དཀར་མཛེས་ཁུལ་གྱི་འགོ་འཛིན་གཞོན་པ་ཏང་དང་ལས་གནས་ནས་ཕུད།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-17
ཉིན་ཤས་གོང་། སི་ཁྲོན་ཞིང་ཨུའི་ཆོག་མཆན་ཐོབ་པ་བརྒྱུད་ཞིང་ཆེན་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ལྷན་གྱིས་དཀར་མཛེས་ཁུལ་ སྲིད་གཞུང་གི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་འགོ་འཛིན་གཞོན་པ་ཧོ་ཁང་ལིན་གྱིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད།
ཞིབ་བཤེར་བྱས་པ་བརྒྱུད། ཧོ་ཁང་ལིན་གྱི་ཕུགས་བསམ་དང་དད་སེམས་ཉམས་པ་དང་། སྒྲིག་ཁྲིམས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་ཞན་པ། ཏང་ལ་དྲང་པོ་མིན་པ། རྩ་འཛུགས་ཀྱི་ཞིབ་བཤེར་དང་ཁ་གཏད་དུ་ལངས་པ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་ནས་གཞུང་དྲང་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་སྐྱེས་དངུལ་དང་དྲང་གཞག་ངང་གཞུང་དོན་སྒྲུབ་པར་ཤུགས་རྐྱེན་ཐེབས་སྲིད་པའི་ཡུལ་སྐོར་བྱེད་སྒོའི་བཀོད་སྒྲིག་དང་ལེན་བྱས་པ། འབྲེལ་ཡོད་དོན་དག་སྦ་གསང་བྱས་ནས་སྙན་སེང་མི་ཞུ་བ་དང་། རྩ་འཛུགས་ཀྱིས་ཡིག་སྐུར་འདྲི་རྩད་བྱེད་སྐབས་གནད་དོན་ཇི་མ་ཇི་བཞིན་གསལ་བཤད་མི་བྱེད་པ། སྒེར་གྱིས་སྤྲོད་དགོས་པའི་འགྲོ་གྲོན་རྣམས་མི་གཞན་ལ་གཏོང་དུ་འཇུག་པ། ལས་གནས་ཐོག་གི་སྟབས་བདེར་བརྟེན་ནས་རྣམ་གྲངས་སྒྲུབ་འགན་ལེན་པ་དང་མ་དངུལ་སྤྲོད་པ་སོགས་ཀྱི་ཐད་མི་གཞན་ལ་ཁེ་ཕན་རག་ཐབས་བྱེད་པ་དང་འབྲེལ་རྒྱུ་ནོར་ཧ་ཅང་འབོར་ཆེན་བླངས་ཡོད།
ཧོ་ཁང་ལིན་གྱིས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་ལས་ཐོག་ཁྲིམས་འགལ་གྲུབ་པ་དང་འབྲེལ་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་ཚོད་མི་བཟུང་བ་དང་མཚམས་མི་འཇོག་པ། ངོ་བོ་ཚབས་ཆེ་བ། ཤུགས་རྐྱེན་ངན་པ་བཅས་ཡིན་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་ལས་དོན་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སི་ཁྲོན་ཞིང་ཆེན་སྒྲིག་ཨུ་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་ཞིང་ཨུ་ལ་ཆོག་མཆན་ཞུས་ནས་ཧོ་ཁང་ལིན་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུའི་གཏན་འབེབས་བྱས་པ་དང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཁོ་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ་དང་། དེའི་ནང་དཀར་མཛེས་ཁུལ་གྱི་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་གོ་གནས་འཐེན་རྒྱུ། དེའི་ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན་བྱ་དགོས། དེའི་ཉེས་བསགས་དོགས་གནད་ཡོད་པའི་གནད་དོན་རྣམས་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་དང་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་བྱ་རྒྱུ་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་བཅས་ཐག་བཅད།
