༄༅།། ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྙན་འགྲེལ་ཁྲོད་ཀྱི་འགྲེལ་བཤད་རིག་པའི་བསམ་བློ་དང་ཐབས་ལམ་སྐོར་གྱི་དཔྱད་པ།

བན་དེ་མཁར། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 11-22



བན་དེ་མཁར།
[ནང་དོན་གནད་བསྡུས།] དཔྱད་རྩོམ་འདིར་ཀུན་མཁྱེན་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་པོའི་སྙན་འགྲེལ་《དབྱངས་ཅན་ཞལ་ལུང་ཉི་མ་འབུམ་གྱི་འོད་ཅན་》དང་སྙན་འགྲེལ་སྔ་མ་དག་བསྡུར་བའི་ཆ་ནས་དོན་གྱི་གཅོད་ལུགས་དང་། ལུས། རྒྱན། ཡོན་ཏན་སོགས་《སྙན་ངག་མེ་ལོང་》རང་གི་རིག་པ་ལྟར། སྙན་འགྲེལ་དེའི་ཐུན་མོང་མ་ཡིན་པའི་ཆ་རྣམས་རྩལ་དུ་བཏོན་ཏེ་དཔྱད་བརྗོད་དང་སྦྲགས། གང་དེའི་རིན་ཐང་གི་ཆ་ལ་གླེང་བརྗོད་རགས་ཙམ་བགྱིས་ཡོད།
[བརྡ་ཆད་གཙོ་བོ།] 《ཉི་མ་འབུམ་གྱི་འོད་ཅན་》《དབྱངས་ཅན་དགྱེས་གླུ་》དོན་འགྲེལ། འགྲེལ་བཤད་རིག་པ།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] 129 [ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག]1002-946X(2019)01 -077 -15
གླེང་གཞི།
          འགྲེལ་རྩོམ་གྱི་སྲོལ་ནི་བོད་ཀྱི་ཤེས་རིག་ཁྲོད་དུས་ནམ་ཞིག་ལ་བྱུང་བའི་ཐད་ག་ཐག་གཅོད་དཀའ་ན་ཡང་། སྙན་འགྲེལ་གྱི་རིག་པའི་ཁྱབ་ཁོངས་ནས་བལྟས་ཚེ། དཔང་ལོ་ཙཱ་བ་བློ་གྲོས་བརྟན་པའི་( ༡༢༧༦ནས་༡༣༤༢) 《སྙན་ངག་མེ་ལོང་གི་རྒྱ་ཆེར་འགྲེལ་པ་གཞུང་དོན་གསལ་བ་》ཞེས་པ་དེ་ཉིད་བོད་འགྲེལ་ཀུན་གྱི་ཐོག་མ་ཡིན་པར་མཁས་པ་ཕལ་མོ་ཆེའི་བཞེད་དགོངས་གཅིག་མཐུན་ཡིན།① དེ་ནས་བཟུང་ད་ལྟའི་བར་རྒྱ་ཆེར་འགྲེལ་པ་དང་དཔྱད་པ། དོན་འགྲེལ། བཤད་། དཀའ་འགྲེལ། དོགས་དཔྱོད། འགྲེལ་ཆེན། བཤད་པ། ཚིག་འགྲེལ། བཀྲལ་བ། གཞུང་དོན་གསལ་བྱེད། འབྲུ་འགྲེལ། རྣམ་བཤད། འགྲེལ་བཤད་སོགས་ཀྱི་འགྲེལ་རྒྱག་སྟངས་སྣ་ཚོགས་ཤིག་བྱུང་ཡོད་ཅིང་། དེ་དག་ལས་འདིར་དཔྱད་པར་བྱ་བའི་ཀུན་མཁྱེན་སྐུ་ཕྲེང་དང་པོ་དབལ་ཤུལ་ངག་དབང་བརྩོན་འགྲུས་( ༡༦༤༨ནས་༡༧༢༡) ཀྱི་སྙན་ངག་གསལ་བར་བྱེད་པའི་བསྟན་བཅོས་《དབྱངས་ཅན་ཞལ་ལུང་ཉི་མ་འབུམ་གྱི་འོད་ཅན་》 (གཤམ་དུ་《ཉི་མ་འབུམ་གྱི་འོད་ཅན་》ཞེས་བསྡུ་རྒྱུ་)ནི་དོན་འགྲེལ་གྱི་རིག་པ་ལྟར། ཁོང་གི་བླ་མ་རྒྱལ་བ་ལྔ་པའི་《སྙན་ངག་མེ་ལོང་》 གི་དཀའ་འགྲེལ་《དབྱངས་ཅན་དགྱེས་པའི་གླུ་དབྱངས་》 ( གཤམ་དུ་《དབྱངས་ཅན་དགྱེས་གླུ་》ཞེས་བསྡུ་རྒྱུ་)གཞིར་བཟུང་ནས་བརྩམས་གནང་བ་ཞིག་ཡིན་པ་དང་། ཕྱིས་ཀྱི་ཞིབ་འཇུག་པ་མང་པོས་འདི་ཉིད་ནི་སྙན་འགྲེལ་ཐུན་མོང་མ་ཡིན་པ་ཞིག་ཏུ་འདོད་ན་ཡང་། ཇི་ལྟར་ཡིན་ཚུལ་སྐོར་ཞིབ་ཏུ་བཀྲལ་བ་ཉུང་ཕྱིར། དཔྱད་རྩོམ་འདིར་ཀུན་མཁྱེན་འཇམ་དབྱངས་བཞད་པས་《དབྱངས་ཅན་དགྱེས་གླུ་》ལ་འདོར་ལེན་ཇི་ལྟར་མཛད་ཡོད་ཚུལ་དང་། ཁོང་རང་ཉིད་ཀྱིས་རིག་པ་ཇི་ལྟ་བུ་ཞིག་སྤྱད་ནས་《ཉི་མ་འབུམ་གྱི་འོད་ཅན་》བརྩམས་གནང་བ་ཡིན་ཚུལ། སྔ་འགྲེལ་དག་དང་བསྡུར་ན་འདི་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་དོན་སྙིང་གང་དག་ལྡན་པའི་སྐོར་སོགས་རགས་ཙམ་ཞིག་བརྗོད་པར་འདོད།  
          དང་པོ། དཀའ་འགྲེལ་ནས་དོན་འགྲེལ།   
          ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་ཁག་ཏུ②ཁོང་ཉིད་དགུང་ལོ་ཉེར་གཅིག་ལ་རྒྱལ་བ་ལྔ་པར་མཇལ་ཁ་ཞུས་པ་ཙམ་ལས། སྙན་ངག་གི་ཁྲིད་ཇི་ལྟར་ཐོབ་སྐོར་གྱི་གནས་ཚུལ་ཁ་གསལ་མི་འདུག་ལ། ཁོང་གི་གསན་ཡིག་ཏུ། མཁན་ཆེན་དྲུང་ཡིག་རིན་པོ་ཆེའི་དྲུང་ནས་“དོན་རྒྱན་སོ་ལྔའི་དཔེར་བརྗོད་སྐོར་”③གྱི་ལུང་ཐོབ་ཚུལ་ཙམ་ལས་དེ་མིན་《སྙན་ངག་མེ་ལོང་》གི་གཞུང་ཧྲིལ་པོའི་ཁྲིད་ལུང་ཐོབ་ཚུལ་གསལ་ཆ་མི་འདུག འོན་ཀྱང་།《ཉི་མ་འབུམ་གྱི་འོད་ཅན་》བརྩམས་གནང་སྐབས་ཟུར་ལྟའི་དཔྱད་ཡིག་ལ་《དབྱངས་ཅན་དགྱེས་གླུ་》གཙོ་བོར་མཛད་ཡོད་པ་ནི། “བསྟན་བཅོས་འདི་ལ་མཁས་རྨོངས་མང་དག་གིས། །འགྲེལ་པ་དཔེར་བརྗོད་དྲི་ཅན་མང་མོད་ཀྱང་། །ག་ཉུང་དོན་རྫོགས་དཀའ་འགྲེལ་དབྱངས་ཅན་གླུ ། དེ་རྗེས་འབྲངས་ནས་གསལ་བྱེད་བདག་སྤྲོ་འདོད། །”④ཅེས་ཁུངས་གང་ལ་མཛད་ཚུལ་དངོས་སུ་བསྟན་གནང་བ་ལས་ར་སྤྲོད་ཐུབ། དེས་མ་ཟད་ད་དུང་ཁོང་གི་སྙན་འགྲེལ་གཞན་དག་གིས་ཀྱང་《དབྱངས་ཅན་དགྱེས་གླུ་》ནི་ཚིག་ཉུང་དོན་རྫོགས་ཤིག་ཏུ་ངོས་བཟུང་སྟེ། དཔྱད་གཞིར་ཡང་མཛད་པ་དང་། ཁོང་རང་ངོས་ནས་དེ་ལས་ཀྱང་ཁ་གསལ་དུ་གཏོང་བའི་ཀུན་སློང་གིས་རྩོམ་རྒྱུ་ཡིན་པ་སྟེ། འགྲེལ་མཁན་དང་འགྲེལ་བྱ་གཉིས་དབར་གྱི་འབྲེལ་བ་ཞིག་ཐད་ཀར་བསྟན་གནང་ཡོད། དེ་མིན་ཁོང་གི་སྙན་འགྲེལ་འདིའི་ནང་དུ་མཁས་རྨོངས་མང་དག་གིས་ཞེས་དང་། སྒྲོ་སྐུར་སྣ་ཆོགས་པ། འགྲེལ་པ་མཁན་རྣམས། གཞན་གྱིས། ཁ་ཅིག་ཞེས་པ་ལ་སོགས་པའི་ཚིག་རིས་མང་པོ་ཞིག་ཐོན་ཡོད་པས། དེ་དག་གིས་《དབྱངས་ཅན་དགྱེས་གླུ་》ཕུད། ད་དུང་ཟུར་ལྟའི་དཔྱད་ཡིག་གཞན་ཡོད་པར་བསྟན་ཡོད་དེ། རྒྱུན་ཆགས་ཀྱི་ལུས་དང་རང་བཞིན་བརྗོད་པའི་རྒྱན་འཆད་སྐབས། “རྒྱུན་ཆགས་ཟུར་དུ་འབྱེད་པ་ཤིན་ཏུ་འཁྲུལ་”ཞེས་དང་། “ས་ལོས་ཁེངས་པ་སྐྱུངས་ནས་མཁའ་སྤྱོད་བྲོས་མིན་ནམ་”ཞེས་ས་པཎ་ལ་དགག་པ་དང་། ལུས་འཆད་སྐབས། “ལུས་ལ་ཚིག་དོན་གཉིས་སུ་འབྱེད་རྣམས་འཁྲུལ་”ཞེས་འཇམ་དབྱངས་ཁ་ཆེར་དགག་པ། ལྡོག་རྒྱན་འཆད་སྐབས། “ཀ་ཡེ་སྦུག་འཐུམ་མ་མཛད་བྱ་གཤོང་བ་”ཞེས་བྱ་གཤོང་བར་དགག་པ། སྦྱར་རྒྱན་འཆད་སྐབས་སྣར་ཐང་བ་དང་ཟུར་མཁར་བ། རིན་སྤུངས་པ་སོགས་ལ་དགག་པ་བཅས། སྙན་འགྲེལ་འདིར་དགག་ཡུལ་གྱི་མཚན་དངོས་སུ་འཁོད་པ་དྲུག་ཙམ་བྱུང་བ་ལས་ཤེས་ཐུབ། འོ་ན། ཀུན་མཁྱེན་འཇམ་དབྱངས་བཞད་པས་གོང་བསྟན་མཁས་དབང་དག་གི་སྙན་འགྲེལ་ཁག་ལ་དངོས་སུ་གཟིགས་མྱོང་ཡོད་དམ་ཞེ་ན། དེ་ནི་ཁ་ཚོན་གཅོད་དཀའ་སྟེ། གཅིག་ནས་ཁོང་གི་རྣམ་ཐར་སོགས་ཡིག་ཆ་གང་དུ་ཡང་དེ་དག་ལ་གཟིགས་མྱོང་བའི་ཚིག་རིས་རྙེད་དུ་མེད་པ་དང་། གཉིས་ནས་《ཉི་མ་འབུམ་གྱི་འོད་ཅན་》ནི་《དབྱངས་ཅན་དགྱེས་གླུ་》ཡི་རྗེས་སུ་འབྲངས་ནས་བརྩམས་པ་ཞིག་ཡིན་པ། གསུམ་ནས་《དབྱངས་ཅན་དགྱེས་གླུ་》ཡི་ནང་དུ་ཡང་གོང་གི་དགག་ཡུལ་གྱི་མཚན་གཞི་དེ་དག་ཇི་བཞིན་དུ་ཐོན་ཡོད་པའི་ཕྱིར། ཁྱད་པར་《དབྱངས་ཅན་དགྱེས་གླུ་》བརྩམས་གནང་དུས། “འགྱུར་རྣམ་གྲངས་སྔ་ཕྱི་མང་བར་འདུག་ཀྱང་བློ་བརྟན་བཞི་པའི་འགྱུར་ཉིད་བདེ་བས་གཙོ་བོར་མཛད། དཔང་ལོའི་འགྲེལ་པ་ལ་ཚད་ཐུབ་ཀྱིས་གཞིར་བཟུང་།  