ངས་ལག་ལ་བཟུང་བའི་དཀར་ཡོལ་འདི།
སྨད་རྒྱ་ནག་ཡུལ་གྱི་ཁྱད་ནོར།
གངས་ཅན་བོད་ཀྱི་འཕགས་ནོར།
དཀར་ཡོལ་བཀྲ་ཤིས་ཡུ་རིང་ཟེར།
འདིའི་ཁ་ལ་བཀྲ་ཤིས་རྟགས་བརྒྱད།
བར་ལ་རྒྱལ་སྲིད་སྣ་བདུན།
འདབས་ན་པད་མ་འདབ་བརྒྱད།
ནང་ལ་འཁོར་ལོ་རྩིབས་བརྒྱད།
སེར་པོ་གསེར་གྱི་ཁ་ཤན།
དཀར་པོ་དངུལ་གྱི་ར་མདོག
དམར་པོ་བྱུ་རུའི་མཚལ་མདོག
དྲུག་དཀར་གཡུ་ཡི་སྔོ་མདོག
འཇའ་ཚོན་སྣ་ལྔ་ཤར་འདྲ།
དགེ་མཚན་དུ་མ་དང་ལྡན་ཞིང་།
ནང་གི་སྐྱེམས་ཆང་འདི་ནི།
སྟོད་རྒྱ་གར་ཡུལ་གྱི་འབྲས་ཆང་དཀར་པོ་དང་།
སྨད་རྒྱ་ནག་ཡུལ་གྱི་རྒུན་ཆང་སྨུག་པོ།
བར་དབུ་ནག་བོད་ཀྱི་ནས་ཆང་ཁམ་པ།
ལོ་ལ་བསྙལ་བའི་ལོ་ཆང་།
ཞག་ལ་བསྙལ་བའི་ཞག་ཆང་ཡིན།
དཀར་ཆང་བདུད་རྩི་ཟེགས་མ།
སེང་ཆང་སྨན་དང་བཟང་དྲུག
ཞིབ་ཆང་ཀ་ར་བུ་རམ།
བཀྲ་ཤིས་པའི་བཀྲ་ཆང་།
དོན་འགྲུབ་པའི་དོན་ཆང་།
ཚེ་རིང་བའི་ཚེ་ཆང་ཡིན་པས།
སྐུ་མགྲོན་རྣམ་པ་ཚོས་ཐུགས་དགྱེས་ཐོག་ནས་བཞེས་རོགས་མཛོད།
ཕ་རྒྱུད་གངས་རི་ཏི་སི།
གངས་ཕྲན་གཞན་གྱི་འགྲན་ཡ་མེད།
མ་རྒྱུད་མ་ཕམ་གཡུ་མཚོ།
མཚོ་ཕྲན་གཞན་ལ་བསྡུར་ས་མེད།
བུ་ཕ་ལས་ལྷག་པའི་རྟེན་འབྲེལ།
བུ་མོ་མ་ལས་རྒྱལ་བའི་སྨོན་ལམ།
བུ་ཚ་རབས་རྒྱུད་ནས་ཕུན་སུམ་ཚོགས་པའི་སྨོན་ལམ།
མི་ཕྱུག་གི་ཇ་ཆང་འཐུང་ས་ཡོང་བའི་རྟེན་འབྲེལ།
མི་ཆད་ཀྱི་བེར་ག་བཞག་ས་ཡོང་བའི་སྨོན་ལམ།
རྟ་ཆད་ཀྱི་སྒ་ཆས་བཞག་ས་ཡོང་བའི་རྟེན་འབྲེལ།
བྱ་བརྒྱ་འཁོར་བའི་ལྕང་མ་ཡོང་བའི་སྨོན་ལམ།
བྱེའུ་བརྒྱ་འཁོར་བའི་ཚེར་ཕུང་ཡོང་བའི་སྨོན་ལམ།
སྐྱེས་ཐོབ་ཀྱི་ཤེས་རབ་རྒྱས་པའི་སྨོན་ལམ།
སྦྱངས་སྟོབས་ཀྱི་ཡོན་ཏན་ཟབ་པའི་སྨོན་ལམ།
ཐོས་རྒྱ་ཡི་རྣ་ལམ་ཡངས་པའི་སྨོན་ལམ།
ཤེས་བྱ་ཡི་གོ་རྟོགས་ལྡན་པའི་སྨོན་ལམ།
ལོ་བརྒྱ་འཐོབ་པར་གྱུར་ཅིག
སྟོན་བརྒྱ་འཐོང་བར་གྱུར་ཅིག
ཕུ་ལ་སྒྲུབ་པའི་སྒོམ་ཆེན་དང་།
མདའ་ལ་བཞུགས་པའི་ཡོན་བདག་གཉིས།
འཚང་མཉམ་པོར་རྒྱ་བའི་བཀྲ་ཤིས་ཤོག།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས།
ཨེ་མ་བག་དྲོ་སྐུ་ཁམས་བཟང་།
གཏན་དུ་བདེ་བ་འཐོབ་པར་ཤོག