ཧོ་ཁང་ལིན་གྱི་ལོ་རྒྱུས་མདོར་བསྡུས།
ཧོ་ཁང་ལིན། སྐྱེས་པ། བོད་རིགས། 1963ལོའི་ཟླ་6པར་སྐྱེས། སི་ཁྲོན་དར་མདོ་ནས་ཡིན། ཞིང་ཆེན་ཏང་གི་སློབ་གྲྭའི་ལས་ཐོག་སློབ་ཆེན་གྱི་སློབ་གཉེར་བརྒྱུད་རིམ་ལྡན། 1981ལོའི་ཟླ་8པར་ལས་ཀར་ཞུགས། 1987ལོའི་ཟླ་6པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས།
1981ལོའི་ཟླ་8པ་ནས་1984ལོའི་ཟླ་3པའི་བར་དར་མདོ་རྫོང་སྨད་པ་སློབ་ཆུང་དུ་དགེ་རྒན་བྱས།
1984ལོའི་ཟླ་3པ་ནས་1990ལོའི་ཟླ་11པའི་བར་དར་མདོ་རྫོང་ཨུའི་ཏང་གི་སློབ་གྲྭར་དགེ་རྒན་བྱས།
1990ལོའི་ཟླ་11པ་ནས་1991ལོའི་ཟླ་11པའི་བར་དར་མདོ་རྫོང་ཨུའི་གཞུང་ལས་ཁང་དུ་ལས་ཀ་བྱས།
1991ལོའི་ཟླ་11པ་ནས་1992ལོའི་ཟླ་9པའི་བར་དར་མདོ་རྫོང་ཨུའི་གཞུང་ལས་ཁང་གི་ཞང་རིམ་པའི་དྲུང་ཡིག་བྱས།
1992ལོའི་ཟླ་9པ་ནས་1993ལོའི་ཟླ་4པའི་བར་དར་མདོ་རྫོང་ཨུའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་འཁུར།
1993ལོའི་ཟླ་4པ་ནས་1997ལོའི་ཟླ་3པའི་བར་དར་མདོ་རྫོང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གི་འགན་འཁུར།
1997ལོའི་ཟླ་3པ་ནས་1998ལོའི་ཟླ་6པའི་བར་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་པུའུ་ཡི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་འཁུར།
1998ལོའི་ཟླ་6པ་ནས་2000ལོའི་ཟླ་12པའི་བར་དཀར་མཛེས་ཁུལ་སྲིད་གཞུང་གི་གཞུང་ལས་ཁང་གི་སྲིད་འཛིན་ཁོའོ་ཡི་ཁོའོ་ཀྲང་གི་འགན་འཁུར།
2000ལོའི་ཟླ་12པ་ནས་2003ལོའི་ཟླ་10པའི་བར་དཀར་མཛེས་ཁུལ་སྲིད་གཞུང་གི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པའི་འགན་འཁུར།
2003ལོའི་ཟླ་10པ་ནས་2005ལོའི་ཟླ་2པའི་བར་དཀར་མཛེས་ཁུལ་ཨུའི་ཁུལ་སྲིད་གཞུང་གི་སྣེ་ལེན་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་འཁུར།
2005ལོའི་ཟླ་2པ་ནས་2008ལོའི་ཟླ་8པའི་བར་དཀར་མཛེས་ཁུལ་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ་དང་། ཁུལ་ཨུའི་ཁུལ་སྲིད་གཞུང་གི་སྣེ་ལེན་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་འཁུར།
2008ལོའི་ཟླ་8པ་ནས་2009ལོའི་ཟླ་3པའི་བར་ཕྱག་ཕྲེང་རྫོང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། རྫོང་དཔོན་གཞོན་པ། རྫོང་དཔོན་ལས་ཚབ་བཅས་ཀྱི་འགན་འཁུར།
2009ལོའི་ཟླ་3པ་ནས་2011ལོའི་ཟླ་10པའི་བར་ཕྱག་ཕྲེང་རྫོང་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གྱི་འགན་འཁུར།
2011ལོའི་ཟླ་10པ་ནས་2014ལོའི་ཟླ་5པའི་བར་ཕྱག་ཕྲེང་རྫོང་ཨུའི་ཧྲུའུ་ཅིའི་འགན་འཁུར།
2014ལོའི་ཟླ་5པ་ནས་2016ལོའི་ཟླ་4པའི་བར་དཀར་མཛེས་རྫོང་ཨུའི་ཧྲུའུ་ཅིའི་འགན་འཁུར།
2016ལོའི་ཟླ་4པར་དཀར་མཛེས་ཁུལ་སྲིད་གཞུང་གི་ཏང་ཙུའི་ཁོངས་མི་དང་འགོ་འཛིན་གཞོན་པའི་འགན་འཁུར།