རིན་སྤུངས་པའི་འགྲེལ་པ་ཕལ་ཆེར་ལ་བརྟེན། འཇམ་ཁ། སྣར་ཐང་སོགས་མཁས་པ་མང་པོའི་ལེགས་བཤད་ཀྱིས་ཟུར་བརྒྱན། འོན་ཀྱང་འགྲེལ་པ་གོང་མ་དེ་དག་གི་བརྗོད་བྱ་ཁོ་ན་ལ་བརྟེན་པ་ཙམ་མ་ཡིན་པར། ཤོང་ལོས་རྒྱ་གར་པཎ་ཆེན་ལ་གསན་པ་ནས་བཟུང་། ཐམས་ཅན་མཁྱེན་པ་ཆོས་སྐྱོང་བཟང་པོ་སོགས་མཁས་པ་རྣམས་རིམ་པར་བརྒྱུད་པའི་བཤད་སྲོལ་ཐུན་མོང་མ་ཡིན་པ་ཉིད་རིང་ལུགས་ཀྱི་སྙིང་པོར་མཛད་”⑤ཅེས་བྱུང་ལས་ཀྱང་དོན་དེ་རྟོགས་ཐུབ་པས། དེས་ན་ཁོ་བོའི་བསམ་པར་《ཉི་མ་འབུམ་གྱི་འོད་ཅན་》ནང་དུ་འཁོད་པའི་མཚན་གཞི་དེ་དག་ནི་《དབྱངས་ཅན་དགྱེས་གླུ་》ལས་ཁོང་དུ་ཕྱུངས་པ་ཙམ་ལས་སྙན་འགྲེལ་དེ་དག་རེ་རེ་བཞིན་གཟིགས་ཡོད་པར་མི་འདོད། འོན་ཀྱང་《ཉི་མ་འབུམ་གྱི་འོད་ཅན་》གྱིས་རྒྱལ་བ་ལྔ་པའི་དཀའ་འགྲེལ་གྱི་རིག་པར་དོན་བསྡུ་བའི་ཐབས་ཀྱིས་རྩ་ཚིག་གི་རྣམ་པས་འགྲེལ་བཤད་རྒྱག་པའི་རིག་པ་ཞིག་སྤྱད་ཡོད་པ་ནི་གསལ་པོ་ཡིན། དེ་ཡང་དོན་འགྲེལ་ནི་ཚིག་འགྲེལ་ལམ་འབྲུ་འགྲེལ་དང་ཁ་གཏད་ཀྱི་ཚུལ་དུ་ཡོད་པའི་འགྲེལ་རྒྱག་ཐབས་ཤིག་ཡིན་ཞིང་། ཀུན་མཁྱེན་འཇམ་དབྱངས་བཞད་པས་འགྲེལ་ཐབས་འདི་ལྟ་བུ་ཞིག་སྤྱད་གནང་བ་ལ་ཡང་ཕྱི་ནང་གི་རྒྱུ་རྐྱེན་མང་དག་ཅིག་ཡོད་པར་སྙམ་པ་ལས། གཅིག་ནས་སྔར་གྱི་འགྲེལ་རྣམས་རྒྱས་ལ་“བྲིས་བཤུས་”ཚབས་ཆེ་བ་དང་། གཉིས་ནས་《དབྱངས་ཅན་དགྱེས་གླུ་》རུ་གནད་འགག་རྣམས་གསེད་འགྲོལ་གྱིས་“ཚིག་ཉུང་དོན་རྫོགས་”ཀྱི་ལམ་ནས་“གཞུང་དོན་རྫོགས་པར་འཆད་”⑥ཡོད་པ་བཅས་གཉིས་དང་འབྲེལ་བ་ཡོད་པར་འདོད་ལ། ད་དུང་ཁོང་གི་ལྗགས་རྩོམ་ལ་བརྗིད་པའི་ཡོན་ཏན་གྱི་རྩོམ་གཤིས་མངའ་བ་དེ་དང་ཡང་འབྲེལ་བ་ཡོད་ཅེས་བརྗོད་ཆོག  
          དོན་འགྲེལ་གྱིས་ཚིག་ལས་ཀྱང་དོན་གནད་དུ་འཛིན་པ་མ་ཟད། འགྲེལ་མཁན་གྱིས་ཀྱང་རྩོམ་གྱི་རྣམ་པའི་ཁོངས་སུ་གཏོགས་པའི་སྒྲིག་གཞི་དང་རྩོམ་ལུས། ཚིག་གི་སྦྱོར་བ། རྩོམ་གཤིས་སོགས་འགྲེལ་བྱའི་རྩོམ་གྱི་སྒྲོམ་ལྟར་ཨ་ན་ཨུ་ཚུགས་ཀྱིས་འགྲོ་མི་དགོས་པར། འགྲེལ་བྱའི་བརྩམས་ཆོས་ཀྱི་བསམ་བློ་དང་དོན་གྱི་གཅོད་ལུགས་སོགས་ལ་འགྲེལ་མཁན་རང་གི་གོ་བ་ལེན་སྟངས་བཞིན་སྤྱོད་ཆོག་པས་ན། འགྲེལ་མཁན་ཡུལ་ཅན་ལ་རང་དབང་ཅུང་ཆེ དེ་ལྟ་བས་ན་《ཉི་མ་འབུམ་གྱི་འོད་ཅན་》དུ་《དབྱངས་ཅན་དགྱེས་གླུ་》ལ་གཙོ་ཕལ་དང་དོན་བསྡུའི་ཐབས་ཤེས་སོགས་སྤྱད་ནས་འདོར་ལེན་ཅི་རིགས་མཛད་ཡོད་ཅིང་། འདོར་ལེན་འདི་ལྟ་བུ་ཡང་སྤྱིར་ན་རྩ་བ་དང་《དབྱངས་ཅན་དགྱེས་གླུ་》ཡི་དཔེར་བརྗོད་ཀྱི་ཚིག་དོན་དྲངས་མེད་པས་མཚོན་ལ། བྱེ་བྲག་བརྩམས་ཆོས་གཉིས་པོའི་ལེའུ་དང་པོའི་དོན་གཅོད་ལུགས་དང་བསྡུར་ནའང་ཤེས་ནུས།
བརྩམས་ཆོས་གཉིས་ཀྱི་ལེའུ་དང་པོའི་དོན་གཅོད་ལུགས་ཐད་ཀྱི་བསྡུར་བ།

          གོང་གསལ་རེའུ་མིག་ལས་བརྩམས་ཆོས་གཉིས་པོའི་སྔ་ཕྱིའི་ཁྱད་པར་གྱིས་ཕྱི་མས་སྔ་མར་གོ་བ་གསར་པ་ཞིག་བླངས་ཡོད་པ་དང་། བརྩམས་ཆོས་ཀྱང་བསྐྱར་སྒྲིག་བྱས་ཡོད་པས། འདོར་ལེན་གྱི་ཆ་ཆེ་ཙམ་མངོན་གྱི་ཡོད། འགྲེལ་བཤད་རིག་པའི་གཞུང་ནས་འགྲེལ་བྱའི་བརྩམས་ཆོས་དང་འགྲེལ་མཁན་གཉིས་དབར་རྣམ་པ་མི་འདྲ་བ་བཞི་ཙམ་ཡོད་པར་འདོད་དེ།

          ༡ འགྲེལ་བྱའི་དོན་གཙིགས་སུ་བཟུང་ནས་མཐར་ཆགས་སུ་འགྲེལ་བ་དང་། ༢ འགྲེལ་མཁན་གྱིས་ཚིག་གསར་པས་འགྲེལ་བྱའི་དོན་གྱི་གོ་བ་རྒྱ་བསྐྱེད་པ། ༣ བརྩམས་ཆོས་ལ་ངོས་འཛིན་གསར་པའི་སྒོ་ནས་འགྲེལ་མཁན་གྱི་གོ་བ་ལྟར་འགྲེལ་བ།༤ བརྩམས་ཆོས་ལ་གོ་བ་ལྡོག་ལེན་དང་ཁ་གཏད་ཀྱི་རྣམ་པས་འགྲེལ་བ་བཅས་རིགས་བཞིར་དབྱེ་ཡོད་པ་ལྟར་ཡིན།⑦ 《ཉི་མ་འབུམ་གྱི་འོད་ཅན་》ནི་《དབྱངས་ཅན་དགྱེས་གླུ་》ལ་ངོས་འཛིན་གསར་པའི་སྒོ་ནས་འགྲེལ་མཁན་རང་གི་གོ་བ་ལྟར་གསར་དུ་བརྩམས་གནང་བ་ཞིག་ཏུ་མངོན་པས། འགྲེལ་གྱི་རྣམ་པ་གསུམ་པར་གཏོགས་པར་འདོད། འདི་ལྟ་བུའི་ངོས་འཇི་ན་ཡང་གཙོ་བོ་ནི་གཙོ་ཕལ་དང་འདོར་ལེན་གྱི་སྟེང་ནས་ཐོན་པ་སྟེ། སྙན་འགྲེལ་འདིར་དམིགས་བསལ་གྱིས་《སྙན་ངག་མེ་ལོང་》གི་རྩ་བ་དང་《དབྱངས་ཅན་དགྱེས་གླུ་》ཡི་དཔེར་བརྗོད་གཅིག་ཀྱང་དྲངས་མེད་པ་མ་ཟད། ལེའུ་དང་པོའི་སྙན་ངག་ཆེན་པོའི་སྲོག་བཅུ་བདུན་ཡང་བསྟན་མེད་པ་སོགས། རྩ་བའི་དཔེར་བརྗོད་ཁྲོད་ཀྱི་རྒྱ་གར་གྱི་ཡུལ་སྲོལ་དང་རིག་གནས་ཀྱི་ཆ་རྣམས་དགོས་པ་དང་བསྟུན་ནས་བཀག་ཡོད་ལ། དེ་དང་ཆབས་ཅིག་《དབྱངས་ཅན་དགྱེས་གླུ་》ཡིས་དཔའ་བོ་གཙུག་ལག་ཕྲེང་བ་སོགས་བཀའ་བརྒྱུད་པའི་སྙན་ངག་སྨྲ་བ་མང་པོར་དགག་རྒྱག་ཆེ་ཙམ་བྱས་ཡོད་པའི་ཚིག་རིས་ཀྱང་བསྟུངས་གནང་ཡོད་ཅིང་། མཚན་ཁ་ཤས་བཀོད་པ་ཡང་གཞུང་ལ་གོ་བ་ལེན་སྟངས་ཀྱི་ཐད་ནས་དོགས་དཔྱོད་མཛད་པ་ཙམ་ལས་གང་དེར་ཁྱད་གསོད་དང་ཚིག་རྩུབ་གསུངས་པའི་ཚུལ་ནི་མེད། དེས་ན་《ཉི་མ་འབུམ་གྱི་འོད་ཅན་》འདི་ཉིད་ནི་ཐད་ཀར་《དབྱངས་ཅན་དགྱེས་གླུ་》འགྲེལ་བྱའམ་གཞི་འཇི་ན་སར་བྱས་ཏེ་བརྩམས་པའི་སྙན་འགྲེལ་དག་ལས་ཐོག་མ་ལྟ་བུར་གྱུར་ཅིང་།⑧ སྙན་འགྲེལ་དེ་དག་གི་ཁྱབ་ཁོངས་ནས་བལྟས་ཚེ 《ཉི་མ་འབུམ་གྱི་འོད་ཅན་》གྱི་དོན་གྱི་རིམ་པ་གཅོད་ལུགས་ཀྱི་ཚིག་གི་ཕྲེང་བར་གཞུང་དོན་ཟིན་པ་དང་རྩ་ཚིག་གི་ཉམས་སླེབས་པ་སོགས་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་ཡོད།  
          གཉིས་པ། གསར་བཤད་ནས་རྩ་ཚིག   
          འགྲེལ་གྱི་གནས་སྐབས་སུ་སྤྱིར་བརྩམས་ཆོས་ཤིག་ལ་གོ་བ་གསར་པའི་ཐོག་ནས་འགྲེལ་རྒྱག་པ་ནི་ཆེས་ཚད་མཐོ་བའི་འགྲེལ་སྟངས་ཤིག་ཡིན་ཞིང་།⑨ དེ་ལ་ག་འགྲེལ་ལས་དོན་འགྲེལ་གྱིས་གོ་བ་གསར་པ་བསྐྱེད་པར་ཆར་པ་ཆུ་གྲོགས་ལྟ་བུའི་ནུས་པ་ཐོན་ཐུབ་ཀྱི་ཡོད། སྙན་འགྲེལ་འདི་རང་ལས། “ཁྱད་འཕགས་དོན་གྱི་བཞིན་ལྡན་མེ་ལོང་མ། །ཀ་ཡེ་བྱིས་པར་འཁྲུལ་སྤྱད་གོས་ཧྲུལ་སྐྱུར། །གསར་བཤད་སྙན་འཇེབས་དུ་ཀུ་ལ་ཡི་གོས། །གྱོན་ལ་རྨད་བྱུང་འཛུམ་པའི་དཔལ་ངོམས་ཤིག །”(《ཉི་མ་འབུམ་གྱི་འོད་ཅན་》ཤ་༣༥༧)ཅེས་གསར་བཤད་ཀྱི་ཆ་མང་ཙམ་ཡོད་ཚུལ་བསྟན་པ་འདིས། འགྲེལ་མཁན་གྱིས་《དབྱངས་ཅན་དགྱེས་གླུ་》ལ་གོ་བ་ལེན་པ་ནས་དེར་འགྲེལ་པ་རྒྱག་པ། འགྲེལ་པ་རྒྱག་པ་ནས་བེད་སྤྱོད་གཏོང་བ་བཅས་ཀྱི་བརྒྱུད་རིམ་ཁྲོད་གོ་བ་གསར་པ་རྙེད་ནས་《ཉི་མ་འབུམ་གྱི་འོད་ཅན་》འདི་བསྒྲིགས་གནབ་བ་ཞིག་ཡིན་པ་རྟོགས་ནུས།   
          ཀུན་མཁྱེན་འཇམ་དབྱངས་བཞད་པའི་རྣམ་ཐར་སོགས་ཡིག་ཆ་གཞན་ཁག་ཏུ་《ཉི་མ་འབུམ་གྱི་འོད་ཅན་》 འདི་བརྩམས་གནང་དུས་《དབྱངས་ཅན་དགྱེས་གླུ་》ལས་གཞན་པའི་དཔྱད་ཡིག་གང་ལ་ཟུར་བལྟ་མཛད་མིན་གྱི་ཚིག་རིས་བཙལ་དུ་མེད་པས། འགྲེལ་འདིའི་ཁྲོད་ཀྱི་གསར་འགྲེལ་གྱི་ཆ་རྣམས་ཀྱང་གང་ལ་བལྟོས་ཏེ་བརྗོད་དགོས་མིན་དཀའ་བའི་གནས་ཤིག་ཏུ་གྱུར་ཡོད། འོན་ཀྱང་། སྙན་འགྲེལ་གང་འདིར།“བསྟན་བཅོས་འདི་ལ་རྒྱས་འགྲེལ་མཛད་རྣམས་ཀྱང་། །ཕལ་ཆེར་བྲིས་བཤུས་ཚིག་ཟིན་པར་བཏབ་ལས། །” (《ཉི་མ་འབུམ་གྱི་འོད་ཅན་》ཤ་༣༤༡)ཞེས་དང་། “མཁས་རྨོངས་མང་དག་གིས་”ཞེས་སོགས་སྔོན་གྱི་འགྲེལ་མཁན་སྐོར་གསུངས་པའི་ཚིག་རིས་དག་ལས། སྙན་འགྲེལ་འདི་ནི་སྙན་འགྲེལ་དག་གི་འགྲེལ་བའི་རྒྱུན་ངེས་ཅན་ཞིག་གི་རྗེས་སུ་བྱུང་བ་ཡིན་པ་གཏན་ཁེལ་ཐུབ་པས། སྔ་འགྲེལ་དེ་རྣམས་(《ཉི་མ་འབུམ་གྱི་འོད་ཅན་》མ་བྱུང་གོང་དུ། ས་པཎ་དང་དཔང་ལོ་ཙཱ་བ། འཇམ་དབྱངས་ཁ་ཆེ། སྣར་ཐང་བ། ཟུར་མཁར་བ། རིན་སྤུངས་པ། གུང་ཐང་བདེ་བློ། པཎ་ཆེན་ཤཱཀྱ་མཆོག་ལྡན། བོ་དོང་ཕྱོགས་ལས་རྣམ་རྒྱལ། རྒྱལ་བ་ལྔ་པ། བོད་མཁས་པ་སོགས་ཀྱི་སྙན་འགྲེལ་བྱུང་ཡོད་)ཀྱང་དངོས་སམ་བརྒྱུད་གང་རུང་ནས་བརྩམས་ཆོས་འདི་ཉིད་འགྲུབ་བྱེད་ཀྱི་རྒྱུ་རུ་གྱུར་ཡོད་ལ། དེ་རྣམས་ཀྱིས་ཕྱོགས་ངེས་ཅན་ཞིག་ནས་འཇམ་དབྱངས་བཞད་པ་ཉིད་ལ་གོ་བའི་ལོ་རྒྱུས་རང་བཞིན་གྱིས་གྲུབ་པའི་མཐོང་ཕྱོགས་ཤིག་བསྟན་ཡོད་པར་ངེས་ཤེས་རྙེད་ཐུབ། དེ་བཞིན་གཞུང་དངོས་ལ་དཔྱོད་པའི་སྐབས། 《སྙན་ངག་མེ་ལོང་》རང་སྟེང་གི་ཐབས་སམ་རིག་པར་གཞི་བཅོལ་ཏེ། དོན་རྣམ་པར་གཅོད་སྟངས་དང་། ལུས། རྒྱན། ཡོན་ཏན་བཅུ་བཅས་ཕྱོགས་བཞིའི་ཐད་ནས་བརྗོད་པ་ལ།   
