[ནང་དོན་གནད་བསྡུས།] བོད་ལུགས་གསོ་རིག་གི་པགས་ནད་གླང་ཤུ་ཞེས་པ་ནི་གླང་གི་གཉའ་སྟེང་གི་པགས་པའམ་གླང་པོ་ཆེའི་པགས་པ་ལྟར་མཐུག་རྩུབ་སྲ་མཁྲེགས་ཅན་དང་ཟ་འཕྲུག་ལངས་ཤིང་ཤུ་བ་ཡང་འབྱུང་བའི་པགས་ནད་རྒྱུན་མཐོང་ཅན་ཞིག་རེད། ཁྱད་ཆོས་འདི་དག་ལ་གཞིགས་ནས་དེང་རབས་གསོ་རིག་དང་ཀྲུང་ལུགས་གསོ་རིག་གི་ནང་དུ་དེ་དང་ཆ་འདྲ་བའི་པགས་ནད་ཤན་གྱི་རིགས་ཁ་ཤས་དང་། རྩ་དཀར་རང་བཞིན་གྱི་པགས་ཚད། པགས་ནད་སྐྱ་འགྱུར། རྒྱ་སེ་སྤུན་པ་རྨ་འབྲུམ། ཉ་ཁྲབ་ནད་སོགས་ལོགས་སུ་བཀར་ནས་དེ་དག་གི་ནད་རྟགས་དང་ཁྱད་ཆོས། བཅོས་ཐབས། སྔོན་འགོག་སོགས་གསལ་བཀོད་བྱས་ཏེ་དབྱེ་ཞིབ་བྱས་པ་ན། པགས་ནད་འདི་དག་ནི་བོད་ལུགས་གསོ་རིག་གི་པགས་ནད་གླང་ཤུ་རེད་ཅེས་མཐའ་གཅིག་ཏུ་བརྗོད་དཀའ་མོད། འོན་ཀྱང་དེ་དག་ནི་གླང་ཤུ་ནད་ཀྱི་ཁོངས་སུ་བསྡུ་ཆོག་པར་སྙམ་སྟེ། འདི་ནི་པགས་ནད་ཞིབ་འཇུག་བྱེད་མཁན་དག་ལ་དཔྱད་གཞིའི་ཡིག་ཆའི་རིན་ཐང་ལྡན་པར་འདོད་དོ། །
[གནད་ཚིག] ཤན། རྩ་དཀར་རང་བཞིན་གྱི་པགས་ཚད། པགས་ནད་སྐྱ་འགྱུར། རྒྱ་སེ་སྤུན་པ་རྨ་འབྲུམ། ཉ་ཁྲབ་ནད།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] R29“214” [ཡིག་ཆའི་མཚོན་རྟགས།] A [རྩོམ་ཡིག་ཨང་རྟགས།] 1002-9060-2021-03-0175-14
བོད་ལུགས་གསོ་རིག་གི་གཞུང་《རྒྱུད་བཞི་》དང་།《མན་ངག་རིན་ཆེན་འབྱུང་གནས》 《ཉམས་ཡིག་བརྒྱ་རྩ་》སོགས་ཀྱི་ནང་དུ་པགས་ནད་ལ་རྒྱས་པར་ཕྱེ་ནས་དབྱེ་བ་སུམ་ཅུ་སོ་དྲུག་དང་བསྡུ་ནས་དབྱེ་བ་དགུ་དང་། བཅུ། བཅུ་བདུན་སོགས་མི་འདྲ་བ་མང་པོ་མཆིས་ཀྱང་། ཕལ་ཆེར་སྐབས་དེ་དུས་ཀྱི་པགས་ནད་ཀྱི་རིགས་བྱུང་ཚུལ་གྱི་མང་ཉུང་ལ་བརྟེན་ནས་དབྱེ་བ་བཀར་བ་ཡིན་པར་སྙམ། པགས་ནད་ཀྱི་ཡ་གྱལ་གླང་ཤུ་ཞེས་པ་ནི་ནད་ཀྱི་རྟགས་ལ་བལྟོས་ནས་བཏགས་པའི་པགས་ནད་རིགས་ཤིག་གི་མིང་སྟེ། 《སྐྱེམས་འགྲེལ་》ལས། “གླང་ཤུ་ནི་དཀྱིལ་སྲབ་ལ་འཇམ། མཐའ་རྩུབ་ལ་མཐུག་མཆེད་པར་བྱེད་པས་བས་ལྡག་ཅེས་བྱའོ། །” ②ཞེས་གསུངས་པར་རྨ་ཡོད་སའི་གནས་དེའི་དཀྱིལ་ནི་སྲབ་པ་པགས་སྐྱི་དང་ཕལ་ཆེར་ངོས་སྙོམས་ལ། རེག་བྱ་འཇམ་པ། མཐའ་ནི་དེ་ལས་ལྡོག་སྟེ་མཐུག་པའམ་རྒྱུན་ལྡན་གྱི་པགས་སྐྱི་ལས་ངོས་མཐོ་ལ་རེག་བྱ་རྩུབ་པ། དཀྱིལ་ནས་མཐའ་ལ་རིམ་བཞིན་མཆེད་པའམ་དཀྱིལ་ནས་མཐའ་ལ་རིམ་བཞིན་མཐུག་པོ་དང་རྩུབ་པོར་གྱུར་པའི་རྣམ་པ་ཞིག་ཡིན། 《མན་ངག་ཡིག་ཆུང་སྣ་ཚོགས་》ལས། “གླང་ཤུ་མདོག་སེར་ལྤགས་པ་ཚོས། །གླང་ནི་གཉའ་བ་འདྲ་ཞིང་ཟ། །” ③ཞེས་དང་། 《བུ་དོན་མ་》ལས། “གླང་ཤུ་མདོག་སེར་པགས་པ་ཀོར་ལེར་ཚོས། སྲ་ཞིང་ཟ་ལ་གླང་གཉའ་འདྲ། །” ④ཞེས་གསུངས་པར་གླང་ཤུ་ཡོད་སའི་པགས་པའི་མདོག་ནི་སེར་ཤས་ཆེ་ཞིང་ངོ་བོ་ནི་ཞིང་ས་རྨོ་བྱེད་ཀྱི་གླང་གི་གཉའ་སྟེང་གི་ཀོ་བ་ལྟར་མཁྲེགས་པོ་དང་མཐུག་པོར་གྱུར་པ། ཚོས་ཞེས་པ་ནི་གནས་དེ་ཡི་པགས་པའི་མཉེན་ཤ་དང་ནུས་པ་ཉམས་པ། མཁྲེགས་པོ་ཡིན་པས་ཤ་ཚོས་པ་དང་འདྲ་བས་ཚོས་སམ། ཡང་ན་གནས་དེའི་པགས་མདོག་སྔར་དང་མ་འདྲ་བར་ཚོས་བསྐུས་པ་དང་འདྲ་བས་ཚོས་ཞེས་པ་དང་། ཡང་གནས་དེ་ཆེར་རྒྱས་པ་དང་སོབ་སོབ་པོར་གྱུར་པས་ཚོས་ཞེས་པ་སྟེ། རྐང་ལག་ཆུའི་ནང་དུ་ཡུན་རིང་སྦངས་ན་མདོག་དཀར་པོ་དང་རྩུབ་པོ་ཆགས་པ། སོབ་སོབ་ཅན་དུ་འགྱུར་བ་ལ་ངག་རྒྱུན་དུ་ལག་པ་ཚོས་པ་དང་རྐང་པ་ཚོས་པ་ཞེས་བཤད་སྲོལ་ཡོད། གང་ཡིན་ཡང་གླང་ཤུའི་ངོ་བོ་དང་འགྲེལ་ཆགས་པར་སེམས། ཀོར་ལེར་ཞེས་པ་ལ་ཀོ་ལེར་ཞེས་འབྲི་སྲོལ་གཉིས་མཆིས་ཏེ། ཀོར་ལེར་ཞེས་པ་གླང་ཤུ་ཡི་དབྱིབས་མང་ཆེ་བ་ཀོར་མོ་ལྟ་བུ་ཡིན་པས་དབྱིབས་ལ་ངོས་བཟུང་ཡང་འགལ་བ་ཆེར་མེད་སྙམ། དེ་ནས་ཀོ་ལེར་ཞེས་པ་གནས་ངེས་མེད་དུ་འབྱུང་བའི་དོན་ཏེ། 《སྨན་སྦྱོར་གཅེས་བསྡུས་སྙིང་ནོར་》ལས།“གླང་ཤུ་མདོག་འགྱུར་པགས་པ་ཀོ་ལེར་ཚོས། །” ⑤ཞེས་པ་དང་། 《གཡུ་ཐོག་དགོངས་རྒྱན་》ལས། “ཀོ་ལེར་ནི་ལུས་ཀྱི་གནས་ངེས་མེད་ཀྱི་གནས་སུ་ན་ཟུག་གློ་བུར་དུ་ལྡང་བའི་མིང་།” ⑥ ཞེས་གསུངས་པར་འདི་སྐབས་ལུས་ཀྱི་གནས་མ་ངེས་པར་གླང་ཤུའི་ནད་གང་ས་གང་ནས་ཀྱང་འབྱུང་བ་ཞེས་ན་མི་འགལ་སྙམ།
གཞན་ཡང་《བེེཌུར་སྔོན་པོ་》ལས། “གླང་ཤུ་ནི་པགས་མདོག་སྐྱ་བོ་སེང་སེང་པོ་ལ་གཞིགས་ན་འབྲུམ་ཆུང་སྐྱ་སོབ་ཡོད་པར་བས་ལྡགས་ཀྱང་ཟེར།” ⑦ ཞེས་དང་། 《དྲང་སྲོང་ཞལ་ལུང་》ལས། “གླང་ཤུ་ནི་པགས་པའི་མདོག་འགྱུར་ནས་སྐྱ་སེང་ངེ་བ་འཐུག་ལ་རྩུབ་པ་འབྲུམ་ཆུང་སྐྱ་སོབ་ཡོད་པ་དེ་ལ་བས་ལྡག་ཀྱང་ཟེར།” ⑧ ཞེས་གསུངས་ཡོད་པར་གླང་ཤུ་ཡི་མདོག་ནི་ཉེས་གསུམ་གྱི་དབང་གིས་མདོག་ལ་སེར་ཤས་ཆེ་བ་དང་དཀར་ཤས་ཆེ་བ་སོགས་མི་འདྲ་བ་མཆིས་ཀྱང་། མཐོང་ཆེ་བ་ནི་ཁ་མདོག་སྐྱ་བོ་ཅན་ཡིན་ནོ། ། བས་ལྡགས་ཞེས་པ་བ་ཡིས་བེའུ་ལ་བལྡག་ན་བེའུ་ཡི་ལུས་སྟེང་གི་ལྡག་ཤུལ་གྱི་དཀྱིལ་གྱི་སྤུ་ཉལ་ནས་ལུས་སྟེང་ལ་འབྱར་བ་དང་། མཐའ་ཡི་སྤུ་ནི་ལངས་པ། འདིས་གླང་ཤུ་ཡི་དཀྱིལ་སྲབ་ལ་མཐའ་མཐུག་པོའི་ངོ་བོ་མཚོན་པར་འདྲ་ཆོས་ཀྱི་སྒོ་ནས་བས་ལྡགས་ཞེས་བཏགས་པ་ཡིན་ནོ། །མདོར་ན་གླང་ཤུ་ཞེས་པ་ནི་གླང་པོའི་གཉའ་པགས་སམ་གླང་པོ་ཆེའི་པགས་པ་ལྟར་ངོ་བོ་མཁྲེགས་ཤིང་སྲ་ལ། མཐུག་ཅིང་རྩུབ་པ། ཟ་ཞིང་ཤུ་བ་འབྱུང་བའི་པགས་ནད་ཅིག་གོ།
དང་པོ། གླང་ཤུ་ནད་ཀྱི་ངོས་འཛིན་གནས་བབས།
ཁོ་མོས་དང་ཐོག་བོད་ལུགས་གསོ་རིག་གི་པགས་ནད་གླང་ཤུ་ནི་ཀྲུང་ལུགས་གསོ་རིག་གི་“གླང་ཀོ་ཤུ་བ་”(牛皮 癣) ⑨དང་ཕྱི་ལུགས་གསོ་རིག་གི་“པགས་ནད་སྐྱ་འགྱུར་”(银屑病) ⑩ཞེས་པ་དག་དང་གཅིག་ཡིན་པར་འདོད། རྗེས་སུ་ཡིག་ཚགས་དང་པགས་ནད་ལ་མཁས་པའི་མཁས་དབང་རྣམས་ལ་བརྟེན་ནས་གླང་ཤུ་ཞེས་པའི་པགས་ནད་འདི་ལ་ཅུང་རྒྱུས་མངའ་ཡོད་པར་གྱུར། གླང་ཤུ་ནད་ཀྱི་མི་འགྱུར་བའི་རྟགས་ཏེ། པགས་པའི་ངོ་བོ་སྲ་མཁྲེགས་དང་རྩུབ་པོ་ཆགས་པ། མཐུག་པོར་གྱུར་པ་དང་ཤུ་བ་འབྱུང་ཞིང་ཟ་འཕྲུག་ལངས་པ་སོགས་ཀྱི་ཁྱད་ཆོས་དག་ལས་ཀྲུང་ལུགས་དང་དེང་རབས་གསོ་རིག་གི་པགས་ནད་རིགས་ཁ་ཤས་ཤིག་གསལ་བརྗོད་བྱེད་ཐུབ། འདི་ནི་པགས་ནད་ལ་ཞིབ་འཇུག་བྱེད་མཁན་དང་གསོ་བཅོས་བྱེད་མཁན་རྣམས་ལ་ཟུར་བལྟའི་ནུས་པ་ཞིག་འཐོན་ངེས་པར་སེམས་ནས་དཔྱད་པར་བྱ་བ་ལ།
