ཚེ་རིང་མཁའ་འགྲོ་ནི་ལྷ་ཚངས་པའི་སྐྱེད་ཚལ་ས་ལ་ལྷུང་བ་ལྟ་བུའི་ཁམས་སྡེ་དགེའི་ཡིད་ལྷུང་ལྷ་མཚོ་ཞེས་པའི་མཛེས་ལྗོངས་ཀྱི་ཉེ་འགྲམ་ནས་འཚར་ལོངས་བྱུང་ལ་མོས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སློབ་མའི་འཚོ་བར་རོལ་(1997ལོ་ནས་2001ལོའི་བར་)བའི་རིང་ལ་བྲིས་པའི་སྙན་རྩོམ་ཕྱོགས་བསྒྲིགས་ལས་བརྩམས་ཆོས་འགའ་བདམས་བཀོད་བྱས་ནས་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བ་ཡིན། །
ཨ་མ་ལགས།
ཉི་མ་ནུབ་རིའི་རྩེ་རུ་ཞབས་སེན་གྱི་འཁོར་ལོ་འགོད་དུས
བསམ་གཞིག་གི་རྡོག་སྒྲ་མལ་ཤག་ཏུ་བསྐྱུར་དགོས་བྱུང
ཨ་མ་ལགས
ཁྱོད་ཀྱི་མིག་ཀོང་ལས་འཚེར་བའི་བརྩེ་ཞེན་གྱི་འོད་ཞགས་རྣོན་པོས
ང་དང་སྒེའུ་ཁང་གི་ལྷིང་འཇགས་ངང་གིས་གཏོར
ཁྱོད་ཀྱི་འཇམ་ཤ་དོད་པའི་ཕྱག་ཟུང་དང་རྡོག་ཁྲེས་ལྕི་བའི་གོམ་ཁ
ངའི་དྲན་སྣང་གི་ཆེས་ཉེ་བའི་སྣེ་མོ་ན་དལ་གྱིས་བསྲིངས
བསམ་གཞིག་སྣ་ཚོགས་བརྩིགས་ཏེ་དབེན་སྟོང་གིས་སྡོད་པའི་དུས་ཚིགས་འདི་དག་ལ
ཁྱོད་ཀྱི་བྱམས་བརྩེ་དང་འཛུམ་མདངས་མྱུལ་མཐར་ངས་རང་ཉིད་བོར
འཚོ་སྟངས་འདིའི་རྐང་རྗེས་ཐར་ཐོར་ལ་ཕྱི་དྲན་གྱིས་མགོ་བོ་བསྐྱོར་དུས
གོམ་འགྲོས་མི་གཅིག་པའི་ཁྱོད་ཀྱི་རྔུལ་ཆུའི་གཏམ་རྒྱུད་གྲངས་མེད
ངའི་མནོ་བསམ་གྱི་ཁང་ཆུང་རེ་རེ་ནས་འཛེམ་དོགས་མེད་པར་རིམ་གྱིས་སྐྱེས
ཨ་མ་ལགས
ཆེས་ཟབ་ས་དང་ཆེས་མཐོ་ས་ཆེས་རྙོག་འཛིང་གི་འཇིག་རྟེན་སྒོམ་ཚེ
མ་གཞི་སྐྱོ་སྡུག་ནི་ལས་འཕྲོ་གཅིག་གི་འབོད་པ་བཞིན
མི་ཚེ་འདིའི་རེའུ་མིག་ཕྱེས་ཏེ་བདེ་བ་ཞིག་གི་མཇུག་མ་སྒུམ་ཡང
མདུན་ཕྱོགས་ན་གླུ་གཞས་ཤིག་གི་བསུ་མ་ཡོད་པར་སུས་ཤེས
གང་ལྟར
ཨ་མ་ལགས
ཁྱོད་རང་སེམས་ཅན་མང་པོ་ཞིག་བརྒྱུད་མ་མྱོང་བའི་ལམ་བུ་དུ་མར་བརྒྱུད་ཅིང