          གཅིག དོན་རྣམ་པར་གཅོད་སྟངས་ཐད་ནས།   
          《སྙན་ངག་མེ་ལོང་》ལས། “ལུས་ནི་རེ་ཞིག་འདོད་པ་ཡི། །དོན་གྱི་རྣམ་བཅད་ཆིག་གི་ཕྲེང་། །”⑩(འདིར་སི་ཏུའི་འགྱུར་གཙོ་བོར་བཞག་ཡོད་)ཞེས་ལུས་ཀྱི་མཚན་ཉིད་ལ་ཚིག་དོན་གཉིས་ཀྱི་ཆ་ནས་བཞག་ཅིང་། དོན་གྱི་རྣམ་བཅད་ཅེས་པ་ཡང་དོན་གྱི་རིམ་པ་འགོད་ལུགས་སམ་དབྱེ་བསྡུ་ཇི་ལྟར་བྱེད་མིན་ལ་གོ་ཆོག འདི་ལ་དེང་དུས་ཀྱི་བརྩམས་གཞུང་དུ་བརྗོད་པའི་དོན་གྱི་སྒྲིག་གཞི་ཞེས་པའི་གོ་བ་ལེན་རྒྱུ་ཡང་ཡོད།《སྙན་ངག་མེ་ལོང་》གི་རྩ་བའི་དོན་གྱི་རིམ་པ་འགོད་ལུགས་ནི། ལུས་དང་རྒྱན་དང་སྐྱོན་སེལ་བཅས་ལེའུ་གསུམ་གྱི་རྣམ་པས་དབྱེ་བསྡུ་བྱས་པ་ཞིག་ཡིན་གཤིས། བོད་ཀྱི་སྙན་འགྲེལ་རྣམས་ཀྱིས་ཀྱང་དོན་གྱི་རྣམ་པར་གཅོད་ལུགས་འདི་བཞིན་གླུ་བརྒྱ་གདངས་གཅིག་ལྟར་སྤྱད་ཡོད། སྲོལ་འདི་ལྟ་བུ་ནི་རྩ་བའི་དགོངས་པ་ལྟར་དཔང་ལོ་ནས་བརྒྱུད་པར་བསམས་ཤིང་། དཔང་ལོའི་《སྙན་ངག་མེ་ལོང་གི་རྒྱ་ཆེར་འགྲེལ་པ་གཞུང་དོན་གསལ་བ་》དང་《སྙན་ངག་མེ་ལོང་གི་ས་བཅད་》གཉིས་ནི་ཕྱིས་ཀྱི་སྙན་འགྲེལ་རྣམས་ཀྱི་ཁུངས་གཏུགས་ས་ལྟ་བུར་གྱུར་ཡོད། དེས་ན་《ཉི་མ་འབུམ་གྱི་འོད་ཅན་》གྱི་མཇུག་གི་སྨྲས་པ་མ་བརྩིས་ན། གཞུང་དངོས་ལ་རབ་བྱེད་ཉེར་ལྔར་བགོས་ཡོད་དེ། ༡ སྙན་ངག་གི་ལུས་སོགས་དང་། ༢ ལྷོ་ཤར་ཐུན་མོང་མིན་པའི་ལམ་རྣམ་པར་དབྱེ་བ། ༣ རང་བཞིན་བརྗོད་པའི་རྒྱན། ༤ དཔེ་རྒྱན། ༥ གཟུགས་རྒྱན། ༦ གསལ་བྱེད་ཀྱི་རྒྱན་དང་བསྐོར་བའི་རྒྱན། ༧ འགོག་རྒྱན། ༨ དོན་གཞན་བཀོད་པའི་རྒྱན། ༩ ལྡོག་པ་ཅན། ༡༠ སྲིད་པ་ཅན་གྱི་རྒྱན། བསྡུས་བརྗོད་ཀྱི་རྒྱན། ཕུལ་བྱུང་གི་རྒྱན། ༡༡ རབ་རྟོག་གི་རྒྱན། ༡༢ རྒྱུའི་རྒྱན། ༡༣ ཕྲ་མོའི་རྒྱན། ཆའི་རྒྱན། རིམ་པ་ཅན་གྱི་རྒྱན། ༡༤ དགའ་བའི་རྒྱན། ཉམས་ལྡན་གྱི་རྒྱན། གཟི་བརྗིད་ཅན་གྱི་རྒྱན། ༡༥ རྣམ་གྲངས་བརྗོད་པའི་རྒྱན། ཀུན་ཕན་གྱི་རྒྱན། རྒྱ་ཆེ་བའི་རྒྱན། བསྙོན་དོར་གྱི་རྒྱན། ༡༦ སྦྱར་བའི་རྒྱན། ༡༧ ཁྱད་པར་བརྗོད་པའི་རྒྱན། མཚུངས་སྦྱོར་གྱི་རྒྱན། ༡༨ འགལ་རྒྱན། ༡༩སྐབས་མིན་བསྟོད་པའི་རྒྱན། ཟོལ་བསྟོད་ཀྱི་རྒྱན། ངེས་བསྟན་གྱི་རྒྱན། ལྷན་ཅིག་བརྗོད་པའི་རྒྱན། ཡོངས་བརྗེས་ཀྱི་རྒྱན། ཤིས་བརྗོད་ཀྱི་རྒྱན། རབ་སྤེལ་གྱི་རྒྱན། དགོངས་པ་ཅན་གྱི་རྒྱན། ༢༠ བྱ་སླ་བའི་ཟུང་ལྡན། ༢༡ བྱ་དཀའ་བ་དང་མཐའ་ཐོག་སྦྱར་བའི་ཟུང་ལྡན། ༢༢ ཀུན་ཏུ་ཟུང་ལྡན། བསྲེས་པ། བཟློག་པ། ༢༣ བྱ་དཀའ་བའི་རྣམ་གྲངས་གཞནདང་དབྱངས་སོགས་ངེས་པའི་བྱ་དཀའ་བ། ༢༤ གབ་ཚིག་གི་རྒྱན། ༢༥ སྐྱོན་སྤངས་ནས་ཡོན་ཏན་སྤེལ་ཚུལ་བཅས་ལྟར་ཡིན། རབ་བྱེད་རེ་རེའི་ནང་གི་འབྲེལ་བར་བལྟས་ཚེ། ཆོས་ཉིད་ཀྱང་ངེས་ཅན་རེ་རྙེད་ཐུབ་སྟེ། ལེའུ་གསུམ་པོར་ལེའུ་ཡིན་རྟགས་སུ་མཆོད་བརྗོད་དང་བརྩམས་པར་དམ་བཅའ་བ་གཉིས་ཀ་བཀོད་ཅིང་། དེ་མིན་གྱི་རབ་བྱེད་ཀུན་གྱི་འགོར་དབྱངས་ཅན་ལྷ་མོར་མཆོད་པ་བརྗོད་པའི་ཚིག་སྨྲས་པ་དང་། དངོས་པོ་ངེས་བསྟན་གྱིས་དྲངས་ཏེ། གཞུང་དངོས་འཆད་པའི་ངོས་ནས་རབ་བྱེད་སོ་སོའི་སྙིང་དོན་གསལ་བར་བྱས་ཡོད། འདི་དང་ཡར་སྔོན་གྱི་འགྲེལ་པ་རྣམས་ཀྱི་དོན་གྱི་བགོ་ལུགས་དབར་ཁྱད་པར་ཡོད་དེ། ཡར་སྔོན་གྱི་འགྲེལ་པ་རྣམས་སུ་བྱེ་བྲག་གི་དོན་དེ་བྱེ་བྲག་གི་ཚིག་གི་གནས་སྐབས་ནང་བཞག་སྟེ་དོན་གྱི་རིམ་པ་བཅད་པ་ལས་ལེའུ་གསུམ་པོའི་གཞི་རྩའི་སྒྲོམ་གཞིར་འགྱུར་བ་བཏང་མེད། འོན་ཀྱང་《ཉི་མ་འབུམ་གྱི་འོད་ཅན་》ནི་དེ་ལྟར་རང་མ་ཡིན། འོ་ན། རབ་བྱེད་ཉེར་ལྔར་བགོ་དོན་དང་དེའི་གཞི་འཛིན་ས་གང་ཡིན་ནམ་ཞེ་ན། བརྩམས་ཆོས་འདི་ལས་ཐད་ཀར་ལན་རྙེད་དུ་མེད་མོད། རབ་བྱེད་དང་རབ་བྱེད་དབར་གྱི་ནང་གི་སྒྲིག་གཞིར་དཔྱད་པ་ལས་གཞི་འཇི་ན་ས་ཁ་ཤས་ཤིག་རྙེད་འོང་སྟེ།   
          ༡ རྒྱན་གྱི་གཙོ་ཕལ་ལྟར་རབ་བྱེད་བགོས་པ། 《སྙན་ངག་མེ་ལོང་》གི་རྩ་ག་ཏུ་རྒྱན་ཀུན་ལ་གཙོ་ཕལ་གྱི་དབྱེ་བ་དགར་ཡོད་མེད་ཇི་ལྟར་ཡང་། 《ཉི་མ་འབུམ་གྱི་འོད་ཅན་》དུ་རྒྱན་གྱི་རིག་པ་དང་མཛེས་ཆོས། སྤྱོད་རྒྱ་སོགས་གཞིར་བཟུང་ནས་གཙོ་ཕལ་གྱི་དབྱེ་བ་ཕྱེ་ཡོད་པ་དཔེར་ན། “བསྟན་བཅོས་ཀུན་ལ་རྒྱལ་སྲིད་ཇི་བཞིན་དཔལ་གྱིས་མཐོ། །མཁས་མང་སྙིང་དུ་བཅིངས་པའི་རང་བཞིན་བརྗོད་པ་གང་། །”(རང་བཞིན་བརྗོད་པའི་རྒྱན་)ཞེས་པ་དང་། “རྒྱན་མཆོག་དོན་གཞན་བཀོད་པ་དབྱེ། །”(དོན་གཞན་བཀོད་པའི་རྒྱན་)ཞེས་པ།“སྙན་ངག་མཁན་གྱི་བདོག་པའི་མཆོག་གཅིག་པུ། །རབ་རྟོག་རྒྱན་གྱི་མཚན་ཉིད་གསལ་བར་བྱ། །”(རབ་རྟོག་གི་རྒྱན་)ཞེས་པ། “སྙན་ངག་མཛེས་པའི་རྒྱན་གྱི་མཆོག །”(ཕྲ་ཆ་རིམ་གསུམ་) ཞེས་པ།  “མཁས་པ་ཡོངས་ཀྱིས་འཛིན་མ་བཞིན། །བསྟེན་འོས་རྒྱན་དེ་རྫོགས་ལྡན་སུ། །”(དགའ་དང་ཉམས་ལྡན་གཟི་བརྗིད་གསུམ་)ཞེས་པ། “མཁས་པ་ཀུན་གྱི་འཇུག་ངོགས་རྨད་དུ་བྱུང་། །སྦྱར་བའི་རྒྱན་གྱི་མཚན་ཉིད་རབ་གསལ་བྱ། །”(སྦྱར་བའི་རྒྱན་)ཞེས་པ། “ཕུལ་བྱུང་རྒྱན་གྱི་རྐང་འཐུང་ཕྲེང་བས་སྦ། །མཐོ་དམན་སྐྱོན་ཡོན་གཟུགས་སྣང་ཀུན་འཆར་བའི། །ཁྱད་བརྗོད་མཚུངས་སྦྱོར་མེ་ལོང་ཚལ་ཡངས་གང་། །” (ཁྱད་བརྗོད་དང་མཚུངས་སྦྱོར་གྱི་རྒྱན་)ཞེས་སོགས་རྒྱན་བཅུ་གཉིས་ཚང་མར་དམིགས་བསལ་གྱི་བརྩི་མཐོང་གིས་བསྟོད་པའི་ག་སྦྱར་ཡོད་པ་ལྟ་བུ་དང་། དེ་བཞིན་དུ་ཕལ་པར་བཀོད་པ་ཡང་དཔེར་ན། “ཀུན་དང་འདྲེས་པའི་ལྡོག་པའི་ཟུང་ལྡན་དག །གཅིག་ཏུ་མཁས་རྣམས་རོལ་པའི་ཕུལ་མིན་ཞིང་། །སྙན་འཇེབས་ཕུལ་བྱུང་རོ་དང་ལྡན་མིན་ཡང་། །རྣམ་གྲངས་མཁས་པས་བཤད་དེ་ཅུང་ཟད་དབྱེ། །”ཞེས་རྒྱན་འདི་གསུམ་པོ་མཁས་པས་རོལ་པའི་ཕུལ་མིན་པར་གཟིགས་ཏེ་གཅིག་ཏུ་བཞག་ཡོད་པ་ལྟ་བུ་སོགས། དེ་ནི་གཙོ་ཕལ་ལྟར་རབ་བྱེད་དགར་བའི་གཞི་འཛིན་ས་དང་པོའོ།   
