དཀའ་བར་མ་འཛེམས་ཉམས་མྱོང་མང་དུ་བསགས། བསམ་བློ་བསྒྱུར་ནས་འཕེལ་རྒྱས་དོན་དུ་གཉེར།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། སྤེལ་དུས། 11-15



          སྟོན་དུས་ཀྱི་ཟླ་བཅུ་པར། པེ་ཅིང་བོད་སྐྲུན་བོད་སྐྱོར་ལས་དོན་པའི་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་གྲོང་གསེབ་དར་རྒྱས་དང་མི་རིགས་མཐུན་སྒྲིལ་གྱིས་བརྗོད་དོན་གཙོ་བོ་བྱས་པའི་བོད་ལྗོངས་ཀྱི་གཞི་རིམ་ལས་བྱེད་པ་པེ་ཅིང་དུ་ལྟ་སྐོར་སློབ་སྦྱོང་བྱེད་པའི་འཛིན་གྲྭའི་དུས་ཐེངས་གཉིས་པའི་སློབ་མ་30གངས་ལྗོངས་ས་མཐོ་ནས་ཐོན་ཏེ། རྒྱལ་ས་པེ་ཅིང་དུ་དུས་ཡུན་ཉིན་10ཡི་སློབ་སྦྱོང་དང་སྤེལ་རེས་བྱེད་པར་བསྐྱོད། སློབ་མ་ཚོ་རྒྱལ་ཁབ་དངོས་མང་སྟོན་ཚོགས་དང་ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་ཁང་། མའོ་ཀྲུའུ་ཞིའི་དྲན་གསོ་ཁང་སོགས་སུ་ལྟ་སྐོར་བྱས་རྗེས། ཉེ་རབས་དང་དེང་དུས་ཀྲུང་གོའི་ལོ་རྒྱུས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་གྱི་ལམ་ཚོར་ཡོད།

འདི་ནི་སློབ་མ་ཚོས་མྱུར་བགྲོད་ལྕགས་ལམ་ལ་བསྡད་དེ་པ་ཏ་ལིན་ལྕགས་རི་རིང་པོར་ལྟ་བར་སྐྱོད་བཞིན་པ།
          བོད་ལྗོངས་ཀྱི་གཞི་རིམ་ལས་བྱེད་པ་པེ་ཅིང་དུ་སྐྱོད་པའི་སློབ་སྦྱོང་འཛིན་གྲྭ་དུས་ཐེངས་གཉིས་པ་ནི་དམིགས་བསལ་གྱི་ཚོགས་པ་ཞིག་ཡིན་ཞིང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ས་བབ་མཐོ་སར་འཚོ་སྡོད་བྱེད་མཁན་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་ཆེད། 2018ལོའི་ཟླ་དྲུག་པ་ནས་བཟུང་། བོད་ལྗོངས་ཀྱིས་ས་བབ་མཐོ་སར་འཚོ་སྡོད་བྱེད་མཁན་མང་ཚོགས་ལ་གནས་སྤོས་རྣམ་གྲངས་ལག་བསྟར་བྱས་ཡོད། ཡར་ཀླུང་གཙང་པོའི་བྱང་ངོགས་སུ་གནས་པའི་སྲིན་པོ་རི་ནི་བོད་ཀྱི་ས་བབ་མཐོ་སར་འཚོ་བ་སྐྱེལ་མཁན་མང་ཚོགས་གནས་སྤོས་བཀོད་སྒྲིག་བྱ་ཡུལ་གྱི་གྲས་ཤིག་རེད། 2019ལོའི་ལོ་མཇུག་ཏུ། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་སེའུ་ཤང་དང་། མཚོ་གཉིས་རྫོང་གི་དཀར་མཚོ་ཤང་དང་། ཡག་ཆུ་ཤང་། མཚོ་སྦྲེལ་བྱང་ཤང་བཅས་ཀྱི་དུད་ཚང་957གྱི་མང་ཚོགས་4058དེ་གར་སྤོས་ཡོད། པེ་ཅིང་བོད་སྐྲུན་བོད་སྐྱོར་ལས་དོན་པའི་མཐུན་ཚོགས་ཀྱིས་གནས་སྤོས་གཞི་རིམ་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་རྒྱལ་ས་པེ་ཅིང་དུ་ལྟ་སྐོར་སློབ་སྦྱོང་བྱེད་པའི་དམིགས་ཡུལ་ནི། རི་གྲོང་ནས་ཁ་འབྲལ་མྱོང་མེད་པའི་གཞི་རིམ་ལས་བྱེད་པ་དང་མང་ཚོགས་མེས་རྒྱལ་གྱི་འཕེལ་རྒྱས་འགྱུར་ལྡོག་དང་ཁོ་ཚོས་ཡུན་རིང་རེ་སྨོན་བྱེད་པའི་རྒྱལ་ས་པེ་ཅིང་དུ་ལྟ་སྐོར་ལ་ཁྲིད་དེ། ཁོ་ཚོར་གསར་གཏོད་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་པོ་མཁོ་འདོན་དང་གནས་སྤོ་བྱ་ཡུལ་ལ་འཚམ་པའི་ཐོན་ལས་དང་བྱེད་ཐབས་མཁོ་འདོན་བྱེད་རྒྱུ་དེ་རེད།

