《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 11-18




    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་11ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་22པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《མར་ཁེ་སི་རིང་ལུགས་དང་དེ་ཉིད་ཀྲུང་གོ་ཅན་གྱི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོས་རྒྱུ་མཐའ་འཁྱོངས་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད།
    གསུང་རྩོམ་ནང་ནན་བཤད་གནང་དོན། མར་ཁེ་སི་རིང་ལུགས་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་ཚན་རིག་དང་མཐུན་པའི་ངང་གསལ་སྟོན་བྱས་ནས་མིའི་རིགས་ཀྱིས་རང་ངོས་བཅིངས་འགྲོལ་གྱི་ལམ་བུ་འཚོལ་ཞིབ་བྱ་རྒྱུར་གསལ་སྟོན་བྱས་ཏེ་མིའི་རིགས་ཀྱི་ཤེས་དཔལ་འཕེལ་རིམ་ལ་སྐུལ་འདེད་བཏང་ཡོད། མར་ཁེ་སི་རིང་ལུགས་ནི་ང་ཚོས་ཏང་དང་རྒྱལ་ཁབ་འཛུགས་པའི་རྩ་བའི་མཛུབ་ཁྲིད་བསམ་བློ་ཡིན་ལ། རང་རེའི་ཏང་གི་བླ་སྲོག་དང་དར་ཆའང་རེད། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་མོ་ནས་བཟུང་མར་ཁེ་སི་རིང་ལུགས་དེ་རང་ཉིད་ཀྱི་དར་ཆའི་ཐོག་གསལ་པོར་བྲིས་ཡོད། རང་རེའི་ཏང་འདི་ཉིད་སྔ་ཕྱི་བར་གསུམ་དུ་བདེ་ལམ་དང་འཕྲང་ལམ་གང་ཞིག་བརྒྱུད་སྐབས་ཀྱང་མར་ཁེ་སི་རིང་ལུགས་ལ་དད་སེམས་བརྟན་པོ་འཆང་རྒྱུར་གཡོ་འགུལ་གཏན་ནས་ཐེབས་མྱོང་མེད། ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཡག་དོན་དེ་མཐར་གཏུགས་ནས་བཤད་ན་མར་ཁེ་སི་རིང་ལུགས་འགྲིག་པས་རེད། མར་ཁེ་སི་རིང་ལུགས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་རྩ་བའི་གནད་དོན་དེའི་ཐད་ང་ཚོས་ངེས་པར་དུ་བློ་བརྟན་འགྱུར་མེད་ངང་དུས་ནམ་ཞིག་དང་གནས་ཚུལ་གང་ཞིག་གི་འོག་ཏུའང་གཡོ་འགུལ་གཏོང་མི་རུང་།
    གསུང་རྩོམ་ནང་བསྟན་གནང་དོན། རང་རེའི་ཏང་གི་ལོ་རྒྱུས་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་ལ་སྐུལ་འདེད་གཏོང་བ་དང་མར་ཁེ་སི་རིང་ལུགས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཤིག་རེད་ལ། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སྤྱད་དེ་ཀྲུང་གོ་ཤེས་རྟོགས་དང་སྒྱུར་བཀོད་བྱེད་པའི་ལོ་རྒྱུས་ཤིག་ཀྱང་རེད། ལོ་ངོ་བརྒྱའི་རིང་། རང་རེའི་ཏང་གིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མའོ་ཙེ་ཏུང་གི་དགོངས་པ་དང་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་གསར་གཏོད་བྱས་པ་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་གྲུབ་པ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གསར་གཏོད་བཅས་བྱས་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་རྒྱུན་ཆད་མེད་པར་རྣམ་པ་གསར་པ་གཏོད་རྒྱུར་མཛུབ་ཁྲིད་བྱས་ཡོད། རིགས་པའི་གཞུང་ལུགས་ཀྱི་གསོན་ཤུགས་ནི་རྒྱུན་ཆད་མེད་པར་གསར་གཏོད་བྱ་རྒྱུ་དེ་ཡིན་པ་དང་། མར་ཁེ་སི་རིང་ལུགས་ཟམ་མི་ཆད་པར་གོང་དུ་འཕེལ་བར་སྐུལ་འདེད་གཏོང་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་བླ་ན་མེད་པའི་འགན་འཁྲི་ཡིན། ང་ཚོས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དེ་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་མར་ཁེ་སི་རིང་ལུགས་ཀྱིས་དུས་རབས་ལ་ལྟ་ཞིབ་དང་། དུས་རབས་ལ་སྟངས་འཛིན། དུས་རབས་ལ་ཁྲིད་སྟོན་བཅས་བྱས་ཏེ་དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་མུ་མཐུད་འཕེལ་རྒྱས་གཏོང་དགོས།
    གསུང་རྩོམ་ནང་བསྟན་གནང་དོན། རིགས་པའི་གཞུང་ལུགས་གསར་གཏོད་གོམ་པ་གང་མདུན་དུ་སྤོས་ཚེ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་དེའང་གོམ་པ་གང་མདུན་དུ་སྤོ་དགོས། རིགས་པའི་གཞུང་ལུགས་ཀྱི་བློ་སྦྱོང་ནི་ལས་བྱེད་པའི་ཕྱོགས་བསྡུས་བྱང་ཚད་ཀྱི་སྲོག་ཤིང་ལྟ་བུ་ཡིན་ཞིང་། རིགས་པའི་གཞུང་ལུགས་ཐད་ཀྱི་གནད་སྨིན་འཐུས་ཚང་ནི་ཆབ་སྲིད་ཐད་ཀྱི་གནད་སྨིན་འཐུས་ཚང་གི་རྨང་གཞི་ཡིན་པ་དང་། ཆབ་སྲིད་ཐད་ཀྱི་བློ་བརྟན་འགྱུར་མེད་ནི་རིགས་པའི་གཞུང་ལུགས་ཐད་ཀྱི་རིག་པ་དྭངས་གསལ་ལས་བྱུང་བ་ཞིག་རེད། དོན་སྙིང་ངེས་ཅན་ཞིག་གི་ཐོག་ནས་བཤད་ན། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་གཏིང་ཟབ་ཚད་ཁོང་དུ་ཆུད་པ་བྱ་རྒྱུ་དེས་ཆབ་སྲིད་ཀྱི་ཚོར་བ་སྐྱེན་ཚད་དང་། བསམ་བློའི་མཐོང་རྒྱ་ཆེ་ཚད། བསམ་པའི་འཁྱེར་སོའི་མཐོ་ཚད་བཅས་ཐག་གཅོད་ཐུབ་ཀྱི་ཡོད། འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་ལས་བྱེད་པའི་ངོས་ནས་བཤད་ན། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རིགས་པའི་གཞུང་ལུགས་བརྒྱུད་རིམ་ལྡན་པའི་ངང་ཁོང་དུ་ཆུད་པ་བྱ་རྒྱུ་ནི་ནུས་རྩལ་ཡག་ཤོས་སུ་བརྩི་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1