          ༢ བམ་ཆེ་ཆུང་ལྟར་རབ་བྱེད་བགོས་པ། རབ་བྱེད་རེ་རེའི་བམ་ཆེ་ཆུང་ཡང་རྒྱན་གྱི་དབྱེ་བ་མང་ཉུང་དང་ཚིགས་བཅད་ཀྱི་མང་ཉུང་སྟེ། ཕྱོགས་གཉིས་ཀྱི་ཐད་ནས་འཇོག་ཆོག དོན་རྒྱན་སོ་ལྔ་ལས་བྱེ་བྲག་གི་དབྱེ་བ་མང་ཙམ་ཡོད་པའི་རྒྱན་དཔེར་ན། དཔེ་རྒྱན་སོ་གཉིས། འགོག་རྒྱན་ཉེར་གསུམ། གཟུགས་རྒྱན་ཉི་ཤུ། རྒྱུའི་རྒྱན་བཅུ་དྲུག ལྡོག་པ་ཅན་གྱི་རྒྱན་བཅུ་ལྟ་བུ་དག་རབ་བྱེད་ཀྱང་གཅིག་ཏུ་བགོས་ཏེ་ཚིགས་བཅད་ཀྱི་གྲངས་ཀ་བཅོ་ལྔ་ལས་མ་བརྒལ་བར་བསྟན་ཡོད། ཉུང་བའི་མཐའ་ལྟ་བུར་དོན་གཞན་བཀོད་པའི་རྒྱན་འཇོག་ཆོག་སྟེ། རབ་བྱེད་ཧྲིལ་པོར་གས་བཅད་ཀྱི་གྲངས་ཀ་དྲུག་ལས་མེད། རབ་བྱེད་རེ་རེའི་རྒྱན་གྱི་མང་ཉུང་ཐད་ནས་ནང་གསེས་ཀྱི་རྣམ་གྲངས་རྣམས་བརྩིས་ན་ཉུང་མཐར་གསུམ་ནས་མང་མཐར་སོ་གཉིས་བར་དང་། ཚིགས་བཅད་ཀྱི་གྲངས་ལ་མཆོད་བརྗོད་བརྩིས་ན་ཉུང་མཐར་དྲུག་ནས་མང་མཐར་བཅོ་ལྔའི་བར་འགྲོ་ལྡོག་བྱེད་ཆོག་པ་ཞིག་ཡིན་པར་གསལ། དེ་ཡང་དབྱེ་བ་མང་ཙམ་ཡོད་པ་རྣམས་ལ་ག་བསྡུ་ཅི་ཐུབ་ཀྱིས་ཚིགས་བཅད་ཀྱི་གྲངས་ཀ་ཡང་ཉུང་ངུར་བྱས་ལ། དབྱེ་བ་ཉུང་ཙམ་ལས་མེད་པ་དང་གཙོ་བོར་བཀོད་པ་རྣམས་ནི་དོགས་དཔྱོད་དང་བསྡུར་བའི་སྒོ་ནས་ཅུང་རྒྱས་ཙམ་བརྗོད་པ་བཅས། རབ་བྱེད་རེ་རེའི་ཚིག་དོན་གཉིས་ཀྱི་ཆ་ནས་མང་ཉུང་གི་མཐར་མ་ལྷུང་བར་རབ་བྱེད་རེ་རེའི་ཚིགས་བཅད་ཀྱི་མང་ཉུང་ཆ་འགྲིག་པོ་ཡོང་དུ་བཅུག་ཡོད་པ་ནི་གཞི་འཛིན་ས་གཉིས་པའོ།   
          ༣ དོན་ཉེ་བའམ་འབྲེལ་བ་ལྟར་རབ་བྱེད་བགོས་པ།《སྙན་ངག་མེ་ལོང་》དུ་དངོས་བསྟན་གྱི་རྒྱན་ཉིས་བརྒྱ་གོ་བདུན་ཙམ་ཡོད་ཅིང་། གོ་རིམ་སྒྲིག་སྟངས་ཐད་སྤྱིའི་ཆ་ནས་རྒྱན་གྱི་རྟེན་གཞི་ལུས། རྒྱན།(དོན་རྒྱན། སྒྲ་རྒྱན་) རྒྱན་དམིགས་བསལ་བ།(གབ་རྒྱན་) རྒྱན་ལ་འབྱུང་ངེས་ཀྱི་སྐྱོན་དང་སེལ་ཐབས་བཅས་དོན་གྱི་རིམ་པ་ལྟར་བརྗོད་ཡོད་ལ། ལེའུ་གསུམ་དུ་བཀར་ཡོད། སྒྲིག་རིམ་དེས་དབྱུག་པ་ཅན་(༦༥༥ནས་༧༠༠?) གྱི་རྩོམ་རིག་གི་བསམ་བློ་ཞིག་ཀྱང་མཚོན་ཡོད་པར་སྙམ་ཞིང་། ཞིབ་ཏུ་དཔྱད་ཚེ། ཆོས་ཉིད་ཀྱང་ངེས་ཅན་ཞིག་བཙལ་དུ་ཡོད། འོན་ཀྱང་བྱེ་བྲག་གི་དོན་རྒྱན་སོ་ལྔ་ལྟ་བུའི་ཁྱབ་ཁོངས་ནས་བལྟས་ཚེ རྒྱན་གྱི་སྒྲིག་རིམ་ཐད་ནས་ཆོས་ཉིད་ཚགས་དམ་པོ་ཞིག་ནི་རྙེད་དཀའ། བྱེ་བྲག་གི་ཆོས་ཉིད་རགས་པ་ཞིག་ཡོད་པར་འདོད་ཆོག་སྟེ། དཔེར་ན་དྲང་བརྗོད་སྔོན་དང་འཁྱོག་བརྗོད་རྗེས། དཔེ་རྒྱན་སྔོན་དང་གཟུགས་རྒྱན་རྗེས། རྐྱང་རྒྱན་སྔོན་དང་སྤེལ་རྒྱན་རྗེས། མ་ཆོད་པ་སྔོན་དང་དེ་ནས་ཆོད་པ། དེ་ནས་ཆོད་མ་ཆོད། བྱ་སླ་སྔོན་དང་བྱ་དཀའ་རྗེས་སུ་བཀོད་པ་ལྟ་བུས་རྟོགས་ཐུབ། 《ཉི་མ་འབུམ་གྱི་འོད་ཅན་》འདིར་རིམ་པའི་འགོད་ལུགས་རྩ་བ་ལྟར་སོང་ཡོད་ན་ཡང་། བྱེ་བྲག་གི་དབྱེ་བསྡུའི་སྐབས་སུ་རྒྱན་དང་རྒྱན་དབར་གྱི་འབྲེལ་བ་ཚགས་དམ་མིན་ལྟར་རབ་བྱེད་བགོས་ཡོད་པ་དཔེར་ན། འགྱུར་བ་ཕྱི་རོལ་དུ་མངོན་སྐབས་ཀྱི་དྲག་ཞན་ལྟར་དགའ་དང་ཉམས་ལྡན་གཟི་བརྗིད་ཅན་གསུམ་རབ་བྱེད་གཅིག་ཏུ་བཀོད་ཡོད་པ་ལྟ་བུ་ཡིན། དེ་ལྟར་དོན་ཉེ་བའམ་འབྲེལ་བའི་ཚད་ལྟར་རབ་བྱེད་ཁག་ཁག་སོ་སོར་བགོས་པ་ནི་གཞི་འཛིན་ས་གསུམ་པའོ།   
          དེས་ན་ཀུན་མཁྱེན་འཇམ་དབྱངས་བཞད་པས་《དབྱངས་ཅན་དགྱེས་གླུ་》ཡི་ལེའུ་གསུམ་གྱི་ཆ་ལག་ཡོངས་སུ་བཀྲོལ་ཏེ་རབ་བྱེད་ཉེར་ལྔར་མཛད་པ་དེས། བརྩམས་ཆོས་རང་གི་སྒྲིག་གཞིའི་ཐད་ནས་གསར་གཏོད་ཀྱི་ཆ་ཞིག་མངོན་པ་མ་ཟད། བྱེ་བྲག་གི་རྒྱན་ནས་སྤྱིའི་སྒྲིག་གཞིའི་དབར་གོ་བ་གསར་པའི་ཉམས་ཤིག་ཀྱང་ཐོན་ཡོང་གི་ཡོད།   
          གཉིས། ལུས་ཀྱི་ཐད་ནས།   
          《སྙན་ངག་མེ་ལོང་》གི་ལུས་ཀྱི་རིག་པ་ལྟར་ན། ལུས་གཞུང་གི་དབྱེ་བས་གས་བཅད་དང་ཚིག་ལྷུག བཅད་ལྷུག་སྤེལ་མ་བཅས་གསུམ་ཡོད་པ་ལས། 《ཉི་མ་འབུམ་གྱི་འོད་ཅན་》ནི་ཚིགས་བཅད་ཀྱི་ལུས་སུ་གཏོགས་ཤིང་། འདི་ལ་བསེ་ངག་དབང་བཀྲ་ཤིས་ཀྱིས། “སྙན་ངགས་ཀྱི་བསྟན་ཆོས་ཚིག་བཅད་མ་གངས་ཅན་པ་སྔ་མ་མཐའ་དག་གི་གཞུང་ལས་ཁྱད་པར་དུ་འཕགས་པ་” ⑪ཞེས་དམིགས་བསལ་གྱིས་བསྟོད་པ་ཕུལ་ཡོད། འདིའི་འགྲེལ་པ་ཧྲིལ་པོའི་རྐང་པར་སྤྱིར་བཞི་ཅན་དང་ལྔ་ཅན་ཅི་རིགས་སུ་སྣང་ཞིང་། བསྡོམས་པས་ཚིགས་བཅད་༣༨༠ཡོད་པ་དེ་རྣམས་ཀྱི་ཁྲོད་དུ་ཚེག་བར་བདུན་ཅན་༢༠དང་། དགུ་ཅན་༣༤༥ བཅུ་གཅིག་མ་༨ བཅུ་གསུམ་མ་༣ བཅོ་ལྔ་མ་༢ བཅུ་བདུན་མ་༢བཅས་⑫ཡོད་པས། གྲོལ་རིགས་མཛོད་འདུས་ལས་མཛོད་ཀྱི་ཁྱད་ཆོས་ལྡན་པར་བཤད་ཀྱང་མི་འཚམ་པ་མེད། སྙན་འགྲེལ་འདིའི་སྔོན་དུ་ཚིགས་བཅད་རྐྱང་པའི་ལམ་ནས་《སྙན་ངག་མེ་ལོང་》ལ་འགྲེལ་པ་བརྩམས་གནང་ཡོད་ན་ཡང་།⑬ 《ཉི་མ་འབུམ་གྱི་འོད་ཅན་》འདི་བཞིན་གཞུང་དོན་ཧྲིལ་པོར་མཐར་ཆགས་སུ་འགྲེལ་བ་ནི་མེད།   
          ཕྱོགས་གཞན་ཞིག་ནས་བཤད་ན། 《ཉི་མ་འབུམ་གྱི་འོད་ཅན་》ནི་ཀུན་མཁྱེན་འཇམ་དབྱངས་བཞད་པས་ཁ་གཏད་ཀྱི་བརྩམས་ཆོས་སམ་ཁུངས་གཏུགས་སའི་《དབྱངས་ཅན་དགྱེས་གླུ་》 ཡི་དཔེར་བརྗོད་ཀྱི་ཚན་པ་དག་དོར་བ་དང་། བཅད་ལྷུག་སྤེལ་མའི་ལུས་དེ་ཉིད་ཚིགས་བཅད་ཀྱི་ལུས་སུ་བསྒྱུར་ཏེ་བརྩམས་གནང་བ་ཞིག་ཏུ་འདོད་ཀྱང་ཆོག་ཅིང་། གོ་རིམ་འདིའི་ཁྲོད་《སྙན་ངག་མེ་ལོང་》དང་《དབྱངས་ཅན་དགྱེས་གླུ་》གཉིས་ཀའི་ཚིག་ཟིན་གཅིག་ཀྱང་“བྲིས་བཤུས་”མཛད་མེད་ལ། རྩ་ཚིག་གི་ཉམས་འབུར་དུ་ཐོན་ཡོད་པ་ནི་ཁྱད་ཆོས་ཆེ་ཤོས་ཤིག་ཏུ་འཇོག་ཆོག  ཁྱད་ཆོས་དེ་ཡང་ཐོག་མར་དོན་གྱི་རིམ་པ་འགོད་སྟངས་ཀྱི་ཐོག་ནས་མངོན་ཡོང་བ་ཡིན་ཏེ། སྔོན་གྱི་སྙན་འགྲེལ་ཕལ་མོ་ཆེར་བཅད་མའི་རྩ་ཚིག་གི་མཚན་ཉིད་ལ་ལྷུག་མའི་འགྲེལ་པ་བཀོད་པའི་རྗེས་སུ་བཅད་མའི་རྩ་ཚིག་གི་དཔེར་བརྗོད་ལ་ལྷུག་མའི་ལམ་ནས་འགྲེལ་(འགྲེལ་པ་མང་པོར་འདིའི་རྗེས་སུ་རང་གི་དཔེར་བརྗོད་བཀོད་ཡོད་)རྒྱག་པའི་རྩོམ་ལུགས་ཤིག་སྤྱད་ཡོད་མོད། 《དབྱངས་ཅན་དགྱེས་གླུ་》ལྟ་བུས་ཐད་ཀར་བཅད་མའི་རྩ་ཚིག་མ་བཀོད་པར་ལྷུག་མའི་རྣམ་པས་དོན་འགྲེལ་མཛད་ཡོད་པས། ཕྱོགས་ངེས་ཅན་ཞིག་ནས་བཤད་ན། 《ཉི་མ་འབུམ་གྱི་འོད་ཅན་》འདི་ཉིད་ནི་དོན་འགྲེལ་གྱི་ཡང་འགྲེལ་ལྟ་བུ་ཞིག་ཏུ་ཆགས་ཡོད། རབ་བྱེད་རེ་རེའི་དོན་གྱི་སྒྲིག་ལུགས་ནི་སྤྱིའི་ཆ་ནས་མཆོད་བརྗོད་དང་། དངོས་པོ་ངེས་བསྟན། མཚན་ཉིད། དབྱེ་བ། མཐའ་དཔྱོད་བཅས་ཀྱི་རིམ་པ་ལྟར་མཛད་པས། 《དབྱངས་ཅན་དགྱེས་གླུ་》དང་བསྡུར་ན་ཁྱད་པར་ཆེ་ཙམ་ཡོད།   
          ད་དུང་ཚིགས་བཅད་རྐྱང་པས་བརྩམས་གནང་བ་དང་གཅིག སྔ་མའི་ཚིག་རིས་ཇི་བཞིན་དྲངས་མེད་པ་དང་གཉིས། དཔེར་བརྗོད་མཛད་མེད་པ་དང་གསུམ་བཅས་ཀྱིས་རྩ་ཚིག⑭གི་ཉམས་ཐོན་ཡོད་ཁར།  ལེའུ་དང་པོ་ལས་གཞན་ལེའུ་གཉིས་པར་བླ་མའི་གསུང་བཞིན་བརྩམས་གནང་བ་ལ་མགོ་ནས་བརྩིས་པའི་རྒྱན་བརྒྱད་ལས་མེད་ཅིང་། (དཔེ་རྒྱན། གཟུགས་རྒྱན། གསལ་བྱེད་ཀྱི་རྒྱན། བསྐོར་བའི་རྒྱན། འགོག་པའི་རྒྱན། ལྡོག་པ་ཅན་གྱི་རྒྱན། བསྡུས་བརྗོད་ཀྱི་རྒྱན། ཕུལ་བྱུང་གི་རྒྱན་) རྒྱན་དེ་དག་ལ་གོ་བ་ལེན་སྟངས་ཀྱི་ཐད་ནས་འགྲེལ་མཁན་གྱི་མཐོང་རྒྱ་དང་འགྲེལ་བྱའི་བརྩམས་ཆོས་ཀྱི་མཐོང་རྒྱ་གཉིས་ཀྱི་དབར་ཐུན་མོང་དུ་གྲུབ་པའི་མཐོང་རྒྱ་ཞིག་ཆགས་ཡོད་པ་མ་ཟད། རབ་རྟོག་གི་རྒྱན་གྱི་སྐབས་སུ་“ཁོ་བོས་འདོད་” ཅེས་དང་།  “བརྟག་པ་བྱ་དགོས་” ཞེས་དང་།“མེས་པོའི་ཞལ་ལས་མིན་”ཞེས་པ་སོགས་ཀྱི་ཚིག་རིས་མང་དུ་བྱུང་བ་འདིས་སྙན་འགྲེལ་འདི་ནི་འགྲེལ་མཁན་རང་གི་གོ་བ་ལེན་སྟངས་ལྟར་བརྩམས་གནང་བ་ཞིག་ཡིན་པ་ངེས་ཤེས་རྙེད་ཐུབ། ལྷག་པར་ཏུ་ལེའུ་གསུམ་པའི་བརྩམས་པར་དམ་བཅའ་བའི་ཚིག་ཏུ། “མཁས་མཁས་དག་གི་ཞལ་བླངས་ལས་མིན་པའི། །སྙན་སྙན་སྒྲ་རྒྱན་ཧ་རིའི་དྲི་ངད་ལྡང་། །ཞིབ་ཞིབ་རྣམ་དཔྱོད་ཡངས་པོའི་དྲི་བཞིན་གྱིས། །ལྡེམ་ལྡེམ་ངག་གི་མེ་ཏོག་བསྐྱོད་ལ་བྲེལ། །”ཞེས་བྱུང་བ་འདིས་ལེའུ་གསུམ་པ་ཡང་མཛད་པ་པོ་རང་གི་གོ་བ་ལྟར་བརྩམས་གནང་བ་《དབྱངས་ཅན་དགྱེས་གླུ་》དང་བསྡུར་བས་ཤེས་སླ། དེ་མིན་རབ་རྟོག་གི་རྒྱན་ནས་འགོ་བརྩམས་ཏེ་“གཞུང་བཞིན་”དང་། “དངོས་བསྟན་”“དཎྡི་”ཞེས་པ་སོགས་ཀྱི་ཚིག་རིས་མང་དུ་མཐོང་རྒྱུ་ཡོད་པ་འདིས། སྙན་འགྲེལ་འདི་ནི་འགྲེལ་མཁན་རང་གིས་དབྱུག་པ་ཅན་གྱི་མ་གཞིའི་དགོངས་དོན་ཅི་ཡིན་ལ་ཁུངས་གཏུགས་ཏེ་འགྲེལ་པ་མཛད་པ་ཞིག་ཡིན་པ་ཡང་ཁ་ཚོན་གཅོད་ཆོག   
