ཞི་ཅིན་ཕིང་གིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པའི་ཐོག་ནན་བཤད་གནང་དོན།
ཚད་གཞི་མཐོ་ཞིང་རྒྱུན་མཐུད་ཆོག་པའི་དམངས་འཚོར་ཕན་འདོགས་པ་དམིགས་ཚད་དུ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས།
ཧན་ཀྲེང་གིས་གཙོ་སྐྱོང་གནང་བ།
ཟླ་11ཚེས་19ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་བ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་19ཉིན་གློག་འཕྲིན་འབྱོར་གསལ། ཚེས་19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་དུ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པར་ཞུགས་ནས་གསུང་བཤད་གལ་ཆེན་གནང་སྟེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། ཚད་གཞི་མཐོ་ཞིང་། རྒྱུན་མཐུད་ཆོག་པའི་དམངས་འཚོར་ཕན་འདོགས་པ་དམིགས་ཚད་དུ་བྱས་པ་དང་། ཕན་ཚུན་སྦྲེལ་མཐུད་ཀྱི་མཉམ་ལས་རྨང་གཞི་བརྟན་དུ་གཏོང་བ་དང་། རྒྱལ་སྤྱིའི་མཉམ་ལས་ཀྱི་བར་མཐོངས་གསར་པ་རྒྱ་ཆེར་གཏོང་བ། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་དྲ་རྒྱ་བརྟན་དུ་གཏོང་བ་བཅས་བྱས་ཏེ། མཉམ་ལས་ཀྱི་ཆུ་ཚད་དེ་བས་མཐོ་བ་དང་། གཏོང་སྒོའི་ཕན་འབྲས་དེ་བས་ཆེ་བ། མཁོ་སྤྲོད་ཀྱི་སྤུས་ཚད་དེ་བས་ལེགས་པ། འཕེལ་རྒྱས་ཀྱི་མཉེན་ཤུགས་དེ་བས་ཆེ་བ་བཅས་མངོན་འགྱུར་ཧུར་ཐག་ཡོང་བར་བྱས་ནས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་འཐོབ་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧན་ཀྲེང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
བཞུགས་མོལ་ཚོགས་འདུའི་ཐོག རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཧོ་ལི་ཧྥུང་དང་། ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཆོན་གོ ཅང་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཀྲེང་ལུང་། ཀྲུང་གོ་རྒྱང་རིང་མཚོ་ཐོག་སྐྱེལ་འདྲེན་ཚོགས་པ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དབན་མིང་། ཀྲེང་ཐའེ་ཚོགས་པ་མ་རྐང་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ནན་ཚུན་ཧུའེ། ཀྲུང་གོ་རྒྱལ་སྤྱིའི་དཔལ་འབྱོར་སྤེལ་རེས་ལྟེ་གནས་ཀྱི་སྤྱི་ཁྱབ་དཔལ་འབྱོར་ཆེ་མོ་བ་ཁྲེན་ཝུན་ལིང་བཅས་ཀྱིས་སྔ་རྗེས་སུ་གཏམ་བཤད་གནང་བ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་ལས་ཀའི་གནས་ཚུལ་ངོ་སྤྲོད་གནང་བ་དང་འབྲེལ་བསམ་འཆར་དང་གྲོས་འགོའང་བཏོན་གནང་བ་རེད།