བྱང་ཐང་གང་མང་དུ་ན་ཟུག་དང་མནར་གཅོད་ཀྱིས་འགྲིམས་དགོས་བྱུང་ཡང
ཁྱོད་ཀྱི་ལོ་ཟླ་དང་ལང་ཚོ་ཕུགས་འདུན་དང་རེ་སྨོན་ཟླུམ་པོ་ལ་བཅོལ་ནས
ཕ་མེད་ཀྱི་དྭ་ཕྲུག་ངེད་གཉིས་ཀྱི་གཏན་བདེ་འདིའི་ཆེད་དུ
ནམ་ཡང་འཁང་སེམས་དང་ལེ་བདའ་མེད་པར་བརྩེ་མདངས་ཀྱིས་བཏེགས
དེ་རིང་མོ་ལོ་བཅུ་དགུའི་གསང་བ་བཞུར་བའི་ངས
གྲོག་རོང་དང་གཡང་ས
རི་སྤྱང་དང་ཝ་མོ་དུ་མའི་བསླུ་བྲིད་དང་དངངས་འཚབ་གྲངས་མེད་ཀྱི་ཕ་རོལ་ནས
ཁྱོད་ཀྱི་སྙིང་སྟོབས་དང་དཀའ་སྡུག་ལ་ཤེས་རྟོགས་བྱུང་བའི་མདའ་ཁ་རྣོན་པོ
ད་གཟོད་ངའི་སྙིང་ཁོང་ན་ཟུག་དུས། ཟུག་རྔུ་དེ་སུ་ལ་དྲངས་དགོས་པར་མ་ཤེས
ཨ་མ་ལགས
གང་ཤུར་ཤུར་གྱི་མལ་ཤག་འདིར་ང་ལས་མེད་པས
དྲན་འཛིན་ཁེར་རྐྱང་གིས་གསོས་དགོས་བྱུང
སེམས་པ་ཡང་འཁྱག་སིབ་སིབ
སྤྲང་ཐུར་ཞིག་ལས་ཡིད་རྟོན་མེད་པའི་ང
གང་རར
བདེ་སྡུག་གི་གོམ་པར་ལྕི་ཡང་སྣ་ཚོགས་ཤོར་རུང
ང་རང་མུ་མཐུད་དུ་ལམ་བུ་འདིར་ཆས་ཏེ
བདེ་སྐྱིད་ཀྱི་ལྷན་འཛོམས་ཤིག་ཅིས་ཀྱང་འཚོལ་དགོས
ལྷན་འཛོམས་མ་རྙེད་བར་དུ་བསམ་གཞིག་ནི་ངའི་སྐྱོ་རོགས་ཡིན་ལ
ཁྱོད་ཀྱི་འཛུམ་ཞལ་དང་མིག་ཀོང་ནི་ངའི་འཛད་མཐའ་མེད་པའི་དྲན་གདུང་ཡིན
བརྩེ་དུང༌།
འཇིག་རྟེན་པའི་སྣང་ངོར་ཆེས་མཛེས་པའི་ཐ་སྙད་ཅིག
བདེ་སྣང་གི་ཚོར་བའི་ཟོལ་གྱིས
འདོད་ཁམས་པའི་དབང་རྩ་བརྒྱུད་དེ་སྙིང་ཁམས་འཐམས
ཆེས་ཐོག་མར
འཇིག་རྟེན་འདིའི་མཐར་ཐུག་གི་མཛེས་སྡུག་ཁེར་རྐྱང་བཞིན
སྙིང་ཁོང་ནས་ཀླད་གཙུག་བར
དུང་འདུན་གྱི་བསྟོད་གླུ་བར་མེད་འཐེན
ཟུར་མིག་དང་བརྩེ་མདངས་ཤ་སྟག་གིས
དུང་སེམས་གཙང་མའི་རྣམ་ཤེས་བཀུག
ཉིན་དེ་ནས
འཇིག་རྟེན་པའི་སྨྲ་སྒོར་གཏམ་ནད་གསར་པ་ཞིག་གི་ཁ་བྱང་སྣོན
ཁ་དོག་མི་གཅིག་པའི་རྣམ་ཤེས་གཉིས་ཀྱི་བསམ་གཞིག་རྡོག་སྣེ་གཅིག་ཏུ་དྲིལ
ཐ་ན་རྨི་ལམ་གྱི་ཞིང་ནས་ཀྱང