          གསུམ། རྒྱན་གྱི་ཐད་ནས།   
          《ཉི་མ་འབུམ་གྱི་འོད་ཅན་》དུ་《སྙན་ངག་མེ་ལོང་》ཁྲོད་ཀྱི་དངོས་བསྟན་གྱི་རྒྱན་ཅུང་གོ་ཁག་པ་རྣམས་དཔེར་བརྗོད་ཀྱིས་གོ་དོན་གསལ་བ་ལ་རམ་འདེགས་ཀྱི་ཚུལ་དུ་ཟུར་ཙམ་བསྟན་པ་ཙམ་ལས། དཔེར་བརྗོད་ཁ་རི་ཁ་ཐུག་ཏུ་བཞག་མེད་ཅིང་། རྒྱན་རེ་རེའི་སྤྱི་ཁོག་ཀྱང་མཚན་ཉིད་དང་དབྱེ་བ། བསྡུར་དཔྱོད་ཀྱི་རིམ་པ་ལྟར་བཀོད་པས། སྙན་འགྲེལ་འདིར་གཞུང་ལུགས་རང་བཞིན་གྱི་ཤེས་བྱ་ཁོ་ནས་ཁྱབ་ཡོད་པར་འདོད་ཆོག་པས་ན། རྩ་ཚིག་གི་རྣམ་པར་ཆགས་དོན་ཡང་འདི་དང་འབྲེལ་བ་ངེས་ཅན་ཞིག་ཡོད་པར་སྙམ། དེ་བཞིན་“ཕྱི་ནང་རྣམ་འགྱུར་བརྡ་སོགས་ཀྱིས། །ངག་ལ་མ་ལྟོས་སྐབས་ཀྱི་དོན། །སྟོན་པའི་རོ་ལྡན་ཕྲ་མོར་བཤད། །དེ་ལ་ཟུར་དང་རྣམ་པའི་གཉིས། །”ཞེས་ཚིག་རྐང་བཞི་རུ་མཚན་ཉིད་དང་དབྱེ་བ། དཔེར་བརྗོད་ཀྱི་ཟུར་བཅས་དཀྱུས་གཅིག་ཏུ་བསྟན་པས། འདྲིལ་ཆེན་པོའི་ཁྱད་ཆོས་ཤིག་ཐོན་འདུག་པ་འདི་ལྟ་བུ་ནི་རྩོམ་གྱི་མགོ་མཇུག་བར་གསུམ་ཀུན་ཏུ་ཁྱབ་ཡོད་ཅིང་། ལྷག་པར་དུ་དོན་གཞན་བཀོད་པའི་རྒྱན་ལྟ་བུར་གས་བཅད་དྲུག་རབ་བྱེད་གཅིག་ཏུ་བྱས་པ་མ་ཟད། རྒྱལ་བ་ལྔ་པས་བསྒྲུབ་བྱ་སྒྲུབ་བྱེད་གོ་བཟློག་དགོས་པར་བཞེད་པའི་ཐད་ལ་“འདི་ལ་གཞན་བཤད་མཐོང་མོད་ཚུལ་འདི་ལེགས་”ཞེས་རྒྱལ་བ་ལྔ་པའི་དགོངས་པ་ལྟར་སོང་མེད་ལ།  རབ་རྟོག་གི་རྒྱན་གྱི་ཐད་ནས་ཀྱང་《དབྱངས་ཅན་དགྱེས་གླུ་》ཡི་བཞེད་ཕྱོགས་ནི་བརྩམས་ཆོས་འདིའི་ནང་ཆེར་སླེབས་མེད་པ་སོགས། རྒྱན་གྱི་སྐོར་ལ་འདོད་ཚུལ་ཅུང་མི་འདྲ་བའམ་གསར་པ་ཁ་ཤས་ཐོན་ཡོད་པ་རྣམས་ཕྱོགས་བཞིའི་ཐད་ནས་བརྗོད་ན་འདི་ལྟར། 
          ༡ རྒྱན་གྱི་ནང་གསེས་ཀྱི་དབྱེ་བ་དགར་སྟངས་ཐད་ནས། 《ཉི་མ་འབུམ་གྱི་འོད་ཅན་》དུ་རྩ་བ་དང་བོད་འགྲེལ་སྔ་མ་དག་དང་མི་འདྲ་བའི་དབྱེ་སྟངས་གསར་པ་འགའ་བྱུང་ཡོད་དེ། དོན་རྒྱན་བཞི་པ་གསལ་བྱེད་ཀྱི་རྒྱན་ལྟ་བུར་རྩ་བ་ལྟར་ན་དངོས་བསྟན་བཅུ་གཉིས་དང་ཤུགས་བསྟན་བཞི་ཡོད་པ་ལ་དཔང་ལོ་དང་སྣར་ཐང་བ། རྒྱལ་བ་ལྔ་པ་བཅས་ཀྱི་འགྲེལ་རྣམས་སུ། “ཡོན་ཏན་དང་རྫས་ཀྱི་བར་གྱི་གསལ་བྱེད་དཔེར་མ་བརྗོད་” ⑮ཞེས་བསྟན་མེད་ཀྱང་། 《ཉི་མ་འབུམ་གྱི་འོད་ཅན་》བྱ “འདིར་ནི་གཉིས་བསྐང་ལྷག་མའང་རིགས་པས་བསྒྲེ་”ཞེས་ཡོན་ཏན་བརྗོད་པ་བར་གྱི་གསལ་བྱེད་དང་རྫས་བརྗོད་པ་བར་གྱི་གསལ་བྱེད་གཉིས་ཀྱི་མཚན་ཉིད་དངོས་སུ་བསྟན་པ་སོགས། དངོས་བསྟན་གྱི་ཚུལ་དུ་གསལ་བྱེད་ཀྱི་རྒྱན་བཅུ་བཞི་སོ་སོར་མཚན་ཉིད་བཞག་གནང་འདུག་པ་ལྟ་བུ་དང་། ཀུན་ཕན་གྱི་རྒྱན་དང་སྐབས་མིན་བསྟོད་པའི་རྒྱན་ལ་རྩ་བ་དང་འགྲེལ་པ་སྔ་མ་ཀུན་ཏུ་ནང་གསེས་ཀྱི་དབྱེ་བ་བཀར་མེད་ཀྱང་།《ཉི་མ་འབུམ་གྱི་འོད་ཅན་》དུ་ཆོས་དང་འཇིག་རྟེན་ཞེས་དབྱེ་བ་གཉིས་ནས་བསྟན་གནང་བ་མ་ཟད། ཆོས་དང་འཇིག་རྟེན་ལྟར་དགར་བའི་རིག་པ་འདི་ཉིད་རྒྱན་གཞན་དུའང་སྤྱད་འདུག་སྟེ། “བརྗོད་པའི་ངག་ནི་རྣམ་གྲངས་བརྗོད་པར་འདོད། །དེ་ལ་དགེ་སོགས་གསུམ་མམ་ལུགས་གཉིས་སོ། །”ཞེས་རྣམ་གྲངས་བརྗོད་པའི་རྒྱན་ལ་ཕྱོགས་གཅིག་ནས་ཆོས་དང་འཇིག་རྟེན་ལྟར་བཀར་བ་དང་། ཕྱོགས་གཞན་ཞིག་ནས་དགེ་སོགས་གསུམ་ལྟར་བཀར་བ། དེ་བཞིན་ཡོངས་བརྗེས་ཀྱི་རྒྱན་འཆད་སྐབས་ཀྱང་། “དེ་ལའང་དགེ་སོགས་དབྱེ་བ་ཁོ་བོ་འདོད་”ཅེས་བྱུང་བ་ལས་རྟོགས་ཐུབ། འདིའི་ཁྲོད་ཀྱི་སོགས་སྒྲས་དོན་ཅི་ཞིག་སྟོན་མིན་སྐོར་ལ་རྗེ་དམུ་དགེ་བསམ་གཏན་གྱི་《སྙན་འགྲེལ་ཡང་གསལ་སྣང་མཛོད་》དུ། “དེ་ལ་དགེ་མི་དགེ་ལུང་མ་བསྟན་གྱི་དོན་ཅན་གསུམ་” ⑯ཞེས་འགྲེལ་འདུག  གང་ལྟར་དབྱེ་བསྡུ་བྱེད་སྟངས་འདི་དག་ནི་《དབྱངས་ཅན་དགྱེས་གླུ་》ཚུད་པའི་སྔ་འགྲེལ་གང་དུ་ཡང་མ་བསྟན་པས། འཇམ་དབྱངས་བཞད་པ་ཁོང་རང་གི་དགོངས་གཞི་ཁོ་ནར་མཐོང་།   
          ༢ དཔེ་རྒྱན་གྱི་མཚུངས་པ་གསལ་བྱེད་ཀྱི་སྒྲའི་ཐད་ནས། 《སྙན་ངག་མེ་ལོང་》གི་རྩ་བར་མཚུངས་པ་གསལ་བྱེད་ཀྱི་སྒྲའི་རྣམ་གྲངས་ལ་གྲངས་ངེས་མ་བྱས་པའི་རྐྱེན་གྱིས་བོད་འགྲེལ་རྣམས་སུ་དགར་ལུགས་ཀྱང་འདྲ་མིན་བྱུང་ཡོད། དེ་ཡང་《ཉི་མ་འབུམ་གྱི་འོད་ཅན་》མ་བྱུང་སྔོན་དུ་བཞེད་སྟངས་མི་འདྲ་བ་གཉིས་ཡོད་དེ། “ཤོང་དཔང་སོགས་ཀྱིས་སཾ་སྐྲྀ་ཏའི་སྐད་དུ་སོར་བཞག་པ་མང་ཞིང་། གྲངས་དྲུག་ཅུ་རྩ་གསུམ་དུ་བྱས་ལ། ཕྱིས་སྒྲ་པ་ས་ཤིས་རྫོགས་པར་བསྒྱུར་ཅིང་གྲངས་ཀྱང་དྲུག་ཅུ་རྩ་ལྔར་བཤད་” ⑰ཅེས་པ་ལྟར། སྣར་ཐང་ལོ་ཙཱ་བའི་《སྙན་ངག་མེ་ལོང་གི་བཤད་པ་མཁས་པའི་ཡིད་འཕྲོག་བཀླགས་པས་དོན་ཐམས་ཅད་འགྲུབ་པ་》ཞེས་པའི་སྔོན་དུ་རེ་གསུམ་དུ་བཤད་ལ། འགྲེལ་པ་དེའི་རྗེས་ཀྱི་རྒྱལ་བ་ལྔ་པ་དང་བོད་མཁས་པ་སོགས་ཀྱིས་སྣར་ཐང་པའི་རྗེས་སུ་འབྲངས་ཏེ་རེ་ལྔར་གསུངས་འདུག ཁྱད་པར་དེ་ཡང་རཏྣ་ཤྲཱིའི་འགྲེལ་པའི་ཁྲོད་ཀྱི་ཆོས་ཐུན་མོང་དང་གྲིབ་མ་འདྲ་གཉིས་འཇོག་མི་འཇོག་གིས་ཤོར་བ་དེ་ཡིན། 《ཉི་མ་འབུམ་གྱི་འོད་ཅན་》དུ། “གསལ་བྱེད་སྒྲ་ནི་རེ་དྲུག་གཞུང་དུ་བསྟན་”ཞེས་སྔ་མ་གང་དང་ཡང་མི་འདྲ་བ་ཞིག་བསྟན་ཡོད་པ་མ་ཟད། སྡེ་ཚན་གྱི་དབྱེ་སྟངས་ཐད་ནས་ཀྱང་སྡེ་ཚན་དང་པོར་ཉེར་གཉིས་དང་སྡེ་ཚན་གཉིས་པར་ཉི་ཤུ། སྡེ་ཚན་གསུམ་པར་བཅོ་ལྔ། སྡེ་ཚན་བཞི་པར་དགུ་ལྟར་དུ་བྱས་ཡོད། དགར་ལུགས་འདི་ནི་སྤྱིར་ན་སྣར་ཐང་པ་ནས་བརྒྱུད་ཅིང་། རྒྱལ་བ་ལྔ་པས་ཀྱང་འདི་ལྟར་དུ་བཞེད་ན་ཡང་། རྩོམ་དངོས་སུ་རེ་གསུམ་དུ་གསུངས་པ་དང་། ཡང་དཔེར་བརྗོད་དུ་རེ་དྲུག་མཛད་པ། བསྡོམས་སྐབས་རེ་ལྔ་བྱུང་བ་སོགས་གྲངས་ངེས་གསལ་པོ་ཞིག་མེད། གནད་དོན་འདིའི་ཁུངས་ཡར་དེད་ཚེ། རིན་སྤུངས་པའི་སྙན་འགྲེལ་ལ་ཐུག་ཡོད་དེ། རྒྱལ་བ་ལྔ་པས་“རིན་སྤྲུངས་པའི་སྙན་འགྲེལ་ལ་ཇི་ཐོན་དེ་ལྟ་རང་དུ་མཛད་” ⑱ཅེས་པ་ལས་ཤེས་ཐུབ། འདི་ལ་དངུལ་ཆུ་རྷརྨ་བྷ་དྲས་ཀྱང་རིན་སྤུངས་པ་དང་རྒྱལ་བ་ལྔ་པའི་མཚུངས་སྒྲའི་གྲངས་ངེས་ཐད་ནས་“ཐེ་ཚོམ་སྣང་” དང་“ཅི་ཡིན་བརྟག་” ⑲ཅེས་དོགས་སློང་གནང་ཡོད། གང་ལྟར་《ཉི་མ་འབུམ་གྱི་འོད་ཅན་》དུ་སྐྱོན་འདི་བསྲངས་ཏེ་གྲངས་རེ་དྲུག་ཏུ་གཏན་འཁེལ་མཛད་འདུག   