འདི་ནི་སློབ་མ་ཚོས་པེ་ཅིང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོར་ལྟ་བཞིན་པ།

 འདི་ནི་སློབ་མ་ཚོས་པེ་ཅིང་མི་རིགས་རིག་གནས་ཕོ་བྲང་དུ་ལྟ་སྐོར་དང་སྦྲགས་དྲན་རྟེན་པར་རྒྱག་བཞིན་པ།
          “ང་མྱུར་བགྲོད་ལྕགས་ལམ་དང་གནམ་གྲུར་སྡོད་ཐེངས་དང་པོ་ཡིན། རྒྱལ་ས་པེ་ཅིང་དུ་ཡོང་ཐེངས་དང་པོ་དང་གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོར་ལྟ་ཐེངས་དང་པོ་ཡིན། རྒྱལ་ས་པེ་ཅིང་དུ་འབྱོར་རྗེས། མེས་རྒྱལ་གྱི་གནམ་ས་བླ་འོག་འགྱུར་བ་ལྟ་བུའི་འགྱུར་ལྡོག་དང་འཕེལ་རྒྱས་ཟབ་མོ་ཚོར་བྱུང”ཞེས་སྲིན་བུ་རིར་གནས་སྤོས་པའི་ཨ་མདོ་རྫོང་སེའུ་ཤང་གི་སངས་རྒྱས་དར་རྒྱས་ཀྱིས་རང་ཉིད་ཀྱི་མྱོང་བ་དག་བརྗོད་བྱུང་། བརྗེད་པར་དཀའ་བའི་གནས་ཚུལ་རེ་རེ་དང་། མི་སེམས་འགུལ་བའི་གནས་ཚུལ་དང་ལྷག་པར་དུ་ཏང་གི་ལོ་རྒྱུས་ཁང་གི་པར་རིས་བཅས་ལས། སློབ་མ་ཚོས་ཏང་གི་ལོ་ངོ་བརྒྱ་ཡི་འབད་འཐབ་ལོ་རྒྱུས་ཀྱི་སྟོབས་ཤུགས་ཆེན་པོ་གང་ལེགས་ཚོར་བ་མ་ཟད། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་ཟབ་མོ་བྱུང་བ་དང་ཆབས་ཅིག ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཆོད་སེམས་དེ་བས་བརྟན་དུ་ཕྱིན་ཡོད། སྨི་ཡུན་ཆུས་སུ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་གྱི་གྲུབ་འབྲས་ལ་ལྟ་སྐོར་བྱས་པ་བརྒྱུད། སློབ་མ་ཚོའི་བསམ་ཕྱོགས་ཡངས་སུ་ཕྱིན་ཁར། ཁྱིམ་གཞིས་འཛུགས་སྐྲུན་གྱི་བློ་སྒོ་ཡང་ཕྱེ་ཡོད། ཕ་ཡུལ་དུ་ལོག་རྗེས། ལྟ་སྐོར་གྱི་མྱོང་ཚོར་འབྲོག་པ་མང་ཚོགས་ལ་བརྗོད་ནས་མཉམ་དུ་བདེ་སྐྱིད་ལྡན་པའི་བོད་ལྗོངས་སྐྲུན་གྱི་ཡིན་ཞེས་བཤད། རྒྱ་ཆེའི་སློབ་མ་ཚོས། མྱོང་ཚོར་ཟབ་ཤོས་ནི་དཀའ་སྤྱད་ལས་སྒྲུབ་དང་དཀའ་སྤྱད་འབད་འཐབ་བྱེད་དགོས་ན། གུ་དོག་པའི་བསམ་བློ་ངེས་པར་དུ་འདོར་བ་དང་། བསམ་བློར་བཅིངས་འགྲོལ་གཏོང་བ། གསར་གཏོད་འཕེལ་རྒྱས་གཏོང་དགོས་པ་ཤེས་བྱུང་ཞེས་བརྗོད།
འདི་ནི་སློབ་མ་ཚོས་པེ་ཅིང་གྲོང་ཁྱེར་སྨི་ཡུན་ཆུས་སྨི་ཡུན་ཆུ་མཛོད་དུ་དྲན་རྟེན་པར་རྒྱག་བཞིན་པ།