བསླུ་བྲིད་དང་གཡོ་སྒྱུ་ལས་མཆེད་པའི་འགྱུར་ཁུག་མངར་མོ
སུ་ཞིག་གིས་ཞེན་ཆགས་ཀྱིས་འགྲེང་བའི་ཐོས་འཛིན་དུ་བདུད་རྩི་བཞིན་ཕབ་ལ་སྦྲང་རྩི་བཞིན་འཁྱིལ
སྟོང་བསམ་སྒྱུ་འཕྲུལ་གྱི་སྣང་བརྙན་མཛེས་པོ་ཞིག
སུ་ཞིག་གིས་ཡིད་ཆེས་ཀྱིས་འཚེར་བའི་མིག་ཀོང་དུ་ཧམ་སེམས་ཀྱིས་སྤར
དེ་ལྟར་ཅི་ཞིག་ཐོབ་འདོད་ཀྱི་ཆགས་ཞེན་དྲག་ཏུ་སྤུངས
ལྷིང་འཇགས་ཀྱི་འཇིག་རྟེན་ཞིག་གི་འོ་ཟོ་རུ་ཞོ་དཀར་རར་ཆགས་པའི་དྲི་མེད་དྭངས་གཙང་གི་
སྙིང་ཆུང་རྡོག་པོ་གནོད་སེམས་དང་གཡོ་ཟོལ་གྱི་སྦར་མོས་ཁྲག་དྲོན་བཞིན་དུ་དཀྲུགས
ད་དུང
མཚར་སྡུག་དང་རིན་ཐང་བྲལ་ཞིང་ཡོད་ཚད་ལྗན་ལྗིན་དང་མཚུངས་པའི་གསང་བྱ་ཟླུམ་པོ
ཧམ་སེམས་དང་འཁྲུལ་སྣང་གིས་བརླན་པའི་ལྕེ་རྩེར་འཚང་ཁ་ཤིག་ཤིག
གང་ལྟར་་་་་་་་་་་འོན་ཀྱང
ནམ་ཟླའི་འཁོར་སྐྱོད་དང་ཉིན་ཞག་གི་ཐུ་འོག་ནས
ཨ་གསར་དང་འགྱུར་བག་གི་རྡོག་བར་ནས
ཁ་སང་གི་མཛེས་སྣང་གོང་བུ
མིག་ཆུ་དང་སྡུག་ཡུས་ཀྱི་བརྗོད་བྱ་ཉག་གཅིག་གྱུར
གཡས་གཡོན་མདུན་རྒྱབ་ཀུན་ཏུ་སྐྱོ་གདུང་གི་ཤུགས་གླུ་བར་མེད་དྲངས
རིམ་བཞིན
ཤུགས་གླུ་རེ་རེའི་མཇུག་བྱང་དུ་གཟུགས་མེད་ཀྱི་གདོན་འདྲེ་གཞན་ཞིག་གིས་ལག་གཡུག་
དང་མཉམ་དུ་སླར་ཡང་
འཁྲུལ་སྣང་གསར་བ་ཞིག་གི་འགོ་བརྗོད་བཀོད
བརྩེ་དུང་ནི་འགྱུར་བག་རྐྱེན་པའི་སྤྲིན་དཀར་ཁྱུ་གཅིག
སྐབས་རེར
མི་སེམས་ལ་བརྗོད་མེད་ཀྱི་བདེ་སྣང་ཕངས་མེད་དུ་བྱིན་ལ
སྐབས་རེར
བསྲན་མི་ཚུགས་པའི་གྲང་རེག་གཟན་པོས་སྙིང་ཁ་བཀས
རྒྱལ་མོ་རྔུལ་ཆུར་འབོད་པ།
ཀ
དང་པོ་ལམ་ལ་ཆས་དུས་་་་་་་་་་་་
རྒྱལ་ཁའི་ངུར་དབྱངས་གངས་དཀར་རྒྱལ་མོའི་བྲང་དུ་བསྐྱིལ
ཁྱོད་ནི་ཁ་བའི་ཟུངས་ཁྲག་ཡིན
ཁ
ཡུན་རིང་གི་འགྲུལ་བཞུད་དེའི་ལམ་དུ
ཁྱོད་ལ་འཛུམ་མདངས་དང་མེ་ཏོག་མང་པོས་རྟག་ཏུ་བརྟས