          ༣ དོན་རྒྱན་སོ་ལྔ་ལས་དགོངས་པ་ཅན་གྱི་རྒྱན་ནི་རང་རྐྱ་ཐུབ་པའི་རྒྱན་ཞིག་ཡིན་མིན་ཐད་སྙན་འགྲེལ་ཁག་ཏུ་བཞེད་ལུགས་མི་འདྲ་བ་ཡོད་དེ། དཔང་ལོ་ཙཱ་བ་དང་སྣར་ཐང་པ་སོགས་ཀྱིས་རྒྱན་རང་རྐྱ་ཐུབ་པ་ཞིག་ཏུ་བརྩི་ཞིང་དཔེར་བརྗོད་ལོགས་སུ་མི་འཇོག་པ་དང་། རྒྱལ་བ་ལྔ་པས་དཔེར་བརྗོད་ལོགས་སུ་འཇོག་པ། ཀུན་མཁྱེན་འཇམ་དབྱངས་བཞད་པས།“ཁྱད་པར་ཆོས་བཞིའི་བསམ་པ་དབང་བྱས་ནས། །དེ་བཞིན་སྦྱར་བའི་སྙན་ངག་དགོངས་པ་ཅན། །སོ་ལྔ་བགྲངས་ཕྱིར་ཟུར་དུ་འདོད་དགོས་ཀྱང་། །དཔེར་བརྗོད་མེད་ཕྱིར་གཞན་དུ་བཞག་དཀའ་བས། །ཆད་དམ་གཉིས་པ་དཔེ་ཡིན་དཔྱད་དགོས་ཉིད། །”(《ཉི་མ་འབུམ་གྱི་འོད་ཅན་》ཤ་༣༤༢)ཅེས་རྒྱན་ཡིན་མིན་དང་དཔེར་བརྗོད་དགོས་མིན་གཉིས་ཀྱི་ཐད་དོགས་སློང་མཛད་ཡོད་པ་ལྟ་བུ་ཡིན། དེས་ན་ཀུན་མཁྱེན་འཇམ་དབྱངས་བཞད་པའི་གསུངས་འདི་ཉིད་དཔྱད་གཞི་གསར་པ་ཞིག་ཏུ་གྱུར་མོད། ཕྱིས་ཀྱི་འགྲེལ་མཁན་དག་གིས་མཉམ་འཇོག་ཆེར་བྱས་མེད།   
          ༤ གནས་ངེས་པའི་བྱ་དཀའ་བའི་རྒྱན་གྱི་སྐབས་སུ་ཡང་སྔ་འགྲེལ་དག་དང་ཅུང་མི་འདྲ་བའི་བཞེད་སྟངས་ཤིག་བྱུང་ཡོད་པ་ནི། དཔེར་ན། གསལ་བྱེད་སུམ་ཅུའི་སྐྱེགནས་སྐོར་ལ་དཔང་ལོ་ཙཱ་བ་དང་རྒྱལ་བ་ལྔ་པ། སྣར་ཐང་པ། བོད་མཁས་པ་སོགས་ཀྱིས་ཙནྡྲ་བའི་ལུགས་ལྟར། དབྱངས་དང་གསལ་བྱེད་ཀྱི་ཡི་གེ་རྣམས་སྤྱི་བོ་དང་སོ། མཆུ་དང་རྐན། མགྲིན་པ་བཅས་གནས་ལྔར་བསྡུས་ཞེས་གྲགས་ཆེ་མོད། སྙན་འགྲེལ་འདིར “མགྲིན་རྐན་ལྕེ་རྩེ་སོ་མཆུ་སྤྱི་བོ་རྣམས། །ཅི་རིགས་སྐྱེ་གནས་ངེས་དེ་གནས་ངེས་སོ། །”(《ཉི་མ་འབུམ་གྱི་འོད་ཅན་》ཤ་༣༥༠)ཞེས་གནས་དྲུག་ཏུ་བསྟན་ཡོད་པ་ལྟར་ཡིན། འདིའི་སྐབས་ཀྱི་ཏ་ཐ་ད་ན་ལ་རྣམས་ནི་སོ་དང་ལྕེ་རྩེ་ལས་འབྱུང་བ་དང་། ཙ་ཚ་ཛ་ཞ་ཤ་རྣམས་ནི་རྐན་དང་ལྕེ་རྩེ་ལས་འབྱུང་བའི་དགར་སྟངས་འདི་ནི་གཞན་དང་མི་འདྲ་བ་ཞིག་ཡིན། འདིར་གསལ་བཤད་ཞུ་རྒྱུར། ཁོང་གིས་《ལེགས་སྦྱར་གཅེས་པའི་གནས་བསྡུས་མགྲིན་པའི་ལྕགས་སྒྲོག་རང་གྲོལ་》ཞེས་པར། “ལྕེ་ནི་སྤྱིའི་བྱེད་པ་འཇུག་པའི་གཞི་ཡིན་པས་” ཞེས་གསུངས་ན་ཡང་། སྙན་ངག་གི་གནས་སྐབས་འདིར་གནས་དྲུག་རང་དུ་གསུངས་ཡོད།   
          གཞན་ཡང་འདྲ་ཤས་ཆེ་བའི་རྒྱན་དང་རྒྱན་དབར་གྱི་ཁྱད་པར་འབྱེད་སྐབས། བསྡུར་བའི་ཐབས་ལམ་སྤྱད་དེ།⑳ཁ་གསལ་གོ་བདེས་སོ་སོར་དབྱེ་བ་མ་ཟད། སྐབས་རེར་མཁས་པའི་གཞུང་སོགས་རྒྱབ་གནོན་དུ་བྱས་ཤིང་། དགོས་མཁོ་ཆེ་དུས། རྩ་བའི་གོ་དོན་བཀྲལ་བའི་སྒོ་ནས་“ཚིག་ཉུང་དོན་བསྡུས་”སུ་བསྟན་གནང་ཡོད།   
          བཞི། ཡོན་ཏན་བཅུའི་ཐད་ནས།   
          《སྙན་ངག་མེ་ལོང་》ནང་བསྟན་པའི་ཡོན་ཏན་བཅུའི་རིག་པའི་སྐོར་ལ་སི་ཏུའི་འགྱུར་ལས། “སྦྱར་བ་རབ་དྭངས་མཉམ་ཉིད་དང་། །སྙན་དང་ཤིན་ཏུ་གཞོན་པ་དང་། །དོན་གསལ་བ་དང་རྒྱ་ཆེ་དང་། །བརྗིད་དང་མཛེས་དང་ཏིང་ངེ་འཛིན། །ཡོན་ཏན་འདི་བཅུ་བཻད་རྦྷའི། །ལམ་གྱི་སྲོག་ཏུ་བཤད་པ་ཡིན། །འདི་ལས་ཕལ་ཆེར་བཟློག་པས་ནི། །གཽ་ཌའི་ལམ་དག་མཚོན་པ་ཡིན། །”(སི་ཏུའི་འགྱུར། ཤ་༥༧)ཞེས་རྒྱ་གར་ལྷོ་པ་དང་ཤར་པ་ཞེས་ལམ་མི་འདྲ་བ་གཉིས་བསྟན་ཞིང་། གཉིས་ཀའི་ཁྱད་པར་འབྱེད་བྱེད་ནི་ཡོན་ཏན་བཅུའི་ངོས་ནས་བཞག་ཡོད། འདི་ལ་སྙན་འགྲེལ་མང་པོར་ཐུན་མོང་མིན་པའི་རྒྱན་བཅུ་ཞེས་འབོད། དོན་དུ་འདིའི་སྐབས་ཀྱི་ཡོན་ཏན་བཅུ་ནི། རྩོམ་སྟངས་མི་འདྲ་བ་ལས་བྱུང་བའི་ཉམས་མི་འདྲ་བ་བཅུ་དང་། ཉམས་བཅུ་པོ་ལྷུར་ལེན་བྱེད་སྟངས་མི་འདྲ་བ་ལས་བྱུང་བའི་གྲུབ་མཐའམ་(རིན་སྤུངས་པའི་སྙན་འགྲེལ་《མི་འཇིགས་སེང་གེའི་ང་རོ་》རུ་གྲུབ་མཐའ་ཞེས་བྱུང་)ཡང་ན་རྩོམ་པ་པོའི་སྡེ་མི་འདྲ་བ་གཉིས་ལ་གོ་ན་འོས་ཤིང་འཚམ་པར་འདོད། ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཕྱག་རྩོམ་སྤྱིར་བརྗིད་པའི་ཡོན་ཏན་གྱི་ཉམས་ཆེ་ཙམ་ཡོད་པས། 《ཉི་མ་འབུམ་གྱི་འོད་ཅན་》ཡང་དེ་ལས་མ་འདས། “ཤར་པ་རྣམས་ཀྱིས་ལྷུག་པར་མ་ཟད་ཆིགས་བཅད་ལ་ག་སྡུད་ཀྱི་བརྗིད་པ་འདི་ཉིད་དཔུང་གཉེན་དང་སྐྱབས་སུ་བྱེད་” (21)ཅེས་པ་ལྟར།  སྙན་འགྲེལ་འདི་ཉིད་ཀྱིས་ཀྱང་བརྗིད་པའི་ཡོན་ཏན་ལྷུར་ལེན་གྱིས་རྒྱ་གར་ཤར་པའི་རྩོམ་སྟངས་ཀྱི་ཉམས་འགྱུར་མངོན་པར་བྱས་ཡོད་ཅིང་།  ཁྱད་ཆོས་འདི་ལྟ་བུ་ནི་ཀུན་མཁྱེན་འཇམ་དབྱངས་བཞད་པ་ཁོང་གི་བརྩམས་ཆོས་ཕལ་མོ་ཆེར་རས་སྣུམ་གྱིས་ཟིན་པ་བཞིན་ཁྱབ་ཡོད། དེ་ཡང་བྱེ་བྲག་གི་ཁྱད་ཆོས་ཏེ། དོན་འདྲིལ་ཆེ་བ་དང་བསྡུ་སྟོབས་ཆེ་བ། ཆིག་སྡུད་མང་ལ་ཡི་གེ་རྩུབ་མོའི་རིགས་སྤྱད་པ། དཔེ་དོན་གྱི་མཚུངས་ཆོས་རྙེད་དཀའ་བ། བསྡུས་བརྗོད་དང་འུད་ཆེན་པོའི་ཉམས་ཀྱིས་ཕྱུག་པ། མངོན་བརྗོད་དང་རྒྱན་སྣ་ཚོགས་ལ་བརྟེན་ནས་རྟོག་པ་ཀློང་བརྡོལ་གྱིས་རྗོད་སྟངས་འཁྱོག་པོར་བསྒྱུར་བ་སོགས་ཀྱི་སྟེང་ནས་མངོན་གྱི་ཡོད། ད་དུང་སྙན་འགྲེལ་འདིར་རྒྱན་གྱི་མཚན་ཉིད་བཞག་པའི་མུར་རྣམ་གྲངས་བཀོད་པ་དང་། རྣམ་གྲངས་བཀོད་མུར་དོགས་གཅོད་བྱས་པ་སོགས་ག་གི་འདེགས་མགྱོགས་ལ་དོན་གྱི་འདྲིལ་ཆེ་བ་དཔེར་ན། དཔེ་རྒྱན་དང་གཟུགས་རྒྱན་གྱི་དབྱེ་བ་རེ་རེར་ག་རྐང་གཅིག་གིས་མཚན་ཉིད་ཧ་ཅང་གོ་བདེ་དོན་འདུས་རེ་བཞག་ཡོད་པས་མཚོན། འདིར་དཔེར་བརྗོད་མང་པོ་འཇོག་པའི་ངལ་བར་མི་བསྟེན། དེ་མིན་རབ་བྱེད་རེ་རེའི་དབུའི་མཆོད་བརྗོད་ནང་གི་དབྱངས་ཅན་མ་གཅིག་པུར་ཡང་མངོན་བརྗོད་མི་འདྲ་བ་བཅུ་(གསུང་གི་དབང་མོ། རྒྱལ་ཡུམ། ཡེ་ཤེས་དབང་མོ། ངག་གི་ལྷ་མོ་གཟི་ཅན་མ། ཡེ་ཤེས་ལྷ་མོ། ཚངས་པའི་སྲས་མོ། སྨྲ་སྟོན་ལྷ་མོ། ཡེ་ཤེས་སྒྱུ་འཕྲུལ་མ། མཚོ་ལྡན་མ་)བཀོལ་ཡོད་པ་དང་།  བརྩམས་ཆོས་ནང་གི་གྲངས་ཀ་ཚང་མ་“སྡེ་ལྔའི་ཟླ་རྩེ་མདའ་དང་མཐར་གནས་ཀྱི ། སྲོག་ཆུང་བྲལ་ཏེ་སྡེ་ལྔའི་མིག་ཆུ་བོ། །་་་་་་གསུམ་ཡོད་ཟླ་རྩེར་བཟླས་དང་མིག་འབྱུང་བཟླས། །བསེ་རུ་འཁྲིག་པར་མེ་ནི་རིག་བྱེད་བཟླས། །”ཞེས་མངོན་བརྗོད་ཁོ་ནས་མཚོན་པར་བྱས་ཡོད་པ། རང་བཞིན་བརྗོད་པའི་རྒྱན་འཆད་སྐབས་དྲང་པོའི་ངག་དང་། བཏགས་མིན། དྲང་པོར་བརྗོད། སྒྲོ་བཏགས་མིན་ཞེས་ཚིག་རིས་མི་འདྲ་བ་སྤྱད་ཡོད་པ་སོགས། དེ་དག་གིས་ཚད་ངེས་ཅན་ཞིག་གི་ཐོག་ནས་བརྩམས་ཆོས་ཀྱི་ནང་དོན་ཇི་བཞིན་གོ་བ་ལེན་པར་དཀའ་ཁག་བཟོས་མོད། བརྩམས་ཆོས་ཧྲིལ་པོ་ནི་ཤར་པའི་ལུགས་བཞིན་བརྗིད་པའི་ཉམས་ཀྱིས་ཕྱུག་ཡོད། འདི་ལ་དངོས་སློབ་བསེ་ངག་དབང་བཀྲ་ཤིས་ཀྱིས། “དེ་ཡང་མཁས་པ་ཅི་འདྲ་ཅིག་གིས་ཀྱང་བལྟས་ན་ཐོག་མར་གོ་དཀའ་བ་འདྲ་ཅིག་ཡོད་ཀྱང་། ཡུན་རིང་དུ་འདྲིས་ན་ཡིག་ཆ་གཞན་ལས་གོ་རྒྱ་ཆེ་ལ། ས་ཆོད་ཀྱང་གཞན་དང་མི་འདྲ་བའི་ཁྱད་ཆོས་ཡོད་” (22)ཅེས་དང་། གུང་ཐང་བསྟན་པའི་སྒྲོན་མེས་ཀྱང་། “ཀུན་མཁྱེན་མཆོག་གི་གསུང་བཤད་ཚིག་གཅིག་རྣོ་ཞིང་གསལ་ལ་འདྲིལ་ཞེས་ཡང་ཡང་བསྔགས་པར་མཛད་” (23)ཅེས་གསུངས་པ་སོགས་ནི་དོན་ལ་གནས་པའི་གཏམ་མོ།   
