ་ལ་བོན་སྡེ་གང་དར་ཞེ་ན《བྱམས་མ་》ལས།    བར་གྱི་གདུང་རྒྱུད་བཅུ་གསུམ་གྱི་བོན་དར་ཏེ།    ཕ་རྒྱུད་ལུང་ཆེན་ལྟ་བ་རྫོགས་ཆེན།     བྱང་སེམས་ཐེག་ཆེན།      གསས་མཁར་རྒྱུད་ཆེན།   ཀུན་གསལ་བྱམས་ཆེན།      འབུམ་ཁོག་དབང་ཆེན།    རྩེ་འདུས་ཁོག་ཆེན།    སྡེ་ལྔ་མདོ་ཆེན།        གསང་ལུང་དབང་ཆེན།    རྒྱས་ལྔ་འབུམ་ཆེན།    སྡེ་བཞི་གཟུང་ཆེན།    རིག་པའི་གནས་ཆེན།       བོན་ཐེག་པ་རིམ་དགུ་ལ་སྤྱོད།    ཅེས་པའི་གོ་རིམ་ལྟར།    1 ཕ་རྒྱུད་ཀྱི་བོན་སྡེ།      2 སྲས་རྒྱུད་རྫོགས་ཆེན་གྱི་བོན་སྡེ།       3 བྱང་ཆུབ་སེམས་དཔའི་བོན་སྡེ།   4 གསང་སྔགས་ལ་གསས་མཁར་ཆེ་ལྔ་དང་རྒྱུད་སྡེ་ལྔའི་བོན་སྡེ།      5 བྱམས་མ་རྒྱས་པའི་བོན་སྡེ།     6 གཡུང་དྲུང་ཡོངས་རྫོགས་དབང་འབུམ་ལ་སོགས་པའི་བོན་སྡེ།      7 གསས་མཁར་ཐོག་ཐོག་ལ་སོགས་པའི་བོན་སྡེ།     8 མདོ་མང་རིན་ཆེན་ལྔ་ལ་སོགས་པའི་བོན་སྡེ།       9 རྒྱུད་སྡེ་ཆེན་པོ་ལྔ་ལ་སོགས་པའི་བོན་སྡེ།     10 བྱེ་མ་ཉི་ཁྲི་ལ་སོགས་འབུམ་གྱི་བོན་སྡེ།       11 གཟུངས་སྡེ་བཞི་ལ་སོགས་པའི་གཟུངས་ཀྱི་བོན་སྡེ།   12 རིག་པའི་གནས་ལྔ་ལ་སོགས་པའི་བོན་སྡེ།   13 ཐེག་པ་རིམ་དགུའི་བོན་སྡེ་བཅས་དེ་དག་རྣམས་དར་རོ།     
  དེའང་《བྱམས་མ་》ལས།       ཕྱིང་བ་སྟག་རྩེ་ལ་སོགས་པའི་རྒྱལ་མཁར་དང་གསས་མཁར་ལྷ་ཁང་བཅུ་གསུམ་བཞེངས་ནས་བོན་ཁྲིམས་སྲིད་པའི་ཐོ་ཆེན་བཙུགས།     ཞེས་སོ།     འདྲེན་པའི་དབོན་གསས་ཀྱང་གདུང་རྒྱུད་བཅུ་གསུམ་པོ་དེ་དག་ཕལ་ཆེར་བཞུགས་སོ།      རྐང་དྲངས་ནི།   ༡ རྒྱལ་གཤེན་མུ་ཁྲི་བཙན་པོ།      ༢ ཧ་ར་ཅི་པར།    ༣ སྟག་ཝེར་ལི་ཝེར།    ༤ ཨ་ནུ་འཕྲལ་ཐག   ༥ སད་ནི་གའུ།   ༦ དད་མི་ཐད་ཀེ།    ༧ ཤད་བུ་ར་ཁུག ༨ ཟིངས་པ་མཐུ་ཆེན།    ༩   སྤེ་བོན་ཐོག་འཕྲུལ།   ༡༠ སྤེ་བོན་ཐོག་རྩེ་དང་བཅུ་ནི་མངའ་བདག་གྲུབ་པའི་གཤེན་བཅུ་ཞེས་བཤད་དོ།      དེའི་སྟེང་དུ་གསང་སྔགས་སྤྱི་སྤུངས་ལྟར་ན།     སྡོང་པོ་དགུ་འདུས་ཀྱི་བློ་བརྡེགས་ལས།    མུ་ཁྲི་བཙན་པོ་ནས་(རྫུལ་འཕྲུལ་སྨན་བཞི་ནི།  )༡ ཁྲི་མ་སྟོང་འཕྱོ།    ༢ འཕྱོ་མ་ཡེ་སངས།    ༣   གནམ་སྨན་དཀར་མོ།      ༤ གནམ་གྱི་གུང་རྒྱལ་ལ་བཤད།     གསང་བ་རྩ་འགགས་སུ་སོང་བའི་སྣ་ལ་དེ་བཞིས་མོན་བོན་ཧ་ར་ཅི་པར་ལ་བཤད།     ཅེས་སོ།      རྫུ་འཕྲུལ་སྨན་བཞི་བརྩིས་པ་དེ་དག་ལ་བཞེད་དོ།     སེམས་ཕྱོགས་ལྟར་ན་ཁུ་བྱུག་ལས་གསུངས་པའི་  ༡  ཧྲིང་ནི་མུ་ཏིད།     ༢   སུམ་པ་དབུ་དཀར།      ༣  ཀླངས་ཆེན་མ་ཝེར་དང་གསུམ་བསྣན་པས་བཅུ་གསུམ་དུ་བཤད་པ་ཡིན་ནོ།      
དེ་ནས་རྒྱལ་ཐོ་རི་ལུང་བཙན་ཡན་ཆད་བར་གྱི་བཙན་ལྔའི་རིང་ལ་གཡུང་དྲུང་བོན་གྱི་བསྟན་པའི་ཉི་མ་ཤར།       མཁས་པའི་ལོ་པཎ་གྱི་འོད་ཟེར་བཀྱེས།     གདུལ་བྱ་འགྲོ་བའི་བློ་མུན་བསལ་བས་འཛམ་བུ་གླིང་གི་རྒྱན་ཆེན་པོ་དྲུག་ཅེས་བྱ་བ།     ༡ སྟག་གཟིག་གི་མཁས་པ་དམུ་ཙ་ཏྲ་ཧེ་པེ་ནི་རིག་གནས་ལྔ་ཀ་ལ་མཁས།    ༢ རྒྱ་གར་གྱི་མཁས་པ་ལྷ་བདག་སྔགས་དྲོ་ནི་ནང་རིག་པ་ལ་མཁས།     ༣ རྒྱ་ནག་གི་མཁས་པ་ལེགས་བཏང་རྨང་པོ་ནི་ཕྱི་རིག་པ་ལ་མཁས།     ༤ ཕྲོམ་གྱི་མཁས་པ་གསེར་ཐོག་ལྕེ་འབྱམས་ནི་གསོ་བ་རིག་པ་ལ་མཁས།   ༥  ཞང་ཞུང་གི་མཁས་པ་ཙོ་མིན་གྱེར་རྒྱུང་ནི་སྒྲ་རིག་པ་ལ་མཁས།    ༦ བོད་དང་མི་ཉག་གི་མཁས་པ་ནམ་ར་ཅོ་སྐི་ནི་སྲིད་པའི་རྒྱུད་ལ་མཁས།     ཞེས་《བྱམས་མ་》ལས་གསུངས་སོ།    །  དེ་དག་ནི་རིག་པའི་གནས་གང་ལའང་མཁས་ཤིང་ཐེག་པ་མཐའ་དག་ཐུགས་སུ་ཆུད་པ།      སྐད་རིགས་སུམ་བརྒྱ་དྲུག་ཅུ་བསྒྱུར་ཤེས་པ།      རྫུ་འཕྲུལ་གྱི་ཞབས་དང་ལྡན་པ་ཤ་སྟག་གོ།      དྲུག་པོ་དེ་དག་ཀུན་བོད་དུ་བྱོན་པ་མི་གསལ་ཀྱང་དེ་དྲུག་ལ་གཏུགས་པའི་མཁས་པ་མང་དུ་བཞུགས་སོ།      ” 
ཞེས་ལ་སོགས་པ་དེ་དག་ནི་རྒྱལ་པོ་གནམ་རི་སྲོང་བཙན་ཡན་དུ་དར་བའི་བོན་གྱི་བྱུང་བ་རགས་རིམ་ཙམ་མོ།       གཞན་ཡང་བོན་གྱི་སྟོན་པ་གཤེན་རབ་ནས་བཟུང་རིམ་བཞིན་དར་བའི་རྩོམ་རིག་སྒྱུ་རྩལ་དང༌།      མཚན་ཉིད་རིག་པ་སོགས་ཀྱི་སྐོར་མང་པོ་ཞིག་བྱུང་ཡོད་པ་བོན་གྱི་ལོ་རྒྱུས་དང་རིག་གཞུང་ཁག་ཏུ་གསལ་བ་ལྟར་ཤེས་པར་བྱའོ། 
སྨྲས་པ།     
བོད་ཀྱི་རྒྱལ་པོ་སྤུ་བོའི་ཡུལ་ནས་བྱོན།   ། 
བོན་གྱི་ཤེས་རིག་སྲིད་ཀྱི་བླ་ན་བཀུར།   ། 
བོད་མིའི་འགྲོ་ལ་ཞི་བདེའི་ཁྲིམས་སྲོལ་བསྒྲགས།   ། 
བོན་གྱི་འདུ་གནས་བོད་ཁམས་ཡོངས་ལ་བཞེངས།   ། 
ཆུ་ཡི་ཤུགས་ཀྱིས་རྡོ་ཡི་རང་འཐག་བསྐོར།    ། 
མེ་ཡི་ཚ་བས་གསེར་དངུལ་ཟངས་ལྕགས་བཞུས།   ། 
དགུ་ཟིའི་མཚོན་དང་དཀར་ཡོལ་སྣོད་སོགས་བསྐྲུན།   ། 
ཐོན་སྐྱེད་ལས་རིགས་འཕེལ་བའི་དུས་རབས་ཉིད།   ། 
ཅེས་བྱ་བ་ནི་བར་སྐབས་ཀྱི་ཚིགས་སུ་བཅད་པའོ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1