འདི་ནི་སློབ་མ་ཚོས་མའོ་ཀྲུའུ་ཞིའི་དྲན་གསོ་ཁང་དུ་ཏང་ཞུགས་དམ་བཅའ་ཡང་བསྐྱར་འཇོག་པ།
          “ཏང་གཤིས་དང་། དད་སེམས། ལེགས་སྐྱེས”བཅས་དང“ཀྲུང་ཧྭ་མི་རིགས་སྣ་མང་གཞི་གཅིག་ཁྲོད་ཀྱི་བོད་ས་གནས་ཀྱི་ལོ་རྒྱུས”སོགས་ནང་དོན་ཕུགས་སུམ་ཚོགས་པའི་གསོ་སྦྱོང་འཆད་ཁྲིད་ཉན་པ་དང་། གནམ་བདེ་སྒོ་མོའི་ཐང་ཆེན་དུ་རྒྱལ་དར་སྒྲེང་བའི་མཛད་སྒོར་ལྟ་བ། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་ལྟ་སྐོར་བྱས་ནས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱ་ཡི་ལམ་བུ་ཤེས་རྟོགས་བྱེད་པ། ཀྲན་ཐེན་ཡིའུ་ཡི་དྲན་གསོ་ཁང་དུ་ལྟ་སྐོར་བྱེད་པ། ཆིང་ལུང་ཟམ་པའི་མེ་འཁོར་བབས་ཚུགས་སུ་རྒྱལ་ཁབ་ཀྱི་ལྕགས་ལམ་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་པ། རྒྱལ་ཁབ་ཚན་རྩལ་གསར་གཏོད་ཡར་རྒྱས་ཚོར་བར་བྱེད་པ། སྨི་ཡུན་ཆུས་སུ་བསྐྱོད་དེ་དེང་རབས་ཅན་གྱི་སྔོ་ཚལ་ཐོན་སྐྱེད་དྲོད་ཁང་ཆེན་པོའི་སྔོན་ཐོན་འདེབས་འཛུགས་ལག་རྩལ་གྱིས་དེང་རབས་ཞིང་ལས་ལ་འགྱུར་ལྡོག་བཏང་བའི་སྐོར་ཤེས་རྟོགས་བྱེད་པ་བཅས་དུས་ཡུན་ཉིན་10ཡི་རིང་ཕུན་སུམ་ཚོགས་པའི་སློབ་སྦྱོང་དང་བྱེད་སྒོ་རབ་དང་རིམ་པ་སྤེལ་བས། ས་བབ་མཐོ་བའི་ས་ཁུལ་དུ་འཚོ་བ་ཡུན་རིང་སྐྱེལ་མཁན་གཞི་རིམ་ལས་བྱེད་པའི་མཐོང་རྒྱ་ཆེ་རུ་ཕྱིན་ཡོད། ད་ཐེངས་ཀྱི་ལྟ་སྐོར་སློབ་སྦྱོང་བརྒྱུད། སློབ་མ་ཚོས་ལོ་རྒྱུས་ཡིད་ལ་བརྟན་པོ་བཅངས་པ་དང་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུས་ནས་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་དང་སྤྱི་ཚོགས་ཀྱི་ལས་འགན་སྒྲུབ་སེམས་ཆེ་རུ་ཕྱིན་པ་མ་ཟད། སློབ་མ་ཚོས་དེ་བས་སྙིང་སྟོབས་ཆེར་སྐྱེད་ཀྱིས་འབྱུང་འགྱུར་གྱི་ལས་དོན་དང་སློབ་སྦྱོང་ལ་ཞུགས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དར་སྤེལ་གཏོང་བར་སྐུལ་འདེད་གཏོང་བ་དང་མེས་རྒྱལ་མཐའ་མཚམས་ཀྱི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་མང་བ་འབུལ་བར་སྐུལ་ལྕག་ཐེབས་ཡོད།

འདི་ནི་སློབ་མ་ཚོས་པེ་ཅིང་གནའ་བོའི་ཕོ་བྲང་དུ་ལྟ་སྐོར་བྱེད་བཞིན་པ།

འདི་ནི་སློབ་མ་ཚོས་པེ་ཅིང་འཇིག་རྟེན་འཕུར་སྐྱོད་ལྟེ་གནས་སྨན་ཁང་དུ་གཟུགས་པོར་བརྟག་དཔྱད་བྱེད་བཞིན་པ།

འདི་ནི་སློབ་མ་ཚོས་པེ་ཅིང་གྲོང་ཁྱེར་སྨི་ཡུན་ཆུས་ཅི་ཤིན་ཞིང་ལས་ཐོན་ལས་གླིང་དུ་ལྟ་སྐོར་དང་སྦྲགས་ཞིང་ལས་ཐོན་ལས་གླིང་གི་ཐོན་རྫས་ཀྱི་བྲོ་བ་མྱོང་བཞིན་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1