          ཀུན་མཁྱེན་འཇམ་དབྱངས་བཞད་པ་ཁོང་ཉིད་སྐུ་འཚོ་བཞུགས་སྐབས་ཀྱི་བོད་ཀྱི་སྤྱི་ཚོགས་གནས་ཚུལ་ནི་རྙོག་འཛིང་ཆེ་ཙམ་ཞིག་ཡིན་ཞིང་། ལྷག་པར་དུ་༡༦༨༢ལོར་རྒྱལ་བ་ལྔ་པ་སྐུ་གཤེགས་རྗེས་རྙོག་གྲ་དེ་ཉིད་ཆེར་སོང་ཡོད་པས། དུས་སྐབས་དེར་འབྲས་སྤུངས་དགོན་དུ་བཞུགས་ཤིང་སྐུ་ཡོན་མཐོ་བའི་བླ་མ་ཁོང་གི་ངོས་ནས་བཤད་ན། གདམ་ག་གསར་པ་ཞིག་དང་འགན་འཁྲི་ཆེན་པོ་ཞིག་ཐུག་ཡོད་ལ། རྒྱལ་བ་ཚངས་དབྱངས་རྒྱ་མཚོས་བསླབ་པ་ཕུལ་བ་དང་། ལྷ་བཟང་ཧན་གྱི་དམག་གིས་སྡེ་སྲིད་བཀྲོངས་པ་སོགས་ཀྱི་དོན་རྐྱེན་རིམ་པར་བྱུང་བ་དེ་དག་གིས་ཁོང་ལ་ཐུགས་སུན་མང་དུ་བཟོས་པས། ཁོང་ཉིད་སྐུ་རླུང་བཞེངས་སླ་བ་དང་ཐུགས་ཁྲོ་སྐྱེན་པ་ཞིག་ཏུ་ཆགས་ཚུལ་ཁོང་གི་རྣམ་ཐར་དུ་གསལ། རྐྱེན་དེ་དག་ནི་ཁོང་གི་རྩོམ་གཤིས་ཁ་དམ་པོར་ཆགས་པའི་རྒྱུ་ལྟ་བུར་ངོས་འཛིན་ཆོག་པ་སྟེ། རྩོམ་གཤིས་ཤིག་གྲུབ་པར་རྒྱུ་རྐྱེན་མང་དག་ཅིག་དགོས་པ་ལས། རྩོམ་པ་པོ་རང་ཉིད་འཚོ་སྡོད་བྱེད་སའི་སྤྱི་ཚོགས་དང་དེས་བསྐྱེད་པའི་མིའི་གཤིས་ཀ་གཉིས་ནི་རྒྱུ་གལ་ཆེན་གཉིས་ཡིན་པར་རྩོམ་གཞུང་སྨྲ་བ་ཐུན་མོང་ནས་ཁས་ལེན་པའི་ལྟ་ཚུལ་ཞིག་ཡིན་པའི་ཕྱིར། རྩོམ་གཤིས་དེ་ལྟ་བུ་ནི་ཁོང་གི་སྙན་འགྲེལ་འདི་ཙམ་དུ་མ་ཟད། ཕྱིས་སུ་བརྩམས་གནང་བའི་ཕར་ཕྱིན་མཐའ་དཔྱོད་སྐབས་བརྒྱད་པོའི་བར་སྐབས་ཀྱི་ཚིགས་བཅད་དག་གི་རྩོམ་ཉམས་ལ་བལྟས་ན་ཡང་ཤེས་ཐུབ་བོ། (24)  
          ཁོང་ཉིད་དགུང་ལོ་གཞོན་དུས་བརྩམས་པར་གྲགས་པའི་《བསྟོད་ཚིག་མགྲིན་སྔོན་རལ་པའི་རྒྱན་》ཞེས་པའི་རྩོམ་གྱི་དོན་གཅོད་ལུགས་དང་ཚིག་འགྲོས་སོགས་གང་ཐད་ལ་མཁས་གྲུབ་རྗེའི་(༡༣༨༥ནས་༡༤༣༨)དཔལ་ལྡན་ཡོན་ཚོགས་མའི་ཤུགས་རྐྱེན་ཐེབས་ཡོད་པར་གསལ་ལ། དེ་མིན་“མཁས་གྲུབ་ཀྱི་ཡིག་ཆ་ལ་ཚད་མར་བཟུང་ཞིང་། དུས་རྒྱུན་རྒྱལ་བ་གཉིས་པའི་བུ་ཆེན་གཞན་ཚོ་ལས་མཁས་གྲུབ་རིན་པོ་ཆེ་ལ་བསྔགས་བརྗོད་ཆེར་མཛད་”(《ཀྐི་ཏ་ཀའི་ཕྲེང་བ་》ཤ་༣༣ན་གསལ་)ཅེས་བསེ་ངག་དབང་བཀྲ་ཤིས་ཀྱིས་གསུངས་པ་ལྟར། ཁོང་གིས་བརྩམས་གནང་བའི་བསྟོད་རྩོམ་སོགས་སུ “འཛམ་གླིང་མཁས་པའི་གཙུག་རྒྱན་མཁས་གྲུབ་རྗེ་”ཞེས་མཁས་གྲུབ་རྗེར་དམིགས་བསལ་གྱིས་བརྩི་མཐོང་ཆེན་པོ་གནང་ཡོད་པ་ལས་ཀྱང་མཐོང་ཐུབ།   
          མཇུག་བསྡུའི་གཏམ།   
          དུས་རབས་བཅུ་བདུན་པ་དང་བཅོ་བརྒྱད་པ་ནི་《སྙན་ངག་མེ་ལོང་》བོད་དུ་དར་བའི་རྫོགས་ལྡན་ཀྱི་དུས་སྐབས་ལྟ་བུར་བརྩིས་ཀྱང་མི་ཆོག་པ་མེད། སྐབས་དེ་ཤེད་ཀྱི་སྙན་འགྲེལ་གྲགས་ཆེ་བ་ལ་རྒྱལ་བ་ལྔ་པའི་《དབྱངས་ཅན་དགྱེས་གླུ་》(༡༦༤༧ལོར་བརྩམས་) དང་། བོད་མཁས་པའི་《དཎྡིའི་དགོངས་རྒྱན་》(༡༦༧༨ལོར་བརྩམས་) ཀུན་མཁྱེན་འཇམ་དབྱངས་བཞད་ པའི་ 《 ཉི་མ་ འབུམ་ གྱི་ འོད་ ཅན་》(༡༦༨༤ལོར་བརྩམས་) སོགས་བྱུང་ཡོད། འགྲེལ་སྔ་མ་གཉིས་ཀྱིས་གཞུང་དོན་རྫོགས་པར་ཟིན་ཡོད་ལ་ཁ་གསལ་ཞིང་གོ་བདེ་བས་《སྙན་ངག་མེ་ལོང་》གི་བསྟན་པ་རྒྱ་ཆེར་དར་བར་ཕྱར་བ་གྲུ་འདེགས་ཀྱི་ནུས་པ་ཆེན་པོ་ཐོན་ཡོད། 《ཉི་མ་འབུམ་གྱི་འོད་ཅན་》ནི་《སྙན་ངག་མེ་ལོང་》གི་བཅད་མཚམས་ལས་བརྒལ་ཏེ་རྩ་ཚིག་གི་རྣམ་པས་འགྲེལ་ཡོད་པས། ཚུར་ལེན་སྟངས་དང་《སྙན་ངག་མེ་ལོང་》བོད་ཀྱི་ལུགས་སུ་བྱ་བ་སོགས་གང་གི་ཐད་ནས་དམིགས་བསལ་གྱི་དོན་སྙིང་ལྡན་པ་ཞིག་ཡིན་ཡང་། རྗེ་དམུ་དགེ་བསམ་གཏན་མཆོག་ནས། “གང་དེའི་ཞལ་གསུངས་དབྱངས་ཅན་ཞལ་གྱི་ལུང་། །ཉི་མ་འབུམ་གྱི་འོད་ཅན་ཞེས་བྱ་བ། །ལེགས་པར་བཤད་པ་འགྲན་གྱི་དོ་མེད་པར །ངེས་ཀྱང་དེང་དུས་རྡུལ་ཁྲོད་ངལ་གསོ་བགྱིད།  །” ཅེས་གསུངས་པ་ལྟར བསྟན་བཅོས་འདིར་སྣང་འཇོག་དེ་ཙམ་བྱས་མེད་པ་ནི་ནོར་བུའི་ནོར་ཉམས་མ་ཆོད་པ་ལྟ་བུར་འདུག་པས། འདི་ལ་མུ་མཐུད་དཔྱད་གསུམ་དག་པའི་བློས་ཡང་ཡང་དཔྱད་དགོས་པར་རིགས་སོ། །
          མཆན་འགྲེལ་དང་ལུང་འདྲེན་དཔྱད་ཡིག
①འདི་ལ་ཡང་དོགས་པ་ཞིག་ཡོད་དེ། དུང་དཀར་བློ་བཟང་འཕྲིན་ལས་ཀྱི་《ཚིག་རྒྱན་རིག་པའི་སྒོ་འབྱེད་》དུ།  “བོད་འགྲེལ་ལ་ཤོང་ལོ་ཙཱ་བའི་ས་བཅད་ཀྱི་ཆིངས་ཙམ་མཛད་པ་《དབྱངས་ཅན་མགུལ་རྒྱན་》”ཞེས་བསྟན་ལ། (མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ལོའི་ཤོག་གྲངས་༡༩ན་གསལ་)《བོད་ཀྱི་བསྟན་བཅོས་ཁག་གཅིག་གི་མཚན་བྱང་དྲི་མེད་ཤེལ་དཀར་ཕྲེང་བ་》ཞེས་པར་ཡང་། “སྙན་ངག་གི་བསྟན་བཅོས་ཚངས་པའི་མགུལ་རྒྱན་”(མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ༡༩༨༥ལོར་དཔར་བའི་ཤོག་ངོས་༤༩ན་གསལ་)ཞེས་ཤོང་སྟོན་རྡོ་རྗེ་རྒྱལ་མཚན་ལ་སྙན་ངག་གི་བསྟན་བཅོས་ཤིག་ཡོད་པ་གསལ་མོད། ཁོ་བོར་ད་ལྟའི་བར་མཇལ་སྐལ་མ་བྱུང་བས། བརྩམས་དུས་དང་བཅས་པའི་གནས་ཚུལ་དག་ཞུཐབས་བྲལ། གཞན་ཡང་ས་པཎ་མཆོག་གི་སྙན་ངག་སྐོར་གྱི་གསུང་རྩོམ་དག་ལས་《མཁས་པ་འཇུག་པའི་སྒོ་》དང་དེའི་རང་འགྲེལ་གཉིས་ཀར་《སྙན་ངག་མེ་ལོང》སྐོར་གྱི་ནང་དོན་འདུག་ལ། སྔ་མར་དཔེ་རྒྱན་བར་ཐོ་རེར་བསྒྱུར་ཡོད་པ་དང་། ཕྱི་མར་སྲིད་པ་ཅན་གྱི་རྒྱན་བར་ཐོ་རེ་བར་འགྲེལ་ཡོད་པ་ལས། བརྩམས་ཆོས་དེ་དག་ལ་བསྒྱུར་བ་དང་འགྲེལ་བ། གསར་དུ་བསྒྲིགས་པ་སོགས་ཀྱི་ཁྱད་ཆོས་ལྡན་པས་ན། བོད་འགྲེལ་ཀུན་གྱིཐོག་མ་ལྟ་བུར་འཇོག་ཀྱང་ཆོག་སྙམ་པ་ནི་བར་སྐབས་ཀྱི་དོགས་པ་ཙམ་ཡིན། དེ་བཞིན་དུ་དཔང་ལོའི་བར་དུ་སྙན་ངག་སྐོར་གྱི་བརྩམས་ཆོས་གསུམ་ཙམ་ཡོད་པ་འདྲ་སྟེ། ༡《སྙན་ངག་མེ་ལོང་གི་རྒྱ་ཆེར་འགྲེལ་པ་གཞུང་དོན་གསལ་བ་》ལས་གཞན། ༢《སྙན་ངག་གི་བསྟན་བཅོས་པརྨོ་དཀར་པོའི་ཕྲེང་བ་》དང་།(《བོད་ཀྱི་བསྟན་བཅོས་ཁག་གཅིག་གི་མཚན་བྱང་》དུ་《སྙན་ངག་པདྨ་དཀར་པོའི་ཕྲེང་བ་》ཞེས་པའི་རྩོམ་པ་པོ་ནི་བཙུན་པ་བློ་གྲོས་ཞེས་བྲིས་འདུག དེ་དང་དཔང་ལོ་གཉིས་གང་ཟག་གཅིག་ཡིན་མིན་བཤད་དཀའ་) ༣《སྙན་ངག་མེ་ལོང་གི་ས་བཅད་》TBRCནང་གི་ཡིག་ཆ་ཞིག་ཏུ་《སྙན་ངག་མེ་ལོང་གི་བསྡུས་དོན་བཞུགས་སོ་》ཞེས་ཀྱང་བྲིས་འདུག་མོད། དེ་གཉིས་བརྩམས་ཆོས་གཅིག་ཡིན་མིན་བཤད་དཀའ་)ཅེས་བརྩམས་ཆོས་གསུམ་ཙམ་འདུག་པར་གསལ་ན་ཡང་། བསྟན་བཅོས་དེ་དག་བརྩམས་དུས་ཀྱི་སྔ་ཕྱི་ལ་གསལ་ཆ་མེད་རྐྱེན། འདིར་རྒྱ་ཆེར་འགྲེལ་པ་གཅོར་བྱས་ཏེ་བརྗོད་ཡོད།②སྤྱིར་བཏང་གི་མཇད་རྣམ་ངོ་སྤྲོད་སྐོར་གྱི་རྩོམ་ཡིག་དག་ལས་འདིར་གཙོ་བོ་དངོས་སློབ་བསེ་ངག་དབང་བཀྲ་ཤིས་ནས་མཛད་པའི་《རྗེ་བཙུན་དམ་པ་མཚན་བརྗོད་པར་དཀའ་བ་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་པར་ཐར་པ་ཡོངས་སུ་བརྗོད་པའི་གཏམ་དུ་བྱ་བ་དད་པའི་སྒོ་འབྱེད་ཀྐི་ཏ་ཀའི་འཕྲེང་བ་ཞེས་བྱ་བ་བཞུགས་སོ་》ཞེས་པ་དང་། རྗེ་རང་གི་རང་རྣམ་ཚིགས་བཅད་མའི་འགྲེལ་ལྟ་བུར་ཀུན་མཁྱེན་འཇིགས་མེད་དབང་པོས་(༡༧༢༨ནས་༡༧༩༡)བརྩམས་པའི་《མཁས་ཤིང་གྲུབ་པའི་དབང་ཕྱུག་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་པར་ཐར་པ་ངོ་མཚར་སྐལ་བཟང་འཇུག་ངོགས་》གཉིས་ལ་གཞི་གཙོ་བོར་བཟུང་ཡོད།
③ཀུན་མཁྱེན་འཇམ་དབྱངས་བཞད་པ། 《ཆོས་རྗེ་ཐམས་ཅན་མཁྱེན་པ་འཇམ་དབྱངས་བཞད་པའི་རྡོ་རྗེའི་གསན་ཡིག་ཐོར་བུ་གང་རྙེད་ཕྱོགས་གཅིག་ཏུ་བསྒྲིགས་པ་ལས་ཚན་པ་དང་པོ་བཞུགས་སོ་》བླ་བྲང་དཔར་མ།   [OL]BDRC:httPS://www.tbrc.org/?locale=bo#lt-brary-work-viewbyoutline-000CHZ01075100JW50997%7CW21503 ཤོག་གྲངས་༡༣ན་གསལ།
④འཇམ་དབྱངས་བཞད་པ། 《སྙན་ངག་གསལ་བར་བྱེད་པའི་བསྟན་བཅོས་དབྱངས་ཅན་ཞལ་ལུང་ཉི་མ་འབུམ་གྱི་འོད་ཅན་》བླ་བྲང་དཔར་མ།