གྲགས་སྟོབས་འབར་བའི་མིང་གི་ཡིག་འབྲུ་འཛམ་གླིང་གི་ཆེས་ཡངས་པའི་པང་ན
གཟི་བྱིན་གྱིས་འཕུར
རྒྱལ་མོ་རྔུལ་ཆུ་
ཁྱོད་ཀྱིས་རྟོགས་སད་དང་སྤྲོ་སྣང་གིས་དབྱངས་རྟ་གྱེར་བཞིན
ཡིད་འོང་གི་རྩྭ་ཐང
དྭངས་གཙང་གི་ཆུ་མིག
མཛེས་སྡུག་གི་མེ་ཏོག
འཛམ་གླིང་འཛིན་མའི་ཡོད་ཚད་ལ་གཡས་བསྐོར་བརྒྱབ་ཏེ
སའི་གོ་ལར་ལྗོངས་ན་ཕྱིན་པ་ནས
ང་དང་ང་འདྲ་བའི་གངས་ཕྲུག་གི་རེ་ལྟོས་དང་ང་རྒྱལ་ཁྱོད་ལ་ཤོར
རྒྱལ་མོ་རྔུལ་ཆུ་
གངས་ལྗོངས་ནི་ཁྱོད་ཀྱི་ཕ་ས་ཡིན་ལ
རྩྭ་ཐང་ནི་ཁྱོད་ཀྱི་ཁྱིམ་གཞིས་ལགས
ངས་ཁྱེད་ཀྱི་རྣམ་ཐར་བཀླགས་ཉིན་ནས
ང་ལ་ཅི་ཡང་མེད་ཀྱང་སྤྲོ་བས་བརྟས
ག
རྒྱལ་མོ་རྔུལ་ཆུ་
འདས་ཟིན་པའི་ལོ་ཟླ་འདི་དག་ལ
ཁྱེད་ཀྱིས་ཞི་བདེའི་ཟེགས་མ་བཀྱེ་བཞིན་དལ་བ་དལ་བུར་བཞུར
རྩྭ་རྐང་ཉག་མ་རེ་རེ་ཁྱོད་ཀྱི་ཟུངས་ཁྲག་དྲོན་མོས་ལང་ཚོ་སྐྱེད
ཁྲ་ཚོགས་མེ་ཏོག་ལ་དུང་བའི་ཕྱེ་ལེབ་སྒེག་མོ
ཁྱོད་ཀྱི་བྲང་གཞུང་ན་སྤྲོ་བས་ལྡིང
ང
རྒྱལ་མོ་རྔུལ་ཆུ་
དེ་རིང
འཛམ་གླིང་ཡང་སྟེང་ནས
ཁྱོད་ཀྱི་ལང་ཚོའི་གླུ་དབྱངས་དེ་སྙན་ངག་གིས་གྱེར་དུས
ཁྱོད་ཀྱི་མངའ་ཐང་མཛེས་སྡུག་གི་ཉི་ཟླ་དང་མཉམ
རྒྱལ་མོ་རྔུལ་ཆུ་
བརྩེ་དགོད་ཀྱི་རྒྱང་བཞུད་ལམ་ན
ཁྱོད་ཀྱི་ལྷག་བསམ་དང་གཟི་མདངས་སྔར་ལས་རྒྱས་པར་སྨོན
སྒོར་མོ།
ངས་ཁྱོད་རང་ངོ་ཤེས་པ་ནས
ཁྱོད་ཀྱི་གྲགས་པ་འབར་བའི་མིང་གི་ཡིག་འབྲུ་ཡིས་ཡུལ་འདིའི་
དབྱིངས་སུ་མ་ཁྱབ་པ་མེད
མི་ཚོགས་ཀྱི་རུམ་ཁ་ན་ཁྱོད་རང་ཅི་འདྲའི་གཅེས་ཨང
ཁྱོད་ཀྱི་དོན་དུ་ཚོང་དཔོན་ཚོས
འདི་ཕྱི་བརྗེད་ཅིང་རྒྱལ་བློན་ཚོ་རླུང་ལངས
ཁྱོད་ཀྱི་ཕྱིར་དུ་ལས་བྱེད་ཚོས་སྤྱི་དོན་བརྗེད་ཅིང་གླ་པ་ཚོས་ཕ་ས་བརྗེད
ཁྱོད་ཀྱི་ཆེད་དུ་སྟག་ཤར་ཚོས་རང་སྲོག་ཤོར་ཞིང་སྨན་ཤར་ཚོས་རང་ལུས་བཙོང
ཁྱོད་ཀྱི་དོན་དུ་འབྲོག་པ་ཚོས་ཁ་ཆར་བསྲན་ཅིང་ཞིང་པ་ཚོས་ཚ་གང་བཟོད