གཅིག ཤན།⑪ (癣)
དེང་རབས་གསོ་རིག་གི་ཤན་ཞེས་པ་ནི་སྨར་སྲིན་ལས་སྐྱེད་པའི་པགས་ནད་ཀྱི་རིགས་ཤིག་ཡིན་ཏེ། འདི་ནི་མགོ་ལུས་སེན་མོ་བཅས་ཡོངས་ལ་འབྱུང་བ་དང་། བྱུང་སའི་གནས་དེ་ལ་འབྲུམ་ཕྲན་དང་ཆུ་བུར་དོན་པ། པགས་པ་མཁྲེགས་པོ་ཆགས་ལ་ཟ་འཕྲུག་ལངས་པ། ཤུ་བ་འབྱུང་བ་བཅས་ཀྱི་རྟགས་ཡོད་པར་མ་ཟད་འགོས་ཁྱབ་ལྡན་པ་སྟེ། ལུས་སྟེང་གི་གནས་གཅིག་ནས་གནས་གཞན། མི་ལས་མི་ཡི་བར། ཕྱུགས་ཟོག་ལས་མི་བཅས་བར་ལ་འགོ་བ་ཡིན། པགས་ནད་འདི་རིགས་ལ་བོད་ལུགས་གསོ་རིག་གི་པགས་ནད་གླང་ཤུ་ཡི་ཁྱད་ཆོས་ལྡན་ལ་པགས་ནད་ཤུ་བ་ཡི་ཁྱད་ཆོས་ཀྱང་ལྡན་པ་སྟེ། དུས་རབས་21པའི་《ཐོར་ནད་གསོ་བའི་དཔེ་དེབ་》ཏུ་འགོས་ཁྱབ་འབྱུང་བ་ནི་ཤུ་བ་ཡིན་ཞེས་འཁོད་འདུག་སྟེ། “ཤུ་བ་ནི་པགས་པའི་ཐོག་ཆུ་སེར་ཅན་གྱི་འབྲུམ་ཐོར་བྱུང་ནས་རྣག་ཆུ་འཛག་པ་དང་འགོས་ཁྱབ་འབྱུང་སླ་བའི་ནད་ཅིག་ལ་ཟེར།⑫ ཞེས་དང་། 《ཟླ་ཟེར་》ལས། “ཤུ་བ་ཞེས་བྱ་བའི་མཛེ་ནད་ནི་ཐོར་བུ་ཕྲ་མོ་དམར་པོས་ཀུན་ཏུ་ཁྱབ་ཀྱང་རྒྱས་པ་དང་། དེ་བཞིན་དུ་མཆེད་ཅིང་རྒྱ་ཆེར་འཕྲོས་པ་དང་། མདོག་རྩྭ་དཱུར་བ་འདྲ་བར་ལྗང་བ་དང་པགས་པ་ཟར་མའི་མེ་ཏོག་འདྲ་བར་སྔོ་བ་དང་། གཡའ་བ་སོགས་པའི་མཚན་ཉིད་དང་ལྡན་པ་ཡིན་ནོ། །” ⑬ ཞེས་གསུངས་པར་ཤན་གྱི་རིགས་ཡོངས་མཐའ་གཅིག་ཏུ་གླང་ཤུའམ་ཤུ་བའི་ཁོངས་སུ་བསྡུས་ན་ངེས་མི་ནུས་ཏེ། བྱུང་སའི་གནས་སམ་ངོ་བོ་མ་འདྲ་བར་ཤན་ཁ་ཤས་ནི་གླང་ཤུ་ལྟར་པགས་པ་མཐུག་མཁྲེགས་སུ་གྱུར་པ་མ་ཟད། བས་ལྡགས་ལྟར་སྣང་བ། ཤུ་བ་ལེབ་མོ་འབྲུ་རིགས་ཀྱི་སྤུན་པ་ལྟར་བུད་པ། མདོག་ཡང་ལྗང་བ་དང་སྔོན་པོ་ཁོ་ནས་མ་ཁྱབ་པས་སོ། །ཤན་གྱི་རིགས་ལས་གླང་ཤུ་དང་འདྲ་བས་ཤན་ནི་གཤམ་གསལ་ལྟར།
ཀ མགོ་ཡི་ཤན། འདི་ནི་དེང་རབས་གསོ་རིག་གིས་སྲིན་ལས་སྐྱེད་པའི་མགོར་བྱུང་བའི་པགས་ནད་རིགས་ཤིག་སྟེ། “གཙོ་ཆེར་བྱིས་པ་རྣམས་ལ་འབྱུང་བ་དང་། སྐྱེད་བྱེད་སྲིན་བུ་དང་ནད་རྟགས་མི་འདྲ་བར་སེར་པོ་ཅན་དང་དཀར་པོ་ཅན། ནག་ཐིག་ཅན། རྣག་ཅན་བཅས་བཞི་རུ་བཀར་ཡོད།” ⑭ འདི་དག་ལས་སྔ་མ་གསུམ་ལ་གླང་ཤུ་ཡི་ཁྱད་ཆོས་ལྡན་པ་སྟེ།
1.“སེར་པོ་ཅན་(黄癣)ནི་ཐོག་མར་བྱུང་དུས་ཁབ་མགོ་ཆེ་ཆུང་ཙམ་གྱི་འབྲུམ་ཕྲན་སེར་སྨུག་ཅན་གྱི་སྟེང་ལ་ཤུ་བ་སྲབ་པོས་ཁྱབ་པ་དང་། རིམ་བཞིན་སྲན་མ་ཙམ་དུ་འཕེལ་ནས་རྨ་ཤུན་སེར་སྐྱ་ཅན་དུ་གྱུར་པ། རྨའི་མཐའ་ཡར་བརྫེས་པ་དང་། དཀྱིལ་པགས་པ་དང་མཉམ་པས་སྡེར་མའི་དབྱིབས་ལྟར་མངོན་ལ། མཐར་མགོ་ཡོངས་སུ་མཆེད། དེའི་སྟེང་གི་རྨ་ཤུན་བཀོག་རྗེས་ཤུལ་མདོག་དམར་ལ་རེད་པ། སྲིན་བུ་སྐྲ་རྐང་ནང་ན་གནས་པས་སྐྲ་སྐམ་པ་དང་སྐྲ་གསེང་བ། མདོག་མི་ལེགས་པ། སྐྲ་ཡི་ཉག་མ་ཇེ་ཕྲར་གྱུར་པས་ཆད་སླ་བ། སྲིན་བུ་བ་སྦུའི་བུ་ག་ལ་ཕོག་ནས་སྐྲ་རྩ་བ་ནས་བྱི་བ། བཅོས་སྐྱེད་བྱུང་ཡང་གནས་དེ་ན་རྨ་མདུད་ལུས་པ། ནད་རྟགས་སུ་ཟ་འཕྲུག་ལངས་པ་དང་། ཟུག་གཟེར་འབྱུང་བ། བྱི་བའི་དྲི་ངན་མནམ་པ། ན་མཁན་ཁ་ཤས་ལ་གཉན་ཚད་རང་བཞིན་གྱི་འབྲུམ་ཕྲན་དོན་པ་དང་། ཤུ་བ་འབྱུང་བ་ལས་རྨ་ཡི་སྐོགས་ཤུན་སེར་པོ་མི་ཆགས་པས་ངོས་འཛིན་ལ་ནོར་ཉེན་ཆེ།” ⑮ ཀྲུང་ལུགས་གསོ་རིག་གི་འདི་ལ་“ཚོ་འབྲུམ་(肥疮)”ཟེར།
2.“དཀར་པོ་ཅན་(白癣)ནི་ལོ་དྲུག་ནས་བཅུ་གཉིས་བར་གྱི་བྱིས་པ་རྣམས་ལ་འབྱུང་སླ་བ་དང་། རྟེན་ཕོ་ལ་འབྱུང་མང་བ། བྱུང་དུས་ཐོག་མར་འབྲུམ་ཕྲན་དམར་པོ་ཚོམ་བུར་བྱུང་བ་དང་། མཐའ་ལ་རིམ་བཞིན་མཆེད་ནས་སྒོར་དབྱིབས་དང་ཡང་ན་འཇོང་དབྱིབས་ལྟར་གྱུར་པ། རྨ་སྟེང་ལ་ཤུ་བ་སྐྱ་བོས་ཁྱབ་པ། དེའི་ཉེ་འཁོར་ན་དེ་དང་དབྱིབས་འདྲ་བའི་རྨ་འབྲུམ་ཁ་ཤས་བཏོན་པ་ན། འདི་ལ་འབྲུམ་པ་མ་བུ་ཅན་(母子斑)ཟེར། རྨ་ཤུན་མཐུག་ཚད་མགོ་ཡི་སྐྱི་པགས་ལས་2-4cmལ་སླེབས་རྗེས་དེའི་མཚམས་ནས་ཆད་ནས་ལྷུང་སྟེ། ཤུལ་ན་ཤུ་བ་སྐྱ་བོ་བརྩེགས་རིམ་ཅན་ལུས་པ། འདི་ལ་སྲིན་ཤུབས་(菌鞘)ཟེར། འདི་ནི་སྲིན་བུ་སྐྲ་རྐང་ནང་དུ་གནས་པ་ལས་གྱུར་པས་སོ། །ནད་རྟགས་སུ་སྐབས་སྐབས་སུ་ཟ་འཕྲུག་ཅུང་ལངས་པ་ལས་གཞན་མི་མངོན། དཀར་པོ་ཅན་ལ་སྤྱིར་བཏང་གཉན་ཚད་མི་ལྡན་པ་དང་། ལོ་བཅུ་ནས་བཅུ་དགུའི་བར་ལ་དྲག་འགྲོ་བ། འདིས་བ་སྤུའི་བུ་ག་ལ་གནོད་སྐྱོན་མི་ཐེབས་པས་སྐྲ་བྱི་བ་ཡང་བསྐྱར་སྐྱེ་ནུས་པ་དང་། དྲག་སྐྱེད་བྱུང་རྗེས་རྨ་ཤུལ་མི་ལུས་པ།” ⑯ འདི་ལ་ཀྲུང་ལུགས་གསོ་རིག་གིས་སྤྱི་ཐེར་དཀར་པོའི་འབྲུམ་(白秃疮)ཞེས་ཟེར།
3.“ནག་ཐིག་ཅན་(黑点癣)ནི་གཞོན་དར་གཉིས་ག་ལ་འབྱུང་སླ་བ་དང་། ཐོག་མར་བྱུང་དུས་འབྲུམ་པ་སྐྱ་བོ་ཐར་ཐོར་དུ་འབྱུང་བ། རིམ་བཞིན་ཆེ་རུ་སོང་སྟེ་དེ་དག་འདྲེས་ནས་ལེབ་མོ་ལེབ་མོ་ལྟར་ཆགས་པ། འདིའི་མངོན་རྟགས་ནི་སྐྲ་པགས་པ་ནས་ཕྱིར་བུད་མ་ཐག་ཏུ་ཆད་པ། བ་སྤུའི་བུ་གའི་ནང་དུ་སྐྲ་རྐང་ལུས་པས་བུ་གའི་ཁ་ན་ནག་ཐིག་ལྟར་སྣང་བ། འདི་ལ་གཉན་ཚད་ལྡན་མིན་གཉིས་ག་མཆིས།ཟ་འཕྲུག་ཅུང་ཡོད་པ། འདི་ནི་སྐྲ་གཏིང་ལ་ཐེབས་པའི་ནད་ཅིག་ཡིན་པས། དྲག་སྐྱེད་བྱུང་ཡང་སྐྲ་ཀོར་མ་བྱས་ནས་བྱི་བ་དང་འཁུམས་པའི་རྨ་ཤུལ་ལུས་པ་ཞིག་ཡིན།” ⑰
