ས་བབ་མཐོ་ཡང་རྐང་རྩེད་སྤོ་ལོར་བཅངས་པའི་སྤྲོ་སེམས་ལ་འགོག་ཐབས་མེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་དྲ་བ། སྤེལ་དུས། 11-15



         སྤྱིར་བཏང་མི་རྣམས་ཀྱི་བག་ཆགས་ཁྲོད། ཆ་སྙོམས་མཚོ་ངོས་ལས་མཐོ་ཚད་སྨི4000ཡན་གྱི་མཚོ་བོད་ས་མཐོར་འཚོ་བ་རོལ་བའི་མི་དང་རྐང་རྩེད་སྤོ་ལོ་འབྲེལ་བ་མེད་པར་སྣང་ནའང་དོན་དངོས་སུ་དེ་འདྲ་ཞིག་མིན་ཏེ།   གནས་འདི་གར་རྐང་རྩེད་སྤོ་ལོ་ལ་དགའ་བསུ་ཐོབ་ཚད་ནི་ཡུལ་ལུང་གཞན་པ་དང་གཅིག་མཚུངས་སུ་ཆགས་ཡོད་པ་རེད།  
2019ལོའི་ལྷ་སའི་སྐབས་དང་པོའི་སློབ་ཆེན་སློབ་མའི“ཕུགས་བསམ་ལྡན་པའི་སློབ་མའི་བུམ་པའི”རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཞུགས་མཁན་འགྲན་ཞུགས་པ།
          བོད་རང་སྐྱོང་ལྗོངས་ཀྱི་ལྷ་ས་གྲོང་ཁྱེར་དུ་སྤྱིར་བཏང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ལའང་སྤོ་ལོར་དགའ་མོས་བྱེད་མཁན་མང་པོས་ཡིད་དབང་འཕྲོག་གི་ཡོད།  གཟའ་མཇུག་གམ་ཡང་ན་དུས་ཆེན་གྱི་ངལ་གསོའི་ཉིན་མོར་སླེབས་ཐེངས་རེར་ལྷ་སའི་སློབ་གྲྭ་དང་སྤྱི་གླིང་ཁག་གི་སྤོ་ལོ་ར་བར་ན་གཞོན་མི་ཉུང་བ་ཞིག་གིས་རྐང་རྩེད་སྤོ་ལོ་རྒྱག་བཞིན་ཡོད་ཅིང་།  ཚོང་གཉེར་རང་བཞིན་གྱི་སྤོ་ལོ་ར་བ་ཡང་སྔོན་མངགས་བྱེད་དགོས་ཀྱི་ཡོད།
བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་བྱིས་པ་དག་གིས་སློབ་གྲྭའི་ནང་རྐང་རྩེད་སྤོ་ལོ་རྒྱག་བཞིན་པ།
          བོད་ལྗོངས་སུ་རྐང་རྩེད་སྤོ་ལོར་དགའ་མོས་བྱེད་མཁན་ན་གཞོན་མང་པོ་ཞིག་གིས་ཀྱང་སྤོ་ལོར་དགའ་མོས་ཡོད་མཁན་གཞན་དག་དང་འདྲ་བར་འཛམ་གླིང་གི་རྐང་རྩེད་སྤོ་ལོར་དོ་ཁུར་དང་འཛམ་གླིང་གི་རྐང་རྩེད་སྤོ་ལོ་བ་རྩེ་གྲ་དག་གི་རྗེས་སྙེག་བཞིན་ཡོད་དེ། རྒྱལ་ནང་གི་མཉམ་ཞུགས་འགྲན་བསྡུར་ནས་འཇར་མན་གྱི་རིམ་པ་དང་པོའི་འགྲན་བསྡུར། དབྱི་ཐ་ལའི་རིམ་པ་དང་པོའི་འགྲན་བསྡུར། སི་ཕེན་གྱི་རིམ་པ་དང་པོའི་འགྲན་བསྡུར་བཅས་ཚང་མར་དོ་སྣང་དང་ལྟད་མོར་བལྟ་གི་ཡོད་པ་རེད།

བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་མཚོ་ཆེན་རྫོང་གི་སློབ་འབྲིང་སློབ་མས་ལུས་རྩལ་སློབ་ཚན་ཚོགས་བཞིན་པ།

བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སློབ་འབྲིང་གི“གསར་སྐྱེས་བུམ་པའི”རྐང་རྩེད་སྤོ་ལོའི་འགྲན་བསྡུར་བྱ་ཡུལ།
          བོད་ལྗོངས་སུ་རྐང་རྩེད་སྤོ་ལོའི་བྱེད་སྒོ་དེ་ལྷ་ས་དང་གཞིས་ཀ་རྩེ། ནག་ཆུ། ཆབ་མདོ་སོགས་གྲོང་ཁྱེར་ཆེན་པོ་ཁག་ལ་ཁྱབ་ཡོད་པ་མ་ཟད། ཐག་རིང་ཡུལ་མཐའི་སློབ་གྲྭ་དག་གི་ནང་རྐང་རྩེད་སྤོ་ལོའི་བྱེད་སྒོ་ནི་སློབ་མ་མང་ཆེ་བས་དགའ་མོས་བྱེད་ཀྱི་ཡོད།  གསར་འགོད་པས་དེ་སྔར་བྱིས་པ་ཚོས་ཐང་ཆེན་ནམ་ཡང་ན་ས་སྟོང་དུ་རྐང་རྩེད་སྤོ་ལོ་རྒྱག་བཞིན་ཕན་ཚུན་བར་འགྲན་རྩོད་བྱས་ནས་སྐར་མ་གཅིག་ཀྱང་འཕྲོ་བརླག་ཏུ་མི་གཏོང་བ་དང་།  མདོག་ཡལ་བའི་རྐང་རྩེད་སྤོ་ལོ་ཞིག་ལས་སྤོ་ལོ་རྒྱག་སྒོ་དང་རུ་ཁག་གི་གྱོན་ཆས་གང་ཡང་མེད་ཀྱང་སྔར་བཞིན་སྤྲོ་སྣང་གིས་ཁེངས་ཡོད་པ་མཐོང་།  
          པ་སངས་ཚེ་རིང་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ལྷ་ས་ནས་ཡིན་པ་དང་ཆུང་དུས་ནས་ལུས་རྩལ་ལ་དགའ་པོ་ཡོད། བོད་ལྗོངས་མི་རིགས་སློབ་ཆེན་ལུས་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས་སྒྲིག་སྲོལ་ནང་ལས་ཀ་བྱེད་མྱོང་ཡོད་མོད། རྗེས་སུ་ལས་གནས་དགོངས་ཞུ་བྱས་ནས་ལུས་རྩལ་ཀུང་སི་ཞིག་གཉེར་གྱི་ཡོད།  2021ལོའི་ཟླ11བར་ཁོས་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྟོང་ལ་ཉེ་བ་སྒྲིག་འཛུགས་བྱས་པ་དང་།  ཁྱབ་ཁོངས་ནང་གི་ཆེད་ལས་མི་སྣ་ཞིག་ཡིན་པའི་ངོས་ནས་རང་ཉིད་ཀྱང་དེ་སྔར་ལྷ་སའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཆེ་གྲས་ནང་ཞུགས་མྱོང་ཡོད་པ་རེད།  
          པ་སངས་ཚེ་རིང་གིས་བོད་ལྗོངས་ཀྱི་རྐང་རྩེད་སྤོ་ལོའི་ལུས་རྩལ་གྱི་ལོ་ངོ20ལྷག་ཙམ་རིང་གི་འགྱུར་ལྡོག་མཐོང་ཡོད་དེ། མངོན་གསལ་དོད་ཤོས་ཀྱི་འགྱུར་ལྡོག་ཞིག་ཡོད་པ་ནི་རྐང་རྩེད་སྤོ་ལོ་རྒྱག་མཁན་ཇེ་མང་དུ་འགྲོ་བ་དང་། རྐང་རྩེད་སྤོ་ལོའི་སྒྲིག་ཆས་སྔར་བས་འཐུས་ཚང་དུ་འགྲོ་བ། ཚོང་གཉེར་རང་བཞིན་གྱི་སྤོ་ལོ་རྒྱག་ཡུལ་ཇེ་མང་དུ་འགྲོ་བ། ཁ་ཤས་ཀྱིས་ད་དུང་མཚན་མོའི་ལུས་རྩལ་ར་བའི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད་པ་མཐོང་།  