[OL]BDRC:https://www.tbrc.org/?locale=bo#! rid= 000CHZ010751%7CO00CH01075100JW50925 SW21503ཤོག་གྲངས་༣༠༥ན་གསལ། (འདིའི་གཤམ་ནས་ཐོན་པའི་ལུང་དག་ཀྱང་དཔར་གཞི་འདི་ལས་དྲངས།)
⑤རྒྱལ་བ་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ། 《སྙན་ངག་མེ་ལོང་གི་དཀའ་འགྲེལ་དབྱངས་ཅན་དགྱེས་པའི་གླུ་དབྱངས་》ཞེས་པ་ནི་《རྒྱལ་དབང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོའི་གསུང་འབུམ་བཞུགས་སོ་》ཞེས་པའི་ནང་འཁོད། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། ༢༠༠༩ལོའི་ཤོག་གྲངས་༢༠༣ན་གསལ།
⑥བསེ་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་《རྗེ་བཙུན་དམ་པ་མཚན་བརྗོད་པར་དཀའ་བ་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་པར་ཐར་པ་ཡོངས་སུ་བརྗོད་པའི་གཏམ་དུ་བྱ་བ་དད་པའི་སྒོ་འབྱེད་ཀྐི་ཏ་ཀའི་འཕྲེང་བ་》ཞེས་པར། “རྒྱལ་དབང་ལྔ་པའི་གསུང་རྩོམ་རྣམས་ལ་གཞན་གྱི་ངོ་འཛིན་ཙམ་ལས་བསྔགས་བརྗོད་ཆེར་མི་མཛད། སྙན་ངག་གི་འགྲེལ་པ་འདི་བཟང་། འགྲེལ་པ་གཞན་ལས་འདི་དགའ་ཞེས་གསུངས་”ཞེས་སྔ་འགྲེལ་དག་ལས་《དབྱངས་ཅན་དགྱེས་གླུ་》ལ་ཐུགས་རྩིས་ཆེ་བ་བསྟན་འདུག བླ་བྲང་དཔར་མ། [OL]BDRC:https://www.tbrc.org/?locale=bo#!rid=W1CZ 2000ཤོག་གྲངས། ༡༩༢a“ན་གསལ།
⑦⑨王岳川著:《当代西方最新文论教程》上海复旦大学出版社,2013 年,207、205 页。⑧གཞན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་(༡༦༥༣ནས་༡༧༠༥)མཛད་པའི་《སྙན་ངག་དཀའ་འགྲེལ་དབྱངས་ཅན་དགྱེས་གླུའི་གླུ་དབྱངས་ཀྱི་མཆན་འགྲེལ་》དང་། སུམ་པ་ཡེ་ཤེས་དཔལ་འབྱོར་(༡༧༠༤ནས་༡༧༨༨)གྱིས་མཛད་པའི་ཚིག་རྒྱན་ཉུང་བསྡུས་སྙན་ངག་འཇུག་སྒོ་》 ཆ་ཧར་དགེ་བཤེས་བློ་བཟང་ཚུལ་ཁྲིམས་(༡༧༤9ནས་༡༨༡༠)ཀྱིས་མཛད་པའི་《དོན་རྒྱན་གྱི་རྣམ་གཞག་དང་སྒྲ་རྒྱན་གྱི་རྣམ་གཞག་》 བརྩོན་འགྲུས་རྒྱ་མཚོས་མཛད་པའི་《དབྱངས་ཅན་དགྱེས་པའི་གླུ་དབྱངས་ཀྱི་མཆན་འགྲེལ་བློ་གཏེར་པད་མོ་རྒྱས་པའི་ཉིན་བྱེད་》  རྔ་རྒོད་ནམ་མཁའ་སེང་གེས་(༡༧༡༢ནས་༡༧༨༠)མཛད་པའི་《སྙན་དངག་གི་ལེགས་བཤད་ཀུན་མཁྱེན་ལྔ་པའི་ཞལ་ལུང་》 ཚ་ལོ་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་《སྙན་ངག་མེ་ལོང་ལས་དོན་གྱི་རྒྱན་ཅེས་བྱ་བ་ཡོངས་སུ་བཅད་པ་གཉིས་པའི་དཀའ་འགྲེལ་འཇམ་དབྱངས་བླ་མའི་ལེགས་བཤད་》སོགས་ཡོད།
⑩སི་ཏུ་ཆོས་ཀྱི་འབྱུང་གནས། 《སློབ་དཔོན་དབྱུག་པ་ཅན་གྱིས་མཛད་པའི་སྙན་ངག་མེ་ལོང་མ་སྐད་གཉིས་ཤན་སྦྱར་》ཞེས་པ་ནི་ཁྲོཾ་ཐར་འཇམ་བློས་བསྒྲིགས་པའི་《སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས་》པོད་དང་པོའི་ནང་འཁོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཤོག་གྲངས་༥༣ན་གསལ།
⑪(22)བསེ་ངག་དབང་བཀྲ་ཤིས། 《རྗེ་བཙུན་དམ་པ་མཚན་བརྗོད་པར་དཀའ་བ་འཇམ་དབྱངས་བཞད་པའི་རྡོ་རྗེའི་རྣམ་པར་ཐར་པ་ཡོངས་སུ་བརྗོད་པའི་གཏམ་དུ་བྱ་བ་དད་པའི་སྒོ་འབྱེད་ཀྐི་ཏ་ཀའི་འཕྲེང་བ་》བླ་བྲང་དཔར་མ།  [OL]BDRC:https://www.tbrc.org/? locale=bo#!rid=W1CZ 2000 ཤོག་གྲངས་༦༡b ༡༩༣a“ན་གསལ།
⑫赵康:《嘉木样协贝多吉的诗学著作 <妙音语教十万太阳之光华 >简析》载于《西藏研究》1990 年第三期101页.
⑬དཔེར་ན། ཟུར་མཁར་བའི་《སྙན་ངག་དགའ་སྟོན་གྱི་དཔལ་》ཞེས་པ་དང་། བཙུན་པ་རྒྱལ་བ་བཟང་པོའི་《ཚིག་རྒྱན་གྱི་བསྟན་བཅོས་མཁས་པའི་ཡིད་འཕྲོག་》 དེ་བཞིན་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱི《སྙན་ངག་གི་བསྟན་བཅོས་མེ་ལོང་ལ་འཇུག་པའི་སྒོ་》ཞེས་པ་སོགས་ཡོད།
⑭《ཀྐི་ཏ་ཀའི་ཕྲེང་བ་》ཡི་མཇུག་ཏུ་ཡང་། “སྙན་ངགས་དང་། སྡེབས་སྦྱོར་ལ་རྩ་ཚིགས་རེ་བརྩམས་ཞིང་”ཞེས་བྲིས་འདུག་ཅིང་། འདིའི་སྐབས་ཀྱི་སྙན་ངགས་ཅེས་པ་ནི་《ཉི་མ་འབུམ་གྱི་འོད་ཅན་》ལ་གོ་རྒྱུ་ལས་འོས་མེད། བསེ་ངག་དབང་བཀྲ་ཤིས་ནས་འདི་ག་རྩ་ཚིག་ཏུ་བཞེད་ཡོད། ཤོག་གྲངས་༡༩༢a“ན་གསལ།
⑮(21)དཔང་ལོ་ཙཱ་བ་བློ་གྲོས་བརྟན་པ། 《སྙན་ངག་མེ་ལོང་གི་རྒྱ་ཆེར་འགྲེལ་པ་གཞུང་དོན་གསལ་བ་》ཞེས་པ་ནི་ཁྲོ་ཐར་འཇམ་བློས་བསྒྲིགས་པའི་《སྙན་ངག་མེ་ལོང་མ་རྩ་འགྲེལ་ཕྱོགས་བསྒྲིགས་》པོད་དང་པོའི་ནང་འཁོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༦ལོའི་ཤོ་ག་གྲངས་༣༢༩༣༠༥ན་གསལ།
⑯དམུ་དགེ་བསམ་གཏན་རྒྱ་མཚོ’ 《སྙན་འགྲེལ་ཡང་གསལ་སྣང་མཛོད》ཞེས་པ་ནི་《རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་བོའི་གསུང་འབུམ་པོད་བཞི་བ་བཞུགས་སོ་》ཞེས་པའི་ནང་འཁོད། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོར་དཔར། ཤོག་གྲངས་༢༢༩ན་གསལ།
⑰དབྱུག་པ་ཅན། བོད་མཁས་པ། 《སྙན་ངག་མེ་ལོང་དང་བོད་མཁས་པའི་འགྲེལ་པ་བཞུགས་སོ་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།༢༠༠༤ལོར་དཔར། ཤོག་གྲངས་༢༡༧ན་གསལ།
⑱སངས་རྒྱས་མཁར། 《སྙན་ངག་ལས་འཕྲོས་པའི་མཚུངས་སྒྲའི་དཔྱད་པ་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༢༠༠༦ལོར་དཔར། ཤོག་གྲངས་༨༦ན་གསལ།
⑲དངུལ་ཆུ་དྷརྨ་བྷ་དྲ། 《སྙན་ངག་གི་དཔེར་བརྗོད་དང་མཚུངས་པ་གསལ་བྱེད་ཀྱི་སྒྲའི་དོགས་གཅོད་》ཞེས་པ་ནི་དངུལ་ཆུ་དྷརྨ་བྷ་དྲའི་གསུང་འབུམ། པོད་ལྔ་པའི་ནང་འཁོད། བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། ༢༠༡༠ལོར་དཔར། ཤོག་གྲངས་༩༣ན་གསལ།
⑳དཔེར་ན། མཉམ་ཉིད་ཀྱི་དཔེ་དང་སྦྱར་བའི་དཔེ་གཉིས་བསྡུར་བ། ཆ་ཤས་གཟུགས་ཅན་དང་ཡན་ལག་གཟུགས་ཅན་གཉིས་བསྡུར་བ། གསལ་བྱེད་ཀྱི་རྒྱན་དང་རང་བཞིན་བརྗོད་པའི་རྒྱན་གཉིས་བསྡུར་བ། ཏིང་འཛིན་རབ་རྟོག་དང་ཏིང་ངེ་འཛིན་གྱི་ཡོན་ཏན་གཉིས་བསྡུར་བ། ཏིང་འཛིན་རབ་རྟོག་དང་དཔེ་རྒྱན་གཉིས་བསྡུར་བ། ཕྲ་མོའི་རྒྱན་དང་བསྡུས་བརྗོད་ཀྱི་རྒྱན་གཉིས་བསྡུར་བ། རིམ་པ་ཅན་གྱི་རྒྱན་དང་དཔེ་རྒྱན་གཉིས་བསྡུར་བ། ཉམས་ལྡན་གྱི་རྒྱན་དང་སྙན་པའི་ཡོན་ཏན་གཉིས་བསྡུར་བ། ངེས་བསྟན་གྱི་རྒྱན་དང་དོན་གཞན་བཀོད་པའི་རྒྱན་གཉིས་བསྡུར་བ། ཟུང་ལྡན་ཆེན་མོ་དང་རྐང་པ་གསུམ་བཟླས་གཉིས་བསྡུར་བ། མཐུན་གཟུགས་གབ་ཚིག་དང་བསྡུས་བརྗོད་ཀྱི་རྒྱན་གཉིས་བསྡུར་བ་ལྟ་བུའོ།
(23)དབལ་མང་པཎྡི་ཏ། 《གུང་ཐང་བསྟན་པའི་སྒྲོན་མེའི་རྣམ་ཐར་》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༩༡ལོར་དཔར། ཤོ་ག་གྲངས་༧༨ན་གསལ།
(24)རྗེ་དམུ་དགེ་ནས་ཀྱང་། “གསུང་ཟབ་ཅིང་བརླིང་བ་དང་”(༡༢༤)“ཁོང་གི་རྩོམ་འདི་ཡང་ཤར་ཕྱོགས་གཽ་ཌ་བའི་རྩོམ་ལུགས་ཡིན་གཤིས་”(༡༢༦)ཞེས་དངོས་སུ་གསུངས་ཡོད། དམུ་དགེ་བསམ་གཏན་རྒྱ་མཚོ 《རྗེ་བཙུན་བསམ་གཏན་རྒྱ་མཚོ་དཔལ་བཟང་བོའི་གསུང་འབུམ་པོད་གཉིས་པ་བཞུགས་སོ་》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༡༡ལོར་དཔར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1