ཁ། ལག་པའི་ཤན།(手癣) འདི་ལ་ཀྲུང་ལུགས་གསོ་རིག་གིས་ངང་སྤར་རླུང་(鹅掌风)ཞེས་ཟེར། “འདི་ནི་མི་དར་མའི་རིགས་ལ་བྱུང་བ་མང་ཞིང་། ཕོ་མོ་རྒན་གཞོན་ཡོངས་ལ་འགོ་ནུས་པ། མང་ཆེ་བ་རྐང་ལག་ཡ་གཅིག་ལ་འབྱུང་ཞིང་། ལག་ཟུང་ལ་འབྱུང་བ་ཡང་ཡོད། དབྱར་དུས་སུ་ཆུ་བུར་བཏོན་ནས་ནད་ཚབས་ཆེ་རུ་འགྲོ་བ་དང་། དགུན་དུས་སུ་སྐམ་པ་དང་གས་པས་ཟུག་གཟེར་ཆེ་བ། འདི་ནི་ཐོག་མར་བྱུང་དུས་སུ་ལག་མཐིལ་ལམ་མཛུབ་བར་ལ་ཆུ་བུར་བཏོན་པའམ་ལག་མཐིལ་གྱི་པགས་པ་མཁྲེགས་པོར་གྱུར་ནས་ཤུ་བ་དང་ཆུ་བུར་འབྱུང་བ། ཆུ་བུར་དྭངས་མོ་ཤེལ་ལྟར་སྣང་ལ་ཐར་ཐོར་རམ་ཚོམ་བུ་བྱས་ནས་གནས་པ་དང་། ཟ་འཕྲུག་མི་བཟོད་པ། ཆུ་བུར་རལ་རྗེས་སྐམ་སྟེ་སྐྱི་ཐུམ་བལྟབས་ནས་ཤུ་བ་དཀར་པོ་འབྱུང་བ་ཡིན། དེ་ནས་དཀྱིལ་སོས་པ་དང་། མཐའ་ནས་རྨ་འབྲུམ་མུ་མཐུད་འབྱུང་བ་མ་ཟད། ལག་རྒྱབ་དང་མཁྲིག་མའི་སྟེང་དུ་མཆེད་པ། ཡང་ཡང་ལྡང་ན་ལག་མཐིལ་གྱི་པགས་པ་མཐུག་པོར་འགྱུར་བ་དང་། སྐམ་ནས་གས་པ། ཟུག་གཟེར་ལྡང་བ། བརྐྱང་བརྐུམ་དཀའ་བ། ངང་བའི་ལག་པ་ལྟར་འགྱུར་རོ། །གང་དེ་སེན་མོ་ལ་ཕོག་ན་སེན་མོའི་དབྱིབས་འགྱུར་ནས་མཐུག་པོར་འགྱུར་བའམ་འཁུམ་ནས་མཐའ་བརྫེས་པ་དང་།མདོག་སྐྱ་བས་སེན་མདོག་སྐྱ་འགྱུར་(灰指甲)ཞེས་པ་ཡིན།འདི་ནི་ནད་ཡུན་རིང་ལ་ཡང་ཡང་ལྡང་བའི་པགས་ནད་ཅིག་ཡིན།” ⑱
ག རྐང་པའི་ཤན།(足癣) འདི་ལ་ཀྲུང་ལུགས་གསོ་རིག་གི་རྐང་མྱག་(脚湿气)ཅེས་ཟེར། “ ནད་འདི་ནི་རྐང་བའི་མཛུབ་མོ་རྡོལ་རལ་དུ་གྱུར་ནས་ཟ་འཕྲུག་ལངས་པ་དང་དྲི་མནན་པས་སོ། །དར་མ་རྣམས་ལ་འབྱུང་སླ་ཞིང་བྱིས་པ་རྣམས་ལ་བྱུང་བ་ཉུང་། དབྱར་སྟོན་དུས་སུ་ནད་ཚབས་ཆེ་ཞིང་། ཆུ་བུར་བཏོན་པ་དང་རྡོལ་མྱག་ཏུ་གྱུར་པ། དགུན་དཔྱིད་དུས་སུ་ནད་ཚབས་ཆུང་བར་འགྱུར་ལ། མང་ཆེ་བ་སྐམ་ནས་གས་པ་དང་། འདི་ནི་རྐང་བའི་མཛུབ་མོའི་བར་དུ་བྱུང་བ་མང་ལ། རྐང་མཐིལ་ལ་བྱུང་བ་ཡང་ཡོད། ནད་རྟགས་སུ་པགས་སྐྱིའི་འོག་ན་ཆུ་བུར་བཏོན་པ་དང་། མཛུབ་མོའི་བར་ཟག་ནས་རལ་པ། ཆུ་སེར་ཟགས་པ། སྲ་མཁྲེགས་འགྱུར་བ། ཤུ་བ་འབྱུང་བ། ཟ་འཕྲུག་ལངས་པ་སོགས་ཀྱི་ནད་རྟགས་ཡོད། འདི་ལ་ཆུ་བུར་ཅན་དང་། རྡོལ་རལ་ཅན། ཤུ་བ་ཅན་བཅས་གསུམ་ཡོད་”པ་ལས་ཤུ་བ་ཅན་ནི་གླང་ཤུའི་གྲས་སུ་འདུ་བར་སྙམ་སྟེ། “ཤུ་བ་ཅན་(脱屑型)ནི་རྐང་བའི་མཛུབ་མོའི་བར་དང་ཕྱི་རྟིང་གི་མཐའ་གཉིས། རྐང་བའི་མཐིལ་བཅས་ལ་འབྱུང་བ་མང་། ནད་རྟགས་སུ་པགས་པ་སྲ་མཁྲེགས་སུ་གྱུར་པ་དང་། སྐམ་པ། རྩུབ་པ། ཤུ་བ་འབྱུང་བ། སེར་ཀ་གས་པ།འདི་ནི་ཆུ་བུར་ཅན་དེ་ཚབས་ཆེ་རུ་སོང་བ་ལས་འགྱུར་བ་མང་ཞིང་། རྒན་པ་རྣམས་ལ་འབྱུང་སླ་བར་མངོན།” ⑲
ང་། ལུས་ཀྱི་ཤན།
1.ལུས་ཀྱི་ཤན། དེང་རབས་གསོ་རིག་གི་ལུས་ཀྱི་ཤན་(体癣)ལ་ཀྲུང་ལུགས་གསོ་རིག་གིས་ཤན་ཀོར་མོ་(圆癣)ཞེས་ཟེར། “རྨ་དབྱིབས་ནི་དོང་ཙེ་ལྟ་བུ་དང་ཀོར་མོ་ཡིན་པས་དེ་ལྟར་བཏགས། ཟངས་ཀྱི་དོང་ཙེ་ཅན་(铜钱癣)ཡང་ཟེར།བརླ་དང་དཔྱི་མགོ། མཚན་ཁ་སོགས་སུ་བྱུང་ན་མཚན་མའི་ཤན་ཟེར།(བརླ་བའི་ཤན་ཡང་ཟེར) སྐྱེས་པ་དར་མ་རྣམས་ལ་བྱུང་བ་མང་ཞིང་། དབྱར་དུས་སུ་ལྡང་བ་དང་། ངོ་གདོང་དང་། མཇིང་བ། སྒལ་གཞུང་། ཡན་ལག་བཞི་ལས་དཔུང་བ་བརླ་བཅས་ལ་མང་དུ་འབྱུང་བ། ཤན་ཀོར་མོ་ནི་ཐོག་མར་བྱུང་དུས་སུ་རྨ་འབྲུམ་མམ་ཆུ་བུར་གྱི་ཚུལ་དུ་འབྱུང་། རིམ་བཞིན་མཐའ་མཚམས་གསལ་བའི་དབྱིབས་དོང་ཙེ་ལྟ་བུའི་དམར་ཐིག་འབྱུང་བ། དེའི་སྟེང་དུ་ཤུ་བ་ཕྲ་མོ་སྲབ་བར་ཁེབས་པ། རྨ་ཡི་དཀྱིལ་ན་འབྲུམ་བུ་ཡལ་ནས་སོས་བར་སྣང་ཡང་། མཐའ་རུ་གྲམ་ནས་རྨ་འབྲུམ་དང་། ཆུ་བུར། རྣག་ཐུམ། རྨ་ཤུན་སོགས་བཏོན་པ། རྨ་འདིའི་ཁྱད་ཆོས་ནི་སྒོར་དབྱིབས་སམ་སྒོར་དབྱིབས་བརྩེགས་མ་ཅན་ཡིན་པ་དང་། མཐའ་ན་དབྱེ་མཚམས་ཡོད་པ། དཀྱིལ་སོས་པ་དང་མཐའ་རྒྱས་པའི་འབྲུམ་ཐིག་ཅན་ཞིག་ཡིན། འདིའི་ཆེ་ཆུང་ལ་དོང་ཙེ་དང་ཡང་ན་དེ་ལས་ཅུང་ཆེ་བ་ཞིག་ཡོད་པ་ཡིན། རྨ་འདི་མང་པོ་བཏོན་ན་ཕན་ཚུན་འདྲེས་ནས་ཨ་ལུང་གི་དབྱིབས་ལྟར་ཆགས་ངེས་ལ། རྐེད་པར་བྱུང་ན་སྐ་རགས་འཆིང་སའི་གནས་ཀྱི་རླན་ཤས་ཆེ་སའི་ཤ་པགས་ཀྱི་རྒྱུད་དེད་ནས་འགོ་བས་རྨ་འབྲུམ་ནི་སྐ་རགས་ཀྱི་དབྱིབས་ལྟར་ཆགས་པ་ཞིག་ཡིན།”c
2.མཚན་མའི་ཤན།(阴癣) པགས་ནད་“འདི་ནི་བརླ་དང་མཚན་མའི་བར་མཚམས་ཀྱི་གཉེར་རིས་ཀྱི་ནང་དུ་འབྱུང་བ་དང་། ཐུར་དུ་མཆེད་ནས་རླིག་འབྲས་དང་། རྒྱབ་ཏུ་མཆེད་ནས་འཕོངས་ཤུར་བར། གྱེན་དུ་མཆེད་ནས་རྒྱུ་ཞབས་སོགས་སུ་འབྱུང་བ། ནད་པར་རྔུལ་མང་འབྱུང་བས་རླན་པ་དང་རྩུབ་བརྡར་བྱེད་པ་བཅས་ལ་བརྟེན་ནས་ཟ་འཕྲུག་ཆེར་ལངས་པ་དང་། རྒྱས་མྱུར་བ། རྨ་ཡི་དབྱིབས་ནི་སྒོར་དབྱིབས་ཀྱི་ཚུལ་དུ་འབྱུང་བ་མང་། ཟ་འཕྲུག་ལངས་ལ་ཡུན་རིང་པོར་འཕྲུག་ན་པགས་པ་གྲོག་ཤིང་ལྟ་བུར་འགྱུར་བ། ནད་གཞི་འདི་མང་ཆེ་བ་དབྱར་དུས་སུ་ལྡང་བ་དང་ཚབས་ཀྱང་ཆེ་རུ་འགྲོ་བ། དགུན་དུས་སུ་དྲག་སྐྱེད་འབྱུང་བའམ་ཚབས་ཇེ་ཡང་དུ་འགྲོ་བའོ། །” (21)
3.ཤན་ཁྲ་བོ།(花斑癣) འདི་ལ་ཀྲུང་ལུགས་གསོ་རིག་གིས་ཤ་ཁྲ་སྨུག་པོ་(紫白癜风)ཞེས་ཟེར། “ནད་གཞི་འདི་གཙོ་བོ་དར་མ་རྣམས་ལ་འབྱུང་བ་དང་། རྟེན་སྐྱེས་པ་རྣམས་ལ་མང་དུ་འབྱུང་། མཇིང་བ་དང་། བྲང་གཞུང་།ཕྲག་རྒྱབ། དཔུང་བ། མཆན་ཁུང་སོགས་བ་སྤུའི་བུ་ག་མང་བའི་གནས་སུ་འབྱུང་བ། ཐོག་མར་བ་སྤུའི་བུ་ག་ཡི་དཀྱིལ་ནས་འབྲུམ་ཐིག་འབྱུང་བ་དང་། མདོག་ལ་ཁམ་མདོག་དང་། ཁམ་སྐྱ། དམར་སྐྱ། སེར་སྐྱ། དཀར་པོ་སོགས་འབྱུང་ལ། རིམ་བཞིན་ཆེ་རུ་སོང་ནས་དབྱིབས་ཀོར་མོའམ་ཀོར་ཤས་ཆེ་བའི་སེན་མོའི་ཆེ་ཆུང་ཙམ་དུ་འགྱུར་བ། ཉེ་འཁོར་གྱི་རྨ་རྣམས་འདྲེས་ཏེ་དབྱིབས་མ་ངེས་པར་ལེབ་མོ་ཅན་དུ་འགྱུར་བ། དེའི་སྟེང་ལ་པུ་ཙེ་ལྟ་བུའི་ཤུ་བ་ཆགས་པ་དང་། ནད་རྟགས་སུ་ཟ་འཕྲུག་ཅུང་ཡོད་པ་ལས་གཞན་མི་མངོན། ནད་ཡུན་རིང་བ་དང་། དབྱར་ཁ་ཚབས་ཆེ་ལ་དགུན་ཁ་ཚབས་ཆུང་བ། བཅོས་ཐབས་མ་བསྟེན་ན་ཡུན་རིང་པོར་དྲག་སྐྱེད་མི་ཐོབ་པ་དང་། འགོས་ཁྱབ་རང་བཞིན་ཅན་ནོ། །” (22)
གཉིས། རྩ་དཀར་རང་བཞིན་གྱི་པགས་ཚད།(神经性皮炎)