          ཁོས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་སརCརིམ་པའི་མཉམ་ཞུགས་འགྲན་བསྡུར་གྱི“དགེ་སྒྲུབ་བུམ་པ”ཡིས་འགྲན་བསྡུར་དང་དགེ་སྒྲུབ་ཟུང་འབྲེལ་གྱི་ངོས་ནས་ཐག་རིང་ཡུལ་མཐའི་ས་ཁུལ་གྱི་སློབ་གྲྭ30ལ་ལུས་རྩལ་སྒྲིག་ཆས་དང་གྱོན་ཆས་ཞལ་འདེབས་བརྒྱབ་ཡོད་ཅིང་།  ལོ་རེར་གཉེར་བའི“དགེ་སྒྲུབ་བུམ་པའི”ནང་མིང་ཐོ་འགོད་པའི་འགྲོ་གྲོན་མཐོ་བ་དང་འགྲན་བསྡུར་གྱི་དུས་ཚོད་ནི་གཟའ་མཇུག་ཡིན་མོད། དེ་ལྟར་ནའང་མིང་ཐོ་འགོད་པའི་སྤོ་ལོའི་རུ་ཁག་དང་དེ་བཞིན་ལྟད་མོ་བའི་གྲངས་འབོར་ལོ་རེ་བཞིན་མང་དུ་འགྲོ་བའི་རྣམ་པ་མངོན་ཞིང་། དེ་མ་ཟད་གཙུག་ལག་ཁང་དང་སེ་ར་དགོན་པའི་ན་གཞོན་དགེ་འདུན་པ་ཚོས་ཀྱང་རང་ཉིད་ཀྱི་རུ་ཁག་བཙུགས་ནས“དགེ་སྒྲུབ་བུམ་པར”ཞུགས་རྒྱུའི་མིང་ཐོ་བཀོད་དེ་འགྲན་བསྡུར་གྱི་གྲུབ་འབྲས་མདུན་གྲལ་དུ་སླེབས་ཡོད་ཟེར།  
          པ་སངས་ཚེ་རིང་གིས“སྐབས་དེ་དུས་རང་ཉིད་ཀྱིས་ལས་གཏོད་བདམས་ནས་རང་ཉིད་སྤྲོ་སྣང་ཆེ་ཤོས་ཀྱི་ལུས་རྩལ་ལས་རིགས་གཉེར་བར་ང་ཧ་ཅང་དགའ་པོ་འདུག ད་ཆ་ཀུང་སིའི་ལས་སྒོ་གཙོ་བོ་ནི་ལུས་རྩལ་འགྲན་བསྡུར་གཙོ་གཉེར་དང་སྒྲུབ་འགན་འཁུར་རྒྱུ་དེ་ཡིན་པ་དང་། གཟའ་མཇུག་ཏུ་ད་དུང་རྐང་རྩེད་སྤོ་ལོ་དང་ལན་ཆིའུ་སྤོ་ལོ། མདའ་འཕེན་སོགས་གཞོན་ནུའི་སྦྱོང་བརྡར་འཛིན་གྲྭ་བཙུགས་ནས་སྤྱིའི་ཡོང་འབབ་བློ་ཡིད་ཚིམ་པོ་རག་གི་ཡོད། ང་རང་གི་ངོས་ནས་འདི་དག་ཚང་མ་ནི་ཏང་གི་སྲིད་ཇུས་བཟང་པོ་ལས་བྱུང་བ་གསལ་པོར་རྟོགས་ཀྱི་ཡོད་དེ།  བཀའ་དྲིན་དེ་ཉིད་ཚོར་ཆེད། ངས་སློབ་ཆེན་སློབ་མ་དྲུག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད་ལ།  འབྱུང་འགྱུར་ངས་ལས་ཞུགས་ལས་གནས་དེ་བས་མང་བ་མཁོ་འདོན་བྱས་ནས་མཛེས་སྡུག་བདེ་སྐྱིད་ལྡན་པའི་བོད་ལྗོངས་གསར་པ་སྐྲུན་ཆེད་རང་ཉིད་ཀྱི་ནུས་པ་གང་ཡོད་འདོན་རྒྱུ་ཡིན”ཟེར།  

འགྲན་བསྡུར་ནང་ཞུགས་པར་གྲ་སྒྲིག་བྱེད་བཞིན་པའི་དབང་འདུས་ཚེ་རིང་། 
          དབང་འདུས་ཚེ་རིང་ནི་བོད་ལྗོངས་ཀྱི་རྐང་རྩེད་སྤོ་ལོའི་ཤན་འབྱེད་པའི་སྡེ་ཡི་མི་སྣ“རྒན་པ”ཞིག་ཡིན་པ་དང་། ཚང་མས་ཁོ་ལ“པཱ་དབང་འདུས”ཞེས་འབོད་ཀྱི་ཡོད། ཁོ་ནི་རྒྱལ་ཁབ་རིམ་པའི་ཆེད་ལས་ཤན་འབྱེད་པ་ཞིག་ཡིན་པ་མ་ཟད། ཁྱབ་ཁོངས་ཕྱི་ནང་ཚང་མས་ཁས་ལེན་བྱས་པའི་དབང་གྲགས་ལྡན་པའི་ཤན་འབྱེད་པ་ཞིག་ཀྱང་ཡིན་ཏེ། ལྷ་སར་འགྲན་བསྡུར་ཆེ་གྲས་ཁག་གི་གནད་འགག་འགྲན་བསྡུར་ནང་ཁོ་རང་ཞུགས་ཡོད་པ་དང་ལྷ་སའི་ཤན་འབྱེད་པའི་སྡེ་ཧྲིལ་པོའི་ནང་གི་ཕྱེད་ཀ་ཡན་གྱི་ན་གཞོན་ཤན་འབྱེད་པ་ཚང་མ་ཁོས་གསོ་སྐྱོང་བྱེད་མྱོང་ཡོད་ལ།  