ཚང་མའི་གཏམ་བཤད་གསན་རྗེས་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་ལོ་8རིང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ང་ཚོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བཅས་ལ་སྤྱི་འདོམས་འཆར་འགོད་དང་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ། རྨང་གཞིའི་སྒྲིག་བཀོད་ཀྱི“སྦྲེལ་མཐུད་ཤར་གཏོང”ཁ་ཕྱོགས་གལ་ཆེན་དུ་བརྩི་བ་དང་། ལམ་སྲོལ་དང་ཚད་གཞི“སྦྲེལ་མཐུད་མཐུན་སྦྱོར”འདེགས་སྐྱོར་གལ་ཆེན་དུ་བྱེད་པ། མཉམ་སྐྲུན་བྱེད་མཁན་རྒྱལ་ཁབ་ཀྱི་མི་དམངས་དང“སེམས་པ་སྦྲེལ་མཐུད”རྨང་གཞི་གལ་ཆེན་དུ་བརྩི་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པར་དོན་དངོས་དང་མཐུན་ལ་གཏིང་ཟབ་པའི་གྲུབ་འབྲས་ཐོབ་ཡོད། “རྒྱུད་གཅིག་ལམ་གཅིག”གི་མཉམ་སྐྲུན་བརྒྱུད། རྒྱལ་ནང་གི་ས་ཁོངས་ཁག་གི་སྒོ་དབྱེའི་ཆུ་ཚད་མཐོ་རུ་ཕྱིན་པ་དང་། ཕྱི་ཕྱོགས་སུ་སྒོ་དབྱེ་འབྱེད་རྒྱ་ཆེ་རུ་ཕྱིན་པ། ལམ་ལུགས་ཅན་གྱི་སྒོ་དབྱེར་སྐུལ་མ་ཐེབས་པ། གྲོགས་པོ་མང་དུ་ཕྱིན་པ། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལམ་བུ་གསར་པ་འཚོལ་ཞིབ་ཐུབ་ནས་མཉམ་སྐྲུན་བྱེད་མཁན་རྒྱལ་ཁབ་དང་གཉིས་ཁེ་གཉིས་ཕན་བྱུང་ཡོད་ཅེས་ནན་བཤད་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་འཕྲད་པའི་དུས་བབ་གསར་པར་ངོས་འཛིན་དང་སྟངས་འཛིན་ཡང་དག་བྱེད་དགོས། སྤྱི་ཡོངས་ནས་བལྟས་ན། ཞི་བདེ་དང་འཕེལ་རྒྱས་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོར་འགྱུར་ལྡོག་བྱུང་མེད་པ་དང་། དཔལ་འབྱོར་གོ་ལ་ཅན་གྱི་ཁ་ཕྱོགས་ཆེན་པོར་འགྱུར་ལྡོག་བྱུང་མེད་པ། རྒྱལ་སྤྱིའི་བཀོད་པ་འཕེལ་རྒྱས་ཀྱི་འཐབ་ཇུས་རྣམ་པ་རང་རྒྱལ་ལ་ཕན་ཐོགས་ཡོད་པས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་སྔར་བཞིན་གོ་སྐབས་གལ་ཆེན་ཕྲད་ཡོད། དེ་དང་དུས་མཚུངས་འཛམ་གླིང་ལ་ལོ་བརྒྱར་འབྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་མགྱོགས་མྱུར་འགྱུར་བཞིན་ཡོད་པ་དང་། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལས་སྔར་ན་འབྱུང་མྱོང་མེད་པའི་འགྲན་རྩོད་དྲག་པོ་འཕྲད་པ། གནམ་གཤིས་འགྱུར་ལྡོག་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་གྱིས་མིའི་རིགས་ཀྱི་སྤྱི་ཚོགས་ལ་སྔར་འབྱུང་མྱོང་མེད་པའི་ཤུགས་རྐྱེན་ཐེབས་པ་བཅས་ལས། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་སྤྱིའི་ཁོར་ཡུག་ཉིན་བཞིན་རྙོག་འཛིང་ཆེ་རུ་འགྲོ་བཞིན་ཡོད། ང་ཚོས་འཐབ་ཇུས་ཀྱི་ངེས་ཤུགས་མཐའ་འཁྱོངས་དང་འཐབ་ཇུས་ཀྱི་གོ་སྐབས་ལ་དམ་འཛིན་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དང་། རྒྱལ་ནང་དང་རྒྱལ་སྤྱིར་སྤྱི་འདོམས། མཉམ་ལས་དང་འཐབ་རྩོད་ལ་སྤྱི་འདོམས། བཅད་གྲངས་དང་བརྒལ་གྲངས་ལ་སྤྱི་འདོམས། སྤྱི་ཡོངས་དང་གཙོ་གནད་ལ་སྤྱི་འདོམས་ཀྱིས་འགྲན་སློང་ལ་ཁ་གཏད་ཧུར་ཐག་འཇལ་བ་དང་། སྤང་བླང་མི་ནོར་བ། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་སྦྲེལ་མཐུད་ཀྱི་སྣེ་ཁྲིད་དང་སྐུལ་འདེད་ནུས་པ་འདོན་པ། མཉམ་ལས་སྦྲེལ་མཐུད་ཀྱི་ལམ་སྲོལ་དེ་བས་མང་བ་འཚོལ་ཞིབ་བྱས་ནས་འཛུགས་པ་བཅས་བྱས་ཏེ། ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་བྱ་སྤྱོད་ཞིབ་ཕྲར་འགྱུར་བ་དང་འདུ་ཤེས་ཀྱི་ངོས་འཛིན་དངོས་སྒྲུབ་ཀྱི་གྲུབ་འབྲས་ལ་འགྱུར་བར་སྐུལ་འདེད་གཏོང་དགོས། ཕན་ཚུན་སྦྲེལ་མཐུད་ཟབ་ཏུ་བཏང་ནས་སྐམ་མཚོ་མཁའ་དྲ་བཅས“ཕྱོགས་བཞི་གཞི་གཅིག”གི་ཕན་ཚུན་སྦྲེལ་མཐུད་ཀྱི་བཀོད་པ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ཀྱི་མཉམ་ལས་ཟབ་ཏུ་གཏོང་བ། རྨང་གཞིའི་སྒྲིག་བཀོད་ཀྱི་རྣམ་གྲངས་གསར་པའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ལམ་སྲོལ་དང་ཚད་གཞི་སོགས“སྦྲེལ་མཐུད་མཐུན་སྦྱོར”གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། གོ་ལ་ཧྲིལ་པོའི་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་ཤུགས་ཆེ་རུ་གཏོང་དགོས། ཚོང་དོན་ཤར་བགྲོད་ཟབ་ཏུ་གཏོང་བ་དང་། མཐའ་འཁོར་རྒྱལ་ཁབ་དང་ཚོང་དོན་གཞི་རྒྱ་ཆེ་རུ་གཏོང་བ། ཚོང་ཟོག་སྤུས་ལེགས་དེ་བས་མང་བ་ནང་འདྲེན་ལ་སྐུལ་ལྕག་གཏོང་བ། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཚོང་དོན་དོ་སྙོམས་དང་གཉིས་ཕན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཕྱོགས་གསུམ་པའམ་ཡང་ན་ཕྱོགས་མང་པོ་དང་ཁྲོམ་རའི་མཉམ་ལས་མུ་མཐུད་རྒྱ་ཆེར་བཏང་ནས་རྒྱལ་སྤྱིའི་ཐོན་ནུས་ཀྱི་མཉམ་ལས་བྱེད་དགོས། མ་དངུལ་མཉམ་འདྲེས་འཁོར་རྒྱུག་ཟབ་ཏུ་བཏང་ནས་ཕྱོགས་མང་གསར་སྤེལ་སྒྲིག་གཞི་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱི་དངུལ་རྩའི་སྒྲིག་གཞི་ཞུགས་པར་ཡིད་དབང་བཀུག་སྟེ་སྣེ་མང་ཅན་གྱི་མ་འཇོག་དང་མ་དངུལ་མཉམ་འདྲེས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་བཏང་ནས་སྣ་མང་མཉམ་སྒུལ་གྱི་མི་ཆོས་རིག་གནས་ཀྱི་བཀོད་པ་ཆེན་པོ་ཞིག་ཆགས་པར་བྱེད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། མཉམ