དེང་རབས་གསོ་རིག་གི་རྩ་དཀར་རང་བཞིན་གྱི་པགས་ཚད་ལ་ཀྲུང་ལུགས་སོག་རིག་གིས་གླང་ཀོ་ཤུ་བ་(牛皮癣)ཞེས་ཟེར། “ནད་གཞི་འདི་ནི་པགས་པ་གླང་གི་གཉའ་སྟེང་གི་པགས་པ་ལྟར་མཐུག་ཅིང་མཁྲེགས་ལ་ཟ་འཕྲུག་དང་ལྡན་པ། ནད་ཡུན་རིང་བའི་པགས་ནད་རིགས་ཤིག་ཡིན།” (23) “འདི་སྐྱེད་པའི་རྒྱུ་རྐྱེན་མི་གསལ་ཡང་། དེ་ནི་སེམས་ཁམས་མི་སྙོམས་པ་དང་། འཇུ་བྱེད་མ་ལག་གི་ནུས་པ་ཉམས་པ།ལུས་ཁམས་འཁྲུགས་པ། ཟས་སྐོམ་མི་འཕྲོད་པ། ཕྱི་རྐྱེན་སོགས་ལ་འབྲེལ་བ་ཡོད་པར་སྙམ།” (24) “ནད་གཞི་འདི་ནི་དར་མ་རྣམས་ལ་མང་དུ་བྱུང་བ་ལས་རྒན་གཞོན་རྣམས་ལ་བྱུང་བ་ཉུང་། མཇིང་བ་དང་མིག་ལྕིབས་སྟེང་ལ་བྱུང་བ་མང་ཡང་། འཁྲིག་མ་དང་། གྲུ་ཁུག བརླ། གཞུག་ཆུང་། ལོང་མོ། མོ་མཚན། རླིག་འབྲས། གཞང་ཁའི་མཐའ་སོགས་ལ་འབྱུང་བ་ཡང་ཡོད། གནས་གཅིག་གམ་ཆ་འགྲིག་ནས་འབྱུང་བ་ལ། ཐོག་མར་ཀོ་ལེར་ཟ་འཕྲུག་ལངས་པ་དང་། ཡང་ཡང་འཕྲུག་རྗེས་ཡུངས་དཀར་ཆེ་ཆུང་ཙམ་གྱི་འབྲུམ་ཐོར་ཚོམ་བུ་བྱས་ནས་ཀོར་མོའམ་ཟུར་མང་ལེབ་མོ་ཅན་དུ་འབྱུང་བ་དང་། མདོག་ནི་པགས་པའི་རང་མདོག་གམ་སྐྱ་སྨུག་ཏུ་འགྱུར་བ། རྨ་དེ་དག་རིམ་བཞིན་འདྲེས་ནས་གྲོག་ཤིང་ལྟར་ལེབ་མོའི་འབྲུམ་ཐིག་ཏུ་འགྱུར་བ།མཐའ་ན་དབྱེ་མཚམས་གསལ་བ། འབྲུམ་ཐིག་དེའི་མཐའ་ན་རྨ་འབྲུམ་ལེབ་མོ་ཐར་ཐོར་དུ་ཡོད་པ། གློ་བུར་གློ་བུར་དུ་ཟ་འཕྲུག་ལངས་པ། གནས་དེ་ལ་ཕོག་ཐུག་བཏང་བ་དང་།སེམས་ཁམས་འཁྲུགས་པ་བཅས་ཀྱིས་ནད་གཞི་ཇེ་སྡུག་ཏུ་འགྲོ་བ་བཅས་དང་། ལྷག་པར་དུ་དགོང་མོའི་དུས་ལ་ཟ་འཕྲུག་ཚབས་ཆེ་རུ་འགྲོ་བ་དང་། རྨ་ཐིག་གི་སྟེང་དང་དེའི་མཐའ་ན་འཕྲུག་ཤུལ་དང་རྨ་ཤུན་ཆགས་པ། ནད་གཞི་འདི་ནི་ནད་ཡུན་རིང་བར་མ་ཟད། དྲག་སྐྱེད་ཆུང་བའམ་ཡང་ཡང་ལྡང་བ་ཅན་ནོ། །” (25)
གསུམ། པགས་ནད་སྐྱ་འགྱུར།(银屑病)
དེང་རབས་གསོ་རིག་གི་པགས་ནད་སྐྱ་འགྱུར་ཞེས་པ་ནི་“པགས་སྟེང་ལ་འབྲུམ་པ་དོན་པ་དང་། ཤུ་བ་མཐུག་པོ་ཆགས་པ། པགས་པ་ཡང་མཁྲེགས་པོར་གྱུར་པའི་པགས་ནད་ཀྱི་རིགས་ཤིག་ཡིན། ནད་འདི་བྱུང་བའི་རྒྱུ་རྐྱེན་མ་ངེས་ལ། རྒྱུད་དང་ཁོར་ཡུག་གི་རྐྱེན་གཉིས་ཐེབས་ན་ནད་འདི་ཇེ་ཐུ་རུ་འགྲོ་བར་སྙམ། རྒྱུད་ཀྱི་རྐྱེན་ནི་ན་མཁན་30%ལ་ཁྱིམ་བརྒྱུད་དུ་ནད་འདི་ན་མྱོང་ཡོད་པ་དང་། པགས་ནད་འདི་ཉེ་རབས་དང་པོ་(རང་དང་ཕ་མ། རང་གི་བུ་ཕྲུག གཅེན་གཅུང་བཅས་བར་གྱི་འབྲེལ་བ)བར་གྱི་བྱུང་ཚུལ་67.04%ལ་ཟིན་པ་དང་། ཉེ་རབས་གཉིས་པ་(རང་དང་ཞང་པོ། ཨ་ཁུ། ཨ་ནེ། སྤོ་བོ། སྤོ་མོ་བཅས་བར་གྱི་འབྲེལ་བ་ལ་བྱ)བར་གྱི་བྱུང་ཚུལ་46.59%ལ་ཟིན་པ། ཕ་མ་གཉིས་ལས་གཅིག་ལ་པགས་ནད་འདི་ཡོད་ཚེ། དེའི་བུ་ཕྲུག་ལས་16%ཡས་མས་ལ་པགས་ནད་འདི་འབྱུང་ངེས་པ་དང་། ཕ་མ་གཉིས་ཀ་ལ་པགས་ནད་འདི་ཡོད་ན། བུ་ཕྲུག་50%ལ་པགས་ནད་འདི་འབྱུང་ངེས། ཁོར་ཡུག་གི་རྐྱེན་ནི་རྒྱུད་ཀྱི་རྐྱེན་ཁོ་ནས་པགས་ནད་འདི་སྐྱེད་མི་ནུས་ལ། འདི་ལ་ཁོར་ཡུག་གི་རྐྱེན་ཐེབས་ན་ནད་གཞི་ཚབས་ཆེ་རུ་འགྲོ་ངེས། པགས་ནད་འདི་ཇེ་ཐུ་རུ་འགྲོ་བའི་རྐྱེན་གཙོ་བོ་ནི་རྨ་རེད་པ་དང་སེམས་ལས་ཆེ་བ། གློ་བུར་བའི་དོན་རྐྱེན། བསྣད་པ། གཤག་བཅོས། སྦྲུམ་མ། ཚོ་ཆེ་བ། ཆང་ལ་རོལ་ཆེ་བ། ཐ་མག་འཐེན་པ། སྨན་ནུས་ལྡོག་པ་སོགས་ཡིན། ནུས་སྟོབས་ཀྱི་རྐྱེན་ནི་ལུས་སྟེང་གི་ཕྲ་ཕུང་Tཡི་རིགས་ཁ་ཤས་ཤིག་ཆེར་འཕེལ་བའམ་ཆེར་རྒྱས་པ་དེས་པགས་ནད་སྐྱ་འགྱུར་སྐྱེད་བྱེད་ཀྱི་རྫས་སྐྲུན་པས་པགས་ནད་འདི་འབྱུང་བ་ལ་རམ་འདེགས་བྱེད་པ་ཡིན། རྐྱེན་འདི་ནི་པགས་ནད་སྐྱ་འགྱུར་གྱི་རྐྱེན་གཙོ་བོར་གྱུར་ཡོད།” (26)
ཀྲུང་ལུགས་གསོ་རིག་གིས་འདི་ལ་རྨ་ཤུན་དཀར་པོ་(白疕)དང་གསོམ་ཤིང་ཤུ་བ།(松皮癣) ཤུ་བ་སྐམ་པོ།(干癣)སྦྲུལ་ཤིག(蛇虱) རྨ་སྐོགས་དཀར་པོ་(白壳疮)བཅས་ཟེར། རྨ་ཤུན་དཀར་པོ་ནི་ཁ་མདོག་དཀར་པོ་ཅན་གྱི་རྨ་ཡི་སྐོགས་ཤུན་མཐུག་པོའི་དོན། གསོམ་ཤིང་ཤུ་བ་ནི་ཤུ་བ་གསོམ་ཤིང་གི་ཤུན་པ་ལྟ་བུ་འབྱུང་བས་ན་དེ་ལྟར་དུ་བྱ། ཤུ་བ་སྐམ་པོ་ནི་བརླན་གཤེར་གྱི་ཆ་ཟད་ནས་ཤུ་བ་སྐམ་ལ་གྱོང་བའི་དོན། སྦྲུལ་ཤིག་ནི་སྲོག་ཆགས་སྦྲུལ་གྱི་སྟེང་གི་ཤིག་ལྟ་བུའི་ཤུ་བ་འབྱུང་བའི་པགས་ནད་ཅིག རྨ་སྐོགས་དཀར་པོ་ནི་སྐོགས་ཤུན་སམ་རྨ་ཤུན་མཐུག་ལ་མཁྲེགས་པའི་པགས་ནད་ལ་བྱ། གོང་གི་མིང་འདི་དག་ནི་རྨ་ཡི་དབྱིབས་དང་རྨ་སྟེང་གི་ཤུ་བའི་ཁ་མདོག་དང་ངོ་བོ་སོགས་ལ་བལྟས་ནས་འདྲ་མཚུངས་སམ་ཆོས་མཚུངས་ཀྱི་སྒོ་ནས་བཏགས་པའི་མིང་ཡིན་པར་གསལ། གང་ལྟར་པགས་པ་མཁྲེགས་པོར་གྱུར་པ་དང་མཐུག་པོར་གྱུར་པ། ཤུ་བ་འབྱུང་བ་སོགས་ནི་ནད་འདི་ཡི་ཁྱད་ཆོས་ཡིན་པ་རྟོགས་ཐུབ།
དབྱེ་བ་ལ་སྤྱིར་བཏང་ཅན་དང་། རུས་ཚིགས་ཅན། ཆུ་བུར་ཅན། པགས་དམར་ཅན་བཅས་བཞི་ཡོད་པ་དང་། འདི་དག་ལས་སྤྱིར་བཏང་ཅན་ནི་90%ལ་ཟིན་ཡོད། གཞན་རྣམས་སྤྱིར་བཏང་ཅན་བཅོས་སྐྱེད་མ་བྱུང་བ་ལས་འགྱུར་བ་ཡིན་ལ། འདི་རྣམས་ལས་ཆུ་བུར་ཅན་མ་གཏོགས་པར་གཞན་རྣམས་གླང་ཤུའི་ཁྱད་ཆོས་ལྡན་པ་གཤམ་གསལ་ལྟར།
ཀ སྤྱིར་བཏང་ཅན་གྱི་པགས་ནད་སྐྱ་འགྱུར།(寻常型银屑病) “ཐོག་མར་བྱུང་དུས་འབྲུམ་ཕྲན་དམར་པོའམ་འབྲུམ་ཐིག་གི་ཚུལ་དུ་འབྱུང་བ་དང་། དེ་ནས་རིམ་བཞིན་ཆེར་རྒྱས་ནས་མཐའ་མཚམས་གསལ་བའི་དམར་ཐིག་ལེབ་མོར་ཆགས་པ། དབྱིབས་མ་ངེས་པ་སྟེ། ཆུ་ཐིགས་དང་། དོང་ཙེ། ས་བཀྲ་སོགས་ཀྱི་དབྱིབས་འདྲ་མིན་སྣ་ཚོགས་འབྱུང་བ། དེའི་སྟེང་ལ་ཤུ་བ་སྐྱ་བོ་མཐུག་པོས་གཡོག་པ། ཐོག་གི་ཤུ་བ་སྐྱ་བོ་དེ་བྲད་ནས་བཞར་ན་ཤུ་བ་དེ་ཡི་དབྱིབས་བརྩེགས་རིམ་ཅན་ཡིན་པ་མངོན་ཐུབ། ཤུ་བ་སྐྱ་བོ་དེ་མུ་མཐུད་ནས་པྲ་ཚིལ་བཞར་བ་ལྟར་རིམ་བཞིན་བྲད་ན་དམར་སྐྱ་འོད་མདངས་ཅན་གྱི་སྐྱི་མོ་མངོན་ཡོང་། སྐྱི་མོ་དེ་གོག་ཤུལ་དུ་ཁྲག་ཐིག་ཆུང་ངུ་མངོན་པ། འདི་ནི་ལུས་ཡོངས་ལ་ཀོ་ལེར་འབྱུང་བའི་རྨ་ཞིག་ཡིན་ཡང་། ཡན་ལག་བཞི་ཡི་པུས་མོ་དང་གྲུ་མོ་གཞུག་ཆུང་བཅས་ལ་བྱུང་བ་མང་ལ། ཆ་འགྲིག་ནས་བྱུང་བ། བྱུང་སའི་གནས་མ་འདྲ་བར་རྨ་ཡི་དབྱིབས་སོགས་ཀྱང་མི་འདྲ། ངོ་གདོང་ལ་བྱུང་ན་མདོག་དམར་པོ་ཅན་དང་དམར་འབྲུམ་གྱི་ཚུལ་དུ་མངོན་པ། མགོར་བྱུང་ན་ཤུ་བ་མཐུག་ལ་སྐྲ་མཚམས་ནས་བརྒལ་བ། སྐྲ་འཇིལ་ལི་བྱས་ནས་སྐྱེས་པ་དང་། མཆན་ཁུང་དང་ནུ་མ། ཐེར་ཁུག་སོགས་གཉེར་མ་ཡོད་པའི་གནས་སུ་བྱུང་ན་རྔུལ་འབྱུང་བ་དང་རྩུབ་བརྡར་བྱེད་པས་ཤུ་བ་ཇེ་ཉུང་དུ་སོང་ནས་རལ་བའམ་རྡོལ་བ། ཆུ་སེར་འཛག་པ་དང་སེར་ཀ་གས་པ་སོགས་འབྱུང་། མཆུ་ཏོ་དང་མཁུར་མགོ མཚན་དཀྲེ་སོགས་སུ་འབྱུང་བ་ཡང་ཡོད། མཁུར་མགོ་ལ་ཕོག་ན་ཤུ་བ་སྐྱ་བོ་ཀོར་མོའི་ཚུལ་དུ་སྣང་། མཚན་དཀྲེར་བྱུང་ན་ཀོར་མོ་དམར་ནག་ཅན་ཡིན། སེན་མོར་བྱུང་ན་སེན་མོ་རྡིབ་བ་དང་སོབ་པ་བཅས་ཡིན། འདིའི་རིགས་ལ་ཟ་འཕྲུག་ཡོད་པའོ། །” (27)
ཁ། རུས་ཚིགས་ཅན་གྱི་པགས་ནད་སྐྱ་འགྱུར། (关节病型银屑病) པགས་ནད་“འདི་ནི་རུས་ཚིགས་ནད་དང་པགས་ནད་མཉམ་དུ་འབྱུང་བའམ་གཅིག་རྗེས་གཉིས་མཐུད་དུ་འབྱུང་བ། གྲུ་ཚིགས་དང་པུས་ཚིགས་སོགས་ཚིགས་ཆེན་རྣམས་དང་། རྐང་ལག་གི་མཛུབ་ཚིགས། སྒལ་ཚིགས།དཔྱི་ཚིགས་སོགས་རུས་ཚིགས་ཡོངས་ལ་ཐེབས་པ་དང་།ནད་རྟགས་སུ་སྐྲངས་པ་དང་ཟུག་གཟེར་ཡོད་པ། བརྐྱངས་བསྐུམས་ཀྱི་ནུས་པ་ཉམས་པ། ཚབས་ཆེ་ན་རུས་ཚིགས་ཀྱི་དབྱིབས་འགྱུར་བ། རིམ་བཞིན་ཇེ་ཐུ་རུ་འགྲོ་བ། དྲེག་གྲུམ་གྱི་ཚད་གཞི་ལ་བརྟགས་དུས་རྒྱུན་ལྡན་ཡིན་ཡང་། Xགློག་པར་ལ་བརྟགས་ན་ཕྲུམ་རུས་མེད་པར་གྱུར་པ་དང་། རུས་པ་སོབ་པ། ཚིགས་མཚམས་ཇེ་དོག་ཏུ་གྱུར་ཏེ་ཚིགས་ལ་གནོད་སྐྱོན་ཐེབས་ཡོད།” (28)
ག པགས་དམར་ཅན་གྱི་པགས་ནད་སྐྱ་འགྱུར།(红皮病型银屑病) “ནད་རྟགས་སུ་ལུས་ཡོངས་ཀྱི་པགས་པ་དམར་པོར་ཆགས་པ་དང་སྐྲངས་པ། པུ་ཙེ་ལྟ་བུའི་ཤུ་བ་མང་དུ་འབྱུང་བ། རྨ་ཡི་གསེང་ན་རྒྱུན་ལྡན་གྱི་པགས་པ་ལེབ་མོ་ལེབ་མོ་བྱས་ནས་མཐོང་རྒྱུ་ཡོད་པ་དེ་ལ་པགས་སྒང་(皮岛)ཟེར། ལུས་ཡོངས་ཀྱི་ནད་རྟགས་ལ་ཚ་བ་རྒྱག་པ་དང་རྨེན་བུ་སྐྲངས་པ་སོགས་ཡོད། པགས་ནད་འདི་ནད་ཡུན་རིང་ལ་ཡང་ཡང་ལྡང་བ་ཅན་ནོ། །” (29)
བཞི། རྒྱ་སེ་སྤུན་པ་རྨ་འབྲུམ།(30) (玫瑰糠疹)
དེང་རབས་གསོ་རིག་གི་རྒྱ་སེ་སྤུན་པ་རྨ་འབྲུམ་འདི་ལ་“ཀྲུང་ལུགས་གསོ་རིག་གིས་རླུང་ཚད་རྨ་འབྲུམ་(风热疮)ཞེས་ཟེར། རྒྱ་སེ་ལྟ་བུའི་མཚོན་མདོག་དམར་པོ་དང་། སྤུན་པ་ལྟ་བུའི་ཤུ་བ་འབྱུང་བའི་པགས་ནད་ཀྱི་རིགས་ཤིག་ལ་བྱ།” (31) “ནད་གཞི་འདི་ཡི་རྒྱུ་རྐྱེན་མ་ངེས་ཀྱང་ཕལ་ཆེར་སྲིན་དུག་(人疱疹病毒HHV-7及HHV-6)གིས་སྐྱེད་པར་དོགས། ནད་གཞི་འདི་ནི་དར་མ་རྣམས་ལ་འབྱུང་བ་མང་ཞིང་།སྟོན་དཔྱིད་དུས་སུ་ལྡང་བ། ཐོག་མར་བྱུང་ཚེ་སྒལ་གཞུང་དང་དཔུང་བ། བརླ་བཅས་ཀྱི་སྟེང་ལ་སེན་མོའི་ཆེ་ཆུང་ཙམ་མམ་དེ་ལས་ཅུང་ཆེ་བའི་འཇོང་དབྱིབས་སམ་སྒོར་དབྱིབས་ཀྱི་དམར་སྐྱའམ་དམར་སེར་ཅན་གྱི་རྨ་ཐིག་འབྱུང་བ། དེ་ལ་རྨ་ཡི་གཞི་མའམ་རྨ་ཡི་ཨ་མ་ཟེར། རྨའི་གཞི་མ་བྱུང་ནས་བདུན་ཕྲག་གཅིག་ནས་གཉིས་འགོར་རྗེས་སྒལ་གཞུང་དང་ཡན་ལག་དཔུང་བ་བརླ་བཅས་ལ་དེ་དང་འདྲ་བའི་ཅུང་ཆུང་བའི་དམར་ཐིག་དུ་མ་འབྱུང་བ་ལ་རྨ་ཡི་བུའམ་རྨ་ཡི་རྒྱུད་ཟེར། དེ་ཡི་སྲིད་ལ་0.2-1cmཡོད་པ་དང་། མཐའ་བརྫེས་པ་དང་དཀྱིལ་དུ་ཤུ་བ་ཕྲ་ལ་སྲབ་པས་མཐའ་དང་ཁ་བྲལ་གྱི་ཚུལ་དུ་གནས་པ། སྲིད་ནི་པགས་རིས་དང་མཉམ་དུ་གཤིབ་ནས་གནས་པ། ཟ་འཕྲུག་རེས་ཆེ་ལ་རེས་ཆུང་། ནད་ཡུན་ནི་བདུན་ཕྲག་དྲུག་ནས་བརྒྱད་ཀྱི་བར་ཡིན་ལ། ཟླ་བ་ཁ་ཤས་ནས་ལོ་ཁ་ཤས་སུ་འགྱངས་ནས་མི་དྲག་པ་ཡང་ཡོད། གལ་ཏེ་དྲག་སྐྱེད་བྱུང་ན་བསྐྱར་ལྡང་མི་བྱེད་དོ། །” (32)
ལྔ། ཉ་ཁྲབ་ནད།(鱼鳞病) (33)
དེང་རབས་གསོ་རིག་གི་ཉ་ཁྲབ་ནད་ཅེས་པ་འདི་ལ་“ཀྲུང་ལུགས་གསོ་རིག་གིས་སྦྲུལ་པགས་ཤུ་བ་(蛇皮癣)ཟེར། མིང་གཞན་ལ་སྦྲུལ་གཟུགས་(蛇体)དང་། སྦྲུལ་ལུས།(蛇身)བྱིས་པའི་ཉ་ཁྲབ་གཟུགས་(小儿鳞体)བཅས་ཟེར། འདི་ནི་པགས་པ་སྐམ་ལ་རྩུབ་པ་དང་། ཤུ་བ་ཁམ་ནག་འབྱུང་ཞིང་སྦྲུལ་པགས་ལྟར་གྱུར་པའི་པགས་ནད་ཀྱི་རིགས་ཤིག་ཡིན། པགས་པ་སྐམ་ལ་སྦྲུལ་ཤུན་ནམ་ཉ་ཁྲབ་ལྟ་བུའི་ཤུ་བ་འབྱུང་བ་ནི་ནད་གཞི་འདི་ཡི་ཁྱད་ཆོས་གཙོ་བོ་ཡིན་ལ། མང་ཆེ་བ་ཡན་ལག་བཞི་ཡི་ནང་ངོས་སུ་འབྱུང་བ་དང་། པགས་ནད་འདི་ལ་ཁྱིམ་རྒྱུད་རང་བཞིན་ལྡན་ལ། དབྱེ་བ་ཅུང་མང་ཡང་དུས་རྒྱུན་བྱུང་ཚད་མང་བ་ནི་སྤྱིར་བཏང་ཅན་གྱི་རིགས་ཡིན། སྤྱིར་བཏང་ཅན་གྱི་རིགས་ནི་ཡན་ལག་གི་མདུན་ཕྱོགས་སུ་འབྱུང་བ་དང་། ལྷག་པར་དུ་ངར་གདོང་ལ་འབྱུང་བ། མང་ཆེ་བ་ཆ་འགྲིག་ཏུ་འབྱུང་བ་དང་། ཁམ་སྐྱ་ནས་ཁམ་ནག་ཏུ་འགྱུར་བའི་ཤུ་བ་གཟེ་དབྱིབས་སམ་ཟུར་མང་ཅན་ཞིག་ཡིན། ཤུ་བའི་དཀྱིལ་ཤ་པགས་དང་མཉམ་ལ་མཐའ་ཅུང་བརྫེས་པས་ཉ་ཁབ་ལྟར་སྣང་། པགས་པ་སྐམ་ལ་མཐིལ་བཞིའི་པགས་པ་སྲ་འཁྲེགས་སུ་གྱུར་པ་དང་།བ་སྤུའི་བུ་གའི་མཐའ་ཡང་མཁྲེགས་པོར་གྱུར་པ། ནད་རྟགས་མི་མངོན་པའམ་ཟ་འཕྲུག་ཅུང་ཡོད་པ། བྱིས་པར་འབྱུང་སླ་ཡང་ནར་སོན་པ་དང་བསྟུན་ནད་གཞིའི་ཚབས་ཆུང་དུ་འགྲོ་བ། དབྱར་ཁ་ཚབས་ཆུང་ལ་དགུན་དུས་སུ་ཇེ་ཐུ་རུ་འགྲོ་བའོ། །” (34)
གཉིས་པ། གསོ་བཅོས་ཀྱི་གནས་བབས།
བོད་ལུགས་གསོ་རིག་གི་པགས་ནད་གླང་ཤུའི་བཅོས་ཐབས་ནི། 《ཡན་ལག་བརྒྱད་པའི་སྙིང་པོ་བཏུས་པ་ཡིད་བཞིན་ནོར་བུ་》ལས། “གླང་ཤུ་བ་ནི་ཀུན་ལ་གྲགས་པ་སྟེ། །སྦྲུལ་ནག་ལྤགས་པ་དུ་བ་མ་ཤོར་བསྲེག། བ་རུའི་མར་དང་སྦྱར་ནས་བྱུག་པའམ། །སོ་མ་ར་ཛ་ལྡོང་རོས་བ་ཆུ་བྱུག།ཕག་ཚིལ་མུ་ཟི་གླང་ཤུ་སེལ། །” (35)ཞེས་དང་། 《མན་ངག་ཡིག་ཆུང་སྣ་ཚོགས་》ལས། “བཅོས་ཐབས་བྱུག་སྨན་ཁོང་སྨན་གཉིས། །ཁོང་སྨན་བཟང་པོ་ཁྱུང་ལྔའི་སྟེང་། །དངུལ་ཆུ་དུག་བྲལ་མུ་ཟི་བཏུལ། །མུ་མེན་ཞིབ་བཏགས་བོངས་མཉམ་ཡིན། །ཕུལ་བྱེད་ཆང་གིས་ཕུལ་ལ་བཏང་། །མཛེ་ནད་ལྤགས་མཛེ་སེལ་བའི་མཆོག། ལྤགས་ནད་གཞན་ལ་སྨོས་ཅི་དགོས། །” (36)ཞེས་གསུངས་པར་ཁོང་དུ་ཆུ་སེར་སེལ་བྱེད་དང་གཉན་ཚད་གཅོག་བྱེད་ཀྱི་སྨན་ཁྱུང་ལྔ་སོགས་བཏང་བ་དང་། རྨའི་སྟེང་ལ་མུ་ཟི་དང་སྦྲུལ་ལྤགས་ནུས་བསྲེག་སོགས་ཕག་ཚིལ་དང་མར་རྙིང་སོགས་སྣུམ་ལ་བསྲེས་ནས་བྱུགས་པ། ནད་ཐོག་ལག་ལེན་དངོས་ཀྱི་ཁྲོད་དུ་མུ་ཟི་གཙོ་བྱས་པའི་སྨན་རྣམས་ཞིབ་ཏུ་འཐག་ནས་མར་རྙིང་དང་ཕག་ཚིལ་རྙིང་པ་སོགས་སུ་བསྲེས་ནས་རྨ་ལ་བྱུགས་ན་ཕན་ནུས་ཆེ་ཡང་། ནད་པ་ཁ་ཤས་ནི་མར་རྙིང་དང་ཕག་ཚིལ་རྙིང་པ་སོགས་ཀྱི་དྲི་ལ་སྣོམ་མི་བཟོད་པས་ཚབ་ཏུ་ཏིལ་མར་དང་ཧྥན་ཧྲི་ལིན་(凡士林)སོགས་སྦྱར་བའང་ཡོད། འདིའི་ཕན་སྐྱེད་ཅུང་ཆུང་བ་དང་། ཕྱིའམ་པགས་ལ་སྤྱོད་དུས་མུ་ཟི་ནི་ཇི་ལྟར་ཞིབ་ན་དེ་ལྟར་ལེགས་ལ། འདུལ་སྦྱོང་མ་བྱས་ན་ནུས་པ་དེ་ལས་ཆེ་ཞེས་མཁས་དབང་རྣམས་ཀྱིས་གསུང་རྒྱུན་འདུག གཞན་ཁྱུང་ལྔའི་ཕྱེ་མ་སོགས་སྣུམ་དང་བསྲེས་ཏེ་བྱུགས་ན་ཡང་ཕན་སྐྱེད་ཡོད་པ་དང་། བདུད་རྩི་ལྔ་ལུམས་ཀྱི་ནང་དུ་གླ་རྩི་དང་། ཆུ་སེར་སྨན་གསུམ་སོགས་རྨའི་ངོ་བོ་དང་བསྟུན་ནས་ཁ་ཚར་བརྒྱབ་ནས་ལུམས་བཅོས་དང་།པགས་གཏར་སོགས་བསྟེན་ན་ཡང་ཟ་འཕྲུག་འཇོམས་པ་དང་། པགས་པ་མཉེན་དུ་གཏོང་ཐུབ་ཅེས་གསུངས་སོ། །
གཅིག ཤན།
ཀ མགོ་ཡི་ཤན། དེང་རབས་གསོ་རིག་གི་མགོའི་ཤན་གྱི་གསོ་བཅོས་རྩ་དོན་ནི་ཁོང་སྨན་བསྟེན་པ་དང་། སྐྲ་བཞར་བ། མགོ་འཁྲུད་པ། སྨན་བསྐུ་བ། དུག་སེལ་བ་བཅས་ལྔ་པོ་མཉམ་སྤྱོད་བྱེད་དགོས་ཏེ། ཁོང་སྨན་བསྟེན་དུས་མཆིན་པའི་ནུས་སྟོབས་དུས་ལྟར་བརྟག་དགོས་ཤིང་དེ་ལྡང་ཚད་ལས་བརྒལ་ན་སྨན་མྱུར་དུ་མཚམས་འཇོག་དགོས།སྐྲ་བཞར་པ་ནི་པགས་ནད་ཡོད་སའི་སྐྲ་ཉིན་རེར་ཐེངས་རེ་དང་བསྟུད་མར་བདུན་ཕྲག་བརྒྱད་ཀྱི་རིང་ལ་བཞར་དགོས། མགོ་འཁྲུད་པ་ནི་མུ་ཟིའི་ཆ་ཡོད་པའི་སྐྲ་མཁྲུད་བྱེད་ཀྱིས་ཉིན་རེར་ཐེངས་རེ་དང་བསྟུད་མར་བདུན་ཕྲག་བརྒྱད་ཀྱི་རིང་ལ་མགོ་འཁྲུད་དགོས། སྨན་བསྐུ་བ་ནི་དུག་སྲིན་སེལ་བྱེད་ཀྱི་སྨན་པགས་ནད་སྟེང་དུ་ཉིན་རེར་ཐེངས་གཉིས་དང་བསྟུད་མར་བདུན་ཕྲག་བརྒྱད་ཀྱི་རིང་ལ་བསྐུ་དགོས། དུག་སེལ་བ་ནི་ནད་པས་བེད་སྤྱད་པའི་ཨ་ཅོར་དང་ཞྭ་མོ། སྔས་མགོའི་ཨ་ཅོར། སྐྲ་ཤད། སྐྲ་བཞར་ཆས་སོགས་ཆུ་ཁོལ་ནང་དུ་བཙོས་ནས་དུག་སེལ་བྱེད་དགོས།
ཀྲུང་ལུགས་གསོ་རིག་གི་གསོ་བཅོས་རྩ་དོན་ནི་“རླུང་སེལ་བ་དང་སྲིན་འཇོམས་པ། གྱོང་པོ་ཞིག་པ། ཟ་འཕྲུག་གཅོག་པ་བཅས་ཡིན། ཁོང་སྨན་དུ་ཁྲག་ཚད་སེལ་ཞིང་དུག་སྲིན་འཇོམས་པ། སྐྲངས་པ་འཇོམས་ཤིང་ཟ་འཕྲུག་སེལ་བའི་སྨན་བསྟེན་དགོས། དཔྱད་ལ་སྐྲ་འདོན་བཅོས་ཐབས་(拔发疗法)བསྟེན་དགོས། བསྟེན་ཐབས་ནི་སྐྲ་བཞར་རྗེས་ཉིན་རེར་སྐྲ་འཁྲུད་བྱེད་ཀྱིས་མགོ་འཁྲུད་དགོས། དེ་རྗེས་པགས་ནད་སྟེང་དུ་སྨན་བྱུགས་ནས་དེ་སྟེང་ལ་སྐྱི་མོ་སོགས་བཀབ་ནས་འཆིངས་པའམ་ཞྭ་མོ་གྱོན་ནས་བརྟན་པོར་བཅུག་པ་དང་། ཉིན་རེར་སྨན་ཐེངས་རེར་གོང་ལྟར་བདུན་ཕྲག་གཅིག་ལ་བསྟེན་རྗེས་རྨ་སྟེང་གི་སྐྲ་སྐམ་པའམ་འཇབ་ཙེ་སོགས་ཀྱིས་བཙིར་ནས་སྐྲ་རྩ་བ་ནས་ཕྱིར་འདོན་དགོས། སྐྲ་དོན་ཚར་རྗེས་མུ་མཐུད་ནས་གོང་གི་བྱུགས་སྨན་དེ་སྲབ་པོར་བསྐུས་ནས་ཉིན་རེར་ཐེངས་རེ་དང་བདུན་ཕྲག་གཉིས་ནས་གསུམ་བར་བསྟེན་དགོས་ལ། དེ་རྗེས་སྲིན་བུ་ཡོད་མེད་ལ་བསྐྱར་བརྟག་བྱེད་དགོས། གལ་ཏེ་སྲིན་བུ་ད་དུང་འཇོམས་མེད་ན་མུ་མཐུད་ནས་གསོ་བཅོས་བསྟེན་དགོས།” (37)
སྔོན་འགོག་དང་རྗེས་གཅོད་ནི། ནད་གཞི་སྔ་མོ་ནས་ངོས་ཟིན་ན་སྔ་མོ་ནས་སྨན་བཅོས་བྱེད་དགོས། དུག་སེལ་བྱས་ནས་ནད་པ་ལོགས་བཀར་བྱས་ཏེ། ནད་བྱུང་ཡོད་པའི་ཕྱུགས་ཟོག་ལ་དེ་འཚམ་གྱིས་གསོ་བཅོས་དང་ཐག་གཅོད་བྱ་དགོས། བྱིས་སྙོར་ཁང་དང་སློབ་གྲྭ། སྐྲ་བཞར་ཁང་སོགས་ལ་འཕྲོད་བསྟེན་ཐད་ཀྱི་ཤེས་བྱ་དྲིལ་སྒྲོག་བྱེད་དགོས།
ཁ། རྐང་ལག་པའི་ཤན། དེང་རབས་གསོ་རིག་གིས་“དཔྱད་བཅོས་གཙོ་བོར་འཛིན་དགོས། གསོ་ཡུན་ནི་ཟླ་བ་གཅིག་ནས་གཉིས་ཀྱི་རིང་ཡིན། ཤུ་བ་སྲ་མཁྲེགས་ཅན་གྱི་རྐང་ལག་གི་ཤན་ནམ་བཅོས་སྐྱེད་མེད་པ་དག་ལ་ཁོང་སྨན་བསྟེན་དགོས། སེར་ཀ་མེད་ན་ངོ་བོ་རྩུབ་པའི་སྨན་རྨ་ཡི་སྟེང་དུ་བྱུགས་ཆོག དེས་མ་ཐུབ་ན་བསུམ་འཆིང་བཅོས་ཐབས་(རྨ་ཡི་སྟེང་ལ་སྨན་བཏབ་པའམ་སྨན་བྱུགས་ནས་དེ་སྟེང་ལ་སྐྱི་མོ་སོགས་ཀྱིས་གཡོག་པའམ་ཁ་བསུམས་པར་བལ་རས་སོགས་ཀྱིས་དཀྲིས་ནས་འཆིང་བ། དེ་ཡིས་སྐོགས་ཤུན་མཉེན་པར་བཅུག་སྟེ་ལྷུང་བའམ་འགོག་པར་བྱེད་ཐུབ།)བསྟེན་དགོས།” (38)ཀྲུང་ལུགས་གསོ་རིག་གིས་ཀྱང་དཔྱད་བཅོས་གཙོ་བོ་བྱས་ཏེ། རྨ་ཡོད་སའི་གནས་དེ་སྨན་ཁུའི་ནང་དུ་སྦང་བའམ་རྨ་སྟེང་ལ་ཉིན་རེར་ཐེངས་གཉིས་ལ་སྨན་བྱུགས་པ། སྔོན་འགོག་དང་རྗེས་གཅོད་ནི། རྐང་ལག་གི་ཤན་བྱུང་ན་འགྱང་མི་རུང་བར་མྱུར་དུ་ངེས་པར་གསོ་བཅོས་བྱ་དགོས་ཏེ། འགོས་ཡུལ་གཅོད་དགོས་ལ། རྐང་པར་རླངས་པ་མི་བཏུམས་པའི་ལྷམ་དང་རྐང་འབོབ་གྱོན་ནས་རྐང་པ་སྐམ་དུ་འཇོག་དགོས། ལྷམ་དང་རྐང་འབོབ། འཁྲུད་སྣོད་སོགས་གཞན་དང་གཅིག་སྤྱོད་བྱེད་མི་རུང་།
ག ལུས་ཀྱི་ཤན། དེང་རབས་གསོ་རིག་གི་དཔྱད་བཅོས་གཙོ་བོར་བཟུང་བ། རྨ་ཚབས་ཆེ་ལ་དཔྱད་བཅོས་ཀྱིས་ནུས་པ་མ་ཐོན་ན་ཁོང་སྨན་བསྟེན་དགོས། ཁོང་སྨན་བསྟེན་དུས་དཔྱད་བཅོས་དང་སྦྲགས་ན་དྲག་སྐྱེད་ཆེ། དཔྱད་དུ་སྲིན་འཇོམས་ཀྱི་སྨན་རིགས་བསྟུད་མར་བདུན་ཕྲག་གཉིས་ཀྱི་ཡན་ནམ་དྲག་སྐྱེད་བྱུང་ན་ད་དུང་མུ་མཐུད་ནས་བདུན་ཕྲག་གཅིག་ནས་གཉིས་བར་ལ་བསྟེན་ནས་བསྐྱར་ལྡང་མི་བྱེད་པར་འབད་དགོས །
ཀྲུང་ལུགས་གསོ་རིག་གིས་ལུས་ཀྱི་ཤན་ལ་སྨན་(གོང་གི་རྐང་བའི་ཆུ་བུར་ཅན་གྱི་སྨན་ཡིན།)བྱུགས་ནས་བཅོས་པ་དང་།མཚན་མའི་ཤན་བཅོས་སྐབས་གསང་བའི་གནས་ཀྱི་སྐྱི་པགས་སྲབ་པས་ངོ་བོ་རྩུབ་པའི་སྨན་བེད་སྤྱོད་བྱ་མི་རུང་། གལ་ཏེ་རྨ་ཟག་རལ་དུ་གྱུར་ཡོད་ན་སྨན་གྱི་ལྡེ་གུ་བྱུགས་དགོས།
སྔོན་འགོག་དང་རྗེས་གཅོད་ནི། འཕྲོད་བསྟེན་ལ་གཟབ་དགོས་ཏེ། ནད་པའི་གྱོན་ཆས་དང་འཁྲུད་ཆས་སོགས་བེད་མི་སྤྱོད་ལ། ནང་དུ་འཁོབས་ཆེ་བ་དང་ཚགས་ལྷོད་པའི་གྱོན་ཆས་གྱོན་དགོས། རྐང་ལག་དང་སེན་མོའི་ཤན་ཡོད་པའི་ནད་པས་གསོ་བཅོས་ངེས་པར་བྱེད་དགོས་ཏེ་རང་གི་ལུས་སྟེང་ནས་མི་མཆེད་པ་བྱེད་དགོས། ནད་གཞི་འདི་ཡོད་པའི་མི་དང་ཕྱུགས་ཟོག་ལ་འབྲེལ་འདྲེས་བྱེད་མི་རུང་།
གཉིས། རྩ་དཀར་རང་བཞིན་གྱི་པགས་ཚད།
དེང་རབས་གསོ་རིག་གི་“དཔྱད་དུ་རྨ་ཡི་ངོ་བོ་དང་གནས་སོགས་མ་འདྲ་བར་དེ་འཚམ་གྱིས་ཟ་འཕྲུག་འཇོམས་བྱེད་སོགས་ཀྱི་སྨན་བེད་སྤྱོད་བྱེད་དགོས། བསུམ་འཆིང་གི་བཅོས་ཐབས་བསྟེན་ན་ཟ་འཕྲུག་མྱུར་དུ་སེལ་བ་མ་ཟད།གནས་དེ་ལ་འཕྲུག་མི་ཐུབ་པར་ཕོག་ཐུག་ཡང་གཏོང་མི་ནུས།རྨ་ཁ་ཆེ་བའམ་ཐུ་ན་འོད་རྫས་ཀྱི་བཅོས་ཐབས་དང་སྨན་ལུམས། རང་བྱུང་ཆུ་ཚན་སོགས་བསྟེན་དགོས། གཞན་ཡང་རྨ་ཡི་སྟེང་དུ་ཁབ་བརྒྱབ་ཆོག་གོ།” (39)
ཁོང་སྨན་གཏོང་དུས་གཉིད་ཡེར་བའམ་གཉིད་མ་ཁུག་ན་ཉལ་ཁར་གཉིད་ཡོང་བྱེད་ཀྱི་སྨན་ཁ་སྣོན་བྱེད་ཆོག ཚབས་ཆེ་ན་སྡོད་རྩའི་ནང་དུ་བཟི་སྨན་བརྒྱབ་ཆོག “ནད་གཞི་ཚབས་ཆེ་རུ་སོང་བའམ་ཆེར་རྒྱས་པ་ལ་ཁོང་སྨན་ལེ་གོང་ཐིམ་ཙོང་ཀན་” (40) (雷公藤总苷片)བསྟེན་ཆོག
ཀྲུང་ལུགས་གསོ་རིག་གིས་རླུང་རྒྱུ་སྙོམས་ཤིང་ཚ་བ་སེལ་བ། ཟ་འཕྲུག་གཅོག་ཅིང་ཟུངས་ཁྲག་གསོ་བ། སྐམ་རྩུབ་མཉེན་ཞིང་འབྱར་བག་འཇོམས་པ་བཅས་ཀྱི་ཁོང་སྨན་བསྟེན་དགོས།
དཔྱད་དུ། སྨན་ཁུ་ཡི་ཆུ་ལུམས་(ཉིན་རེར་ཐེངས་རེ་དང་ཐེངས་རེར་སྐར་ཆ་20-30བར)དང་རླངས་ལུམས་ཉིན་རེར་ཐེངས་རེ་དང་ཐེངས་རེར་སྐར་ཆ་10-20བར) སོགས་དེ་འཚམ་གྱིས་བསྟེན་པ། འབྲུམ་ཕྲན་ཡོད་པ་དང་ངོ་བོ་སྐམ་རྩུབ་ཅན་ལ་སྨན་ལྡེ་གུ་བཟོས་ནས་རྨ་སྟེང་ལ་ཉིན་རེར་ཐེངས་རེ་བྱུགས་པའམ་བསྐུ་དགོས། ད་དུང་སྐམ་ཁབ་དང་མེ་བུམ།མེ་བཙའ། པགས་གཏར། ཐུར་མ་སོགས་བསྟེན་ཆོག
སྔོན་འགོག་དང་རྗེས་གཅོད་ནི། “སེམས་ལས་ཆེ་དང་གཉིད་ཆགས་པ། །དྲག་ཤུགས་ལས་དང་ལན་ཚའི་ཟས། །ཆང་རག་ཐ་མག་ལ་སོགས་སྤང་། །རྨ་ལ་མི་འཕྲུག་གོས་འཇམ་གྱོན། །” (41)བཅས་སོ། །
གསུམ། པགས་ནད་སྐྱ་འགྱུར།
དེང་རབས་གསོ་རིག་གིས་དུས་རྒྱུན་བརླན་གཤེར་ཅན་གྱི་བྱུགས་རྫས་སོགས་སྐྱི་པགས་ལ་བྱུགས་ནས་སྐྱི་པགས་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བྱེད་དགོས། བྱུགས་རྫས་ཁ་ཤས་ཕན་སྐྱེད་ཆེ་ཡང་ཡུན་རིང་བསྟེན་ན་གནོད་སྐྱོན་འབྱུང་བ། རྨ་གནས་ཆེ་བར་ཡུན་རིང་དུ་ངོ་བོ་དྲག་རྩུབ་ཀྱི་བྱུགས་སྨན་བསྟེན་ན་ལུས་ཡོངས་སུ་གནོད་སྐྱོན་འབྱུང་བ་དང་། རྦད་དེ་སྨན་མཚམས་བཞག་ན་རྣག་ཐུམ་ཅན་དང་པགས་དམར་ཅན་གྱི་གླང་ཤུར་འགྱུར་བ། ད་དུང་འོད་རྫས་བཅོས་ཐབས་སོགས་དཔྱད་བཅོས་བསྟེན་ཆོག
“ཁོང་དུ་པགས་སྟེང་གི་ཟུངས་བཅུད་དྭངས་སྙིགས་བྱེད་པར་འགོག་བྱེད་ཀྱི་སྨན་བཏང་ན་པགས་ནད་ཡོད་སའི་གནས་དེའི་པགས་པ་མཐུག་པོར་འགྱུར་མི་ཐུབ་པར་ཕན་ཐོག་ཡོད།” (42) རེད་པའམ་ཚབས་ཆེ་དུས་སྲིན་འཇོམས་ཁོང་སྨན་བཏང་ཆོག ཟུངས་བཅུད་བཀག་ནས་རྨ་དེར་བཅུད་མི་འདང་བ་བྱས་ན་ཆེ་རུ་འགྲོ་མི་ཐུབ་པར་ཕན་སྐྱེད་འདུག
ཀྲུང་ལུགས་གསོ་རིག་གིས་ཁོང་དུ་རླུང་དང་ཁྲག་ཚད་སེལ་བ། གདོན་དུག་དང་ཟ་འཕྲུག་འཇོམས་པ་སོགས་ཀྱི་སྨན་རིགས་བསྟེན་པ་དང་། དཔྱད་དུ་ཨན་སྟོང་ཚིགས་པ་དང་པོ་དང་། ཚིགས་པ་བཞི་པ། སྐྱོར་གོང་། ལོང་རྩ་སོགས་ལ་སྐམ་ཁབ་གདབ་དགོས། དེ་ནི་ཉིན་རེར་ཐེངས་རེ་དང་ཐེངས་རེར་ཆུ་ཚོད་ཕྱེད་ཙམ་ལ་གཞག་དགོས། བཅོས་ཡུན་ནི་གདབ་ཐེངས་བཅུ་ཡིན། ནད་རྟགས་ཅུང་ཡང་བར་སོང་རྗེས་ཉིན་གཉིས་བར་ལ་ཐེངས་གཅིག་གདབ་དགོས། མེ་བུམ་གྱིས་བྲད་ན་ཡང་ཆོག(གདབ་གནས་སུ་སྣུམ་སོགས་བྱུགས་རྗེས་མེ་བུམ་གྱིས་འཇིབ་ཞོར་དུ་མེ་བུམ་འཐེན་ནས་གཡས་གཡོན་ཕྱོགས་སུ་དབྲད་པ།)
སྔོན་འགོག་དང་རྗེས་གཅོད་ནི། ནད་གཞི་ཆེར་མི་འཕེལ་བར་ཚོད་འཛིན་དང་། བྱུང་བའི་ནད་གཞི་ལ་དབྱེ་བ་ཕྱེ་ནས་གང་ལ་གང་འཚམ་གྱིས་གསོ་བཅོས་བྱ་དགོས། དྲག་སྐྱེད་བྱུང་ན་དེ་བསྐྱར་ལྡང་མི་བྱེད་པར་ཤུགས་རྒྱག་དགོས་ལ། ངོ་བོ་དྲག་རྩུབ་ཅན་གྱི་བྱུགས་སྨན་མི་བསྟེན་པ་དང་། ཞོར་དུ་ནད་པའི་སེམས་ཁམས་གསོ་དགོས།
བཞི། རྒྱ་སེ་སྤུན་པ་རྨ་འབྲུམ།
དེང་རབས་གསོ་རིག་གིས་ཟ་འཕྲུག་ཆེ་ན་ཁོང་སྨན་ལ་ཟ་འཕྲུག་འཇོམས་བྱེད་བསྟེན་རྒྱུ་དང་། རྨ་སྟེང་ལ་སྨན་གྱིས་འཁྲུད་དགོས། འོད་རྫས་ཀྱི་བཅོས་ཐབས་བསྟེན་ན་ཡང་དྲག་སྐྱེད་འབྱུང་། ནད་གཞི་ཚབས་ཆེ་བའམ་ནད་ཡུན་རིང་བ་ལ་བཅུད་ལྡན་གྱི་ཁོང་སྨན་ཉུང་ངུ་བསྟེན་ཆོག
ཀྲུང་ལུགས་གསོ་རིག་གིས་ཚབས་ཆུང་བའམ་བྱུང་མ་ཐག་འཁྲུད་བྱེད་ཀྱིས་རྨ་སྟེང་དབྱི་བ་དང་། ནད་ཡུན་ཅུང་རིང་ན་སྨན་གྱི་ལྡེ་གུ་བྱུག་པ། ཉིན་རེར་ཐེངས་༢-༣བར་བསྟེན་དགོས། དཔྱད་དུ་སྐམ་ཁབ་གདབ་པ་སྟེ། ཨན་སྟོང་ཚིགས་པ་དང་པོ་དང་། སྐྱོར་གོང་། ཕྲག་མིག་གསང་སོགས་ལ་གདབ་དགོས། ཉིན་རེར་ཐེངས་རེ་དང་ཐེངས་རེར་ཆུ་ཚོད་ཕྱེད་ཙམ་ལ་ཁབ་གཞག་དགོས། གསོ་ཡུན་ནི་ཉིན་བཅུའི་རིང་ཡིན།
སྔོན་འགོག་དང་རྗེས་གཅོད་ནི། སེམས་ཁམས་ལྷོད་པར་གནས་རྒྱུ་དང་། ཟས་སྐོམ་ལ་སྒ་སྒོག་ཁ་ཚ་ཆུ་འབུའི་རིགས་འཛེམ་དགོས། འཕྲོད་བསྟེན་ལ་དམིགས་བསལ་གྱིས་དོ་སྣང་བྱེད་དགོས་ཤིང་། ཆུ་ཚ་མོས་ཁྲུས་བྱེད་མི་རུང་། ཆུ་མང་དུ་བཏུང་ནས་བཤང་བ་མི་འགག་པ་བྱེད་དགོས།
ལྔ། ཉ་ཁྲབ་ནད།
དེང་རབས་གསོ་རིག་གིས་པགས་ནད་སྟེང་ལ་པགས་པར་བརླན་འཛིན་བྱེད་ཀྱི་སྨན་དང་རྨ་ཤུན་གྱོང་པོ་ཐོར་ཞིག་བྱས་ཏེ་ཤུ་བ་སེལ་བྱེད་ཀྱི་སྨན་སོགས་བྱུགས་པ་དང་།“ཚབས་ཆེ་བ་ལ་དགུན་དུས་ཁོང་སྨན་(Vitamin A)བསྟེན་ན་ནད་ལ་ཕན་སྐྱེད་ཆེ།” (42)
ཀྲུང་ལུགས་གསོ་རིག་གིས་ཁོང་དུ་ཟུངས་སྟོབས་སྐྱེད་ཅིང་རླུང་རྒྱུ་སྙོམས་པ། རྩུབ་པ་འཇོམས་ཤིང་མཁལ་ནུས་སྐྱེད་བྱེད་ཀྱི་སྨན་བསྟེན་པ། དཔྱད་དུ་ཉིན་རེར་ཐེངས་རེ་རྨ་འཁྲུད་པ་དང་ཉིན་རེར་ཐེངས་གཉིས་ལ་རྨ་ལ་སྨན་བྱུགས་པ། ལྟག་སྒོ་དང་མཁལ་གསང་སོགས་ལ་སྐམ་ཁབ་ཉིན་རེར་ཐེངས་རེ་གདབ་དགོས།
སྔོན་འགོག་དང་རྗེས་གཅོད་ནི། ཉེ་ཚན་བར་དུ་གཉེན་མི་སྒྲིག་པ་དང་། དགུན་ཁ་ལུས་འཁྲུད་པ་མང་མི་དྲགས་པ། འཁྲུད་རྗེས་ལུས་སྟེང་ལ་སྣུམ་བྱུགས་པ། དུས་རྒྱུན་ཉ་དང་ནང་ཁྲོལ། ལ་སེར་སོགས་བཟའ་དགོས།
མཇུག་བསྡུ་བ།
གཅིག བོད་ལུགས་གསོ་རིག་ལས་པགས་ནད་གླང་ཤུ་ཡི་ཁྱད་ཆོས་ཏེ། པགས་པ་སྲ་མཁྲེགས་སུ་འགྱུར་བ་དང་།མཐུག་ལ་རྩུབ་པོ་ཆགས་པ། ཟ་འཕྲུག་ཆེ་ལ་ཤུ་བ་འབྱུང་བ་བཅས་ལ་གཞིགས་ན། ཕྱི་ལུགས་གསོ་རིག་གི་པགས་ནད་ཤན་གྱི་རིགས་ཁ་ཤས་དང་། པགས་ནད་སྐྱ་འགྱུར།རྩ་དཀར་རང་བཞིན་གྱི་པགས་ཚད། རྒྱ་སེ་སྤུན་པ་རྨ་འབྲུམ། ཉ་ཁྲབ་ནད་སོགས་ལ་ཡང་བོད་ལུགས་གསོ་རིག་གི་གླང་ཤུ་ནད་ཀྱི་ཁྱད་ཆོས་དང་ལྡན་པས་གླང་ཤུ་ཡི་ཁོངས་སུ་བསྡུས་ཆོག་པར་སྙམ།
གཉིས། མགོ་ཤན་ལས་སེར་པོ་ཅན་དང་དཀར་པོ་ཅན། ལག་པའི་ཤན། ལུས་ཀྱི་ཤན་དང་། པགས་པ་སྐྱ་འགྱུར། རྒྱ་སེ་སྤུན་པ་རྨ་འབྲུམ། ཉ་ཁྲབ་ནད་བཅས་ཀྱི་རྨ་ཡི་དབྱིབས་ནི་དཀྱིལ་པགས་པ་དང་མཉམ་ལ་མཐའ་ཡར་བརྫེས་པས་བས་ལྡགས་ཀྱི་དབྱིབས་དང་མཚུངས།
གསུམ། དེང་རབས་གསོ་རིག་གི་པགས་ནད་འདི་དག་ལས་ཤན་གྱི་རིགས་ལ་འགོས་ཁྱབ་ཆེ་ཞིང་། འདི་སྐྱེད་བྱེད་ཀྱི་སྨར་སྲིན་ནི་སྲོག་ཆགས་སོགས་ཀྱི་སྟེང་ན་ཡང་གནས་པས། ནད་འདི་རིགས་ཡོད་པའི་མི་དང་སྲོག་ཆགས་ལ་འབྲེལ་འདྲིས་བྱེད་པར་གཟབ་དགོས། གཞན་རྩ་དཀར་རང་བཞིན་གྱི་པགས་ཚད་དང་། རྒྱ་སེ་སྤུན་པ་རྨ་འབྲུམ། ཉ་ཁྲབ་ནད་བཅས་ཀྱི་རྒྱུ་རྐྱེན་ནི་ཁྱིམ་རྒྱུད་དང་། སོ་སོའི་ལུས་ཀྱི་ནུས་སྟོབས། ཕྱི་རོལ་ཁོར་ཡུག་སོགས་ལ་རག་ལས་ཡོད་པར་སྙམ།བོད་ལུགས་གསོ་རིག་གི་གླང་ཤུ་ནི་《ཟླ་ཟེར་》ལས། “མཛེ་ནད་གླང་ཤུ་ཞེས་བྱ་བ་ནི། གཡའ་བ་དང་བཅས་ཤིང་འབྲུམ་ཕྲན་ཕྲ་མོ་ཙག་ཙག་པོའི་ཁྱབ་པ་ཡིན་ཞིང་མདོག་གནག་པ་དང་ཆུ་སེར་མང་དུ་འཛག་པ་ཡིན་ནོ། །” (44)ཞེས་གསུངས་པར་གླང་ཤུའི་མདུན་དུ་མཛེ་ནད་ཅེས་སྦྱར་ཡོད་པར་གཞིགས་ན། གཅིག་ནས་ནད་འདི་གསོ་དཀའ་བའི་ནད་གདུག་པ་ཅན་ཞིག་ཡིན་པར་མཚོན་པ་དང་། གཉིས་ནས་འགོས་ཁྱབ་ཀྱང་ཡོད་པར་མཚོན། དེས་ན་པགས་ནད་གླང་ཤུའི་རིགས་ལ་འགོས་ཁྱབ་མེད་པས་མ་ཁྱབ་པར། གླང་ཤུ་ལ་ཉེ་གསུམ་གྱི་སྒོ་ནས་དབྱེ་བ་དང་། རྟེན་གྱི་སྒོ་ནས་དབྱེ་བ། ངོ་བོའི་སྒོ་ནས་དབྱེ་བ་ལ་སོགས་ཡོད་ངེས་པས་པགས་ནད་འདི་ཡོད་པ་དག་གིས་ཕན་ཚུན་ལ་འབྲེལ་འདྲིས་མ་བྱས་ན་ལེགས་སྙམ།
བཞི། བཅོས་ཐབས་ཐད་ལ་བོད་ལུགས་གསོ་རིག་གིས་གླང་ཤུ་ལ་ཁོང་དུ་གཉན་སྲིན་འཇོམས་བྱེད་དང་། ཆུ་སེར་སེལ་བྱེད་སོགས་ཀྱི་སྨན་བསྟེན་ཞིང་། དཔྱད་དུ་བྱུགས་པ་དང་། ལུམས། པགས་གཏར་སོགས་བསྟེན་པ། ནད་འདི་བྱུང་མ་ཐག་གམ་ནད་ཚབས་ཆུང་དུས་བཅོས་ན་དྲག་སྐྱེད་ཐོབ་པ་དང་། ནད་ཡུན་རིང་བའམ་ནད་ཚབས་ཆེ་ན་དྲག་སྐྱེད་ཆུང་ལ་ཡང་ཡང་ལྡང་བ་ཞེས་མཁས་དབང་རྣམས་ཀྱིས་གསུངས། དེང་རབས་གསོ་རིག་གིས་ཀྱང་པགས་ནད་ཤན་དང་པགས་ནད་སྐྱ་འགྱུར་སོགས་ལ་སྐམ་ཁབ་དང་མུ་ཟི་གཙོས་པའི་བྱུགས་སྨན་སྣ་ཚོགས་བྱུགས་པ་དང་། པགས་གཏར་(划痕疗法)སོགས་བེད་སྦྱོད་རྒྱུ་ཡོད་ལ་ཁོང་དུ་སྲིན་འཇོམས་བྱེད་དང་། རླུང་ཚད་སེལ་བའམ་རླུང་གི་རྒྱུ་བ་སྙོམས་བྱེད་སོགས་ཀྱི་སྨན་བསྟེན་ནས་ཕྱི་ནང་ཟུང་འབྲེལ་གྱི་སྒོ་ནས་བཅའ་བཞིན་ཡོད། པགས་ནད་འདི་དག་ལས་ཤན་གྱི་རིགས་དང་རྒྱ་སེ་སྤུན་པ་རྨ་འབྲུམ་གྱི་དྲག་སྐྱེད་ཅུང་ཆེ་ཡང་། གཞན་རྣམས་དྲག་སྐྱེད་ཆུང་བའམ་ཡང་ཡང་ལྡང་བ་ཅན་ནོ། །
དཔྱད་གཞིའི་ཡིག་ཆ།
①本文系中国藏学研究中心2019年藏医药研究所所级课题“‘郎秀’的藏医诊治现状研究”成果之一。
②སྐྱེམ་པ་ཚེ་དབང་། 《རྒྱུད་བཞིའི་རྣམ་བཤད》 [M] ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2000ལོ། ཤོག་ངོས་736
③གོང་སྨན་དཀོན་མཆོག་འཕན་དར། 《མན་ངག་ཡིག་ཆུང་སྣ་ཚོགས་ཞེས་བྱ་བ་བཞུགས་སོ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས་42
④གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ། 《བུ་དོན་མ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2005ལོ། ཤོག་ངོས་194
⑤ཀརྨ་རབ་འབྱོར་སོགས། 《སྨན་སྦྱོར་གཅེས་བསྡུས་སྙིང་ནོར》 [G] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2008ལོ། ཤོག་ངོས་185
⑥དབང་འདུས། 《གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་12
⑦སྡེ་སྲིད་སངས་རྒྱས་རྒྱ་མཚོ། 《བེེཌྰུར་སྔོན་པོ》 [M] ལྷ་ས། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1982ལོ། ཤོག་ངོས་785
⑧ཁྲོ་རུ་ཚེ་རྣམ། 《གསོ་རིག་རྒྱུད་བཞིའི་འགྲེལ་ཆེན་དྲང་སྲོང་ཞལ་ལུང》 (དེབ་4པ) [G] ཁྲེང་ཏུའུ ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 2001ལོ། ཤོག་ངོས་141
⑨⑩ཐད་སྒྱུར་བྱས་པ་ཙམ་ཡིན།
⑪སྒྲ་སྒྱུར་བྱས་པ་ཙམ་ཡིན།
⑫ཉི་མ། 《ཐོར་ནད་གསོ་བ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2011ལོ། ཤོག་ངོས་264
⑬ཁ་ཆེ་ཟླ་བ་མངོན་དགའ། 《ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་འགྲེལ་ཚིག་དོན་ཟླ་ཟེར》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་1000
⑭张学军、郑捷:《皮肤性病学》[M],北京:人民卫生出版社,2018年,第84-85页。
⑮⑯⑰张学军、郑捷:《皮肤性病学》[M],北京:人民卫生出版社,2018年,第85页。
⑱⑲⑳陈红风:《中医外科学》[M],北京:中国中医药出版社,2019年,第160页。
(21)(22)(23)陈红风:《中医外科学》[M],北京:中国中医药出版社,2019年,第160-161页;第161页;第161页。
(24)瞿幸:《中医皮肤性病学》[M],北京:中国中医药出版社,2018年,第156页。
(25)张学军、郑捷:《皮肤性病学》[M],北京:人民卫生出版社,2018年,第130页。
(26)陈红风:《中医外科学》[M],北京:中国中医药出版社,2019年,第192页。
(27)(28)(29)(30)(32)张学军、郑捷:《皮肤性病学》[M],北京:人民卫生出版社,2018年,第133页;第133-134页;第134页;第135页;第182页。
(31)ཐད་སྒྱུར་ཙམ་ཡིན།
(33)陈红风:《中医外科学》[M],北京:中国中医药出版社,2019年,第198页。
(34)瞿幸:《中医皮肤性病学》[M],北京:中国中医药出版社,2018年,第250页。
(35)བྱང་བ་རྣམ་རྒྱལ་གྲགས་བཟང་། 《ཡན་ལག་བརྒྱད་པའི་སྙིང་པོ་བཏུས་པ་ཡིད་བཞིན་ནོར་བུ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2019ལོ། ཤོག་ངོས་246
(36)གོང་སྨན་དཀོན་མཆོག་འཕན་དར། 《མན་ངག་ཡིག་ཆུང་སྣ་ཚོགས་ཞེས་བྱ་བ་བཞུགས་སོ》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2004ལོ། ཤོག་ངོས་42
(37) (38)瞿幸:《中医皮肤性病学》[M],北京:中国中医药出版社,2018年,第97页;第88页。
(39)张学军、郑捷:《皮肤性病学》[M],北京:人民卫生出版社,2018年,第131页。
(40)སྒྲ་སྒྱུར་ཙམ་བྱས་པ་ཡིན།
(41)陈红风:《中医外科学》[M],北京:中国中医药出版社,2019年,第194页。
(42)(43)张学军、郑捷:《皮肤性病学》[M],北京:人民卫生出版社,2018年,第136页;第183页。
(44)ཁ་ཆེ་ཟླ་བ་མངོན་དགའ། 《ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་འགྲེལ་ཚིག་དོན་ཟླ་ཟེར》 [M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 2006ལོ། ཤོག་ངོས་998