ད་ཆ་ཁོས་ད་དུང་ནམ་རྒྱུན་དང་འདྲ་བར་གཟའ་མཇུག་དང་དུས་ཆེན་གྱི་ངལ་གསོའི་དུས་སུ་སྤོ་ལོ་ར་བར་མཉམ་ཞུགས་བྱེད་ཀྱི་ཡོད་པ་རེད།
དབང་འདུས་ཚེ་རིང་གིས་འགྲན་བསྡུར་ནང་ཞུགས་ཉེར་ཡོད་པའི་ཕྱོགས་གཉིས་པོའི་རུ་དཔོན་ལ་སྒྲིག་སྲོལ་གསལ་བཤད་བྱེད་བཞིན་པ།
          ཁོས་ངོ་སྤྲོད་བྱས་པར་གཞིགས་ན། ལྷ་སའི་རྐང་རྩེད་སྤོ་ལོའི་བྱེད་སྒོ་དེ་རིམ་གྱིས་ལས་ཞོར་ནས་ཆེད་ལས་ཕྱོགས་སུ་སྤེལ་བཞིན་ཡོད་པ་དང་། རུ་ཁག་མང་པོ་ཞིག་གིས་སློབ་གྲྭ་ནས་ཉམས་མྱོང་ཅན་གྱི་ལུས་རྩལ་དགེ་རྒན་གདན་དྲངས་ཏེ་སློབ་ཁྲིད་བྱེད་ཀྱི་ཡོད་ལ། རུ་མི་ཚོར་སྦྱོང་བརྡར་གྱི་རྨང་གཞིའི་རྩལ་ནུས་སྦྱོང་བརྡར་དང་འཐབ་རྩལ་ལེགས་སྒྲིག་བྱེད་པ།   འགྲན་བསྡུར་གྱི་སྟོབས་ཤུགས་བཀོད་སྒྲིག་བྱེད་པ། སྒོ་སྲུང་སོགས་ས་མཚམས་སོ་སོའི་མི་སྣ་འདེམས་པར་བཀོད་སྒྲིག་གང་ལེགས་བྱས་ཡོད་པ་རེད།  
          “ད་ཆ་བོད་ལྗོངས་སུ་རྐང་རྩེད་སྤོ་ལོའི་མཐུན་ཚོགས་བཙུགས་ཡོད་པ་དང་།  རིམ་པ་མི་འདྲ་བའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཡང་ཇེ་མང་དུ་འགྲོ་བཞིན་ཡོད། ང་རང་སྒེར་ངོས་ནས་ཤེས་རྟོགས་བྱས་པར་གཞིགས་ན། གཞོན་ནུ་མང་ཆེ་བ་རྐང་རྩེད་སྤོ་ལོར་ཧ་ཅང་དགའ་པོ་ཡོད་པ་དེས་བོད་ལྗོངས་ཀྱི་རྐང་རྩེད་སྤོ་ལོའི་ལུས་རྩལ་འཕེལ་རྒྱས་འགྲོ་རྒྱུར་རྗེས་གྲབས་ཀྱི་སྟོབས་ཤུགས་ཆེན་པོ་ཞིག་མཁོ་འདོན་བྱས་ཡོད་ཅིང་། ཕུགས་རིང་ལ་བལྟས་ཚེ་རྐང་རྩེད་སྤོ་ལོའི་ལུས་རྩལ་དེ་མཚོ་བོད་ས་མཐོར་མདུན་ལྗོངས་རྒྱ་ཆེན་པོ་ལྡན་ངེས”ཞེས་དབང་འདུས་ཚེ་རིང་གིས“སྔར་ལས་ལྷག་པ་ཞིག་དང་སྔར་བས་ཆེད་ལས་ལྡན་པ་ཞིག་ཡོང་དགོས་ཚེ། རྨང་གཞིའི་སྒྲིག་བཀོད་ཐག་གཅོད་བྱེད་པའི་རྨང་གཞིའི་ཐོག་ཆེད་ལས་ཀྱི་ཤན་འབྱེད་དང་རྩལ་ཁྲིད་པ་དེ་བས་མང་བ་གསོ་སྐྱོང་བྱས་ནས་སྤོ་ལོ་རྒྱག་མཁན་གྱི་ཕྱོགས་ཁག་གི་བྱང་ཚད་དང་ལག་རྩལ་ཆུ་ཚད་མཐོ་རུ་གཏོང་རྒྱུ་ནི་གནད་འགག་རེད”ཅེས་བཤད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1