ཁྱོད་ཐོབ་ཕྱིར་་་་་་་་་་་ཁྱོད་ཡོད་པ་ནས
འབྱོར་ལྡན་བྱིས་པ་ཁྲི་ལ་འཁོད་ཅིང་ལུགས་མིན་དཔོན་པོས་ལྟག་སྒོ་རྙེད
ཁ་མཁས་དཔོན་གྱིས་གོ་ས་ཐོབ་ཅིང་མ་འབད་སློབ་མས་ལག་འཁྱེར་རྙེད
བཙུན་པའི་ལྕི་ཁྲིམས་ཡང་དུ་ཕྱིན་ཞིང་རྒན་པོས་ལོ་ཆུང་དགའ་མ་རྙེད
ཨ་ནེ་ཨ་ཁུའི་འཁོར་སྡེ་མང་ཞིང་སྡང་བའི་དག་ཡང་གྲོགས་སུ་གྱུར
འདི་ལྟར
འཇིག་རྟེན་འདིར་ཁྱོད་ཀྱིས་མ་བསྐང་བའི་སྟོང་ཆ་ཞིག་མེད་པས
གོ་ལ་འདི་ཁྱོད་ཀྱི་དོན་དུ་བྲེལ་འཚུབ་ཆེ
སེམས་ཅན་ཚོ་ཁྱོད་ཀྱི་ཆེད་དུ་བང་ཁ་གཤིབ
སྒོར་མོ གནས་ལུགས་དང་བདེན་དོན་མེད་ས་ན
སྒོར་མོ གཡོ་སྒྱུ་དང་བསླུ་བྲིད་མང་ས་ན
རྙོག་དྲ་དང་འུར་ཟིང་གང་མང་གི་གཏམ་རྒྱུད་སློང་བཞིན
ས་སྒང་འདིའི་ཡོད་ཚད་དབང་གིས་སྒྱུར་དུས
འཇིག་རྟེན་འདི་ཁྱོད་ཀྱི་དོན་དུ་འཇིག་དགོས་སམ
སྒོར་མོ་་་་་
ང་༌།
ངས་ང་རང་ཤེས་པ་ནས
འཇིག་རྟེན་གྱི་ཡོད་ཚད
བདག་འཛིན་གྱི་བུ་མོས་པང་དུ་བླངས
སོས་མི་དལ་བའི་འདུ་ལོང་ཁྲོད
ངས་ང་རང་བོར་ཞིང་ང་རང་བཙལ
མེ་ལོང་ལས་རྙེད་པའི་ང
སྤྲོ་འཛུམ་དང་དགོད་སྒྲས་མྱོས
བསམ་གཞིག་ལས་སློང་བའི་ང
འདོད་ཡོན་དང་ཆགས་སྡང་གིས་མནར
བེམ་རོ་མེད་པའི་རྣམ་ཤེས་འཁྱམ་པོ
མངོན་མེད་ཀྱི་རྒྱབ་ལྗོངས་ནས
ཁ་བ་ལྟར་འཁྱག་ལ་རླུང་དམར་ལྟར་གཙེས
ང་ང་རང་ལ་ཞེན་པ་ལོག་ཅིང
རང་གི་ཡོད་ཚད་ལ་ཁ་གཏད་མི་ཕོད་ཀྱང
མི་བཟོད་པའི་ཆགས་ཞེན་ཟབ་མོས
ང རང་གི་བྲང་ཁོག་ལས་འབུད་མ་ཐུབ
སྤྲིན་ནག་འཐིབས་ཤིང་དྲག་ཆར་ལྡང་བའི་ཉིན་དེར
ངས་འཇིག་རྟེན་གཞན་ཞིག་གི་མཚར་སྡུག་བསྒོམ་ཞོར
མིག་ཆུ་མིད་ཅིང་མགྲིན་སྒོ་བརྣངས
རེ་སྨོན་གྱི་ཚོར་འདུ་དྲག་པོ་རྣམ་ཤེས་ལ་འདྲེས་ཏེ
ཁ་ཐག་རིང་བའི་སྒྲུབ་ཕུག་དེ་རུ
གོམ་པ་གང་མདུན་དུ་སྤོས
ཕྱི་མིག་ན
ང་རང་ཧ་ཅང་སྙིང་རྗེ་ལ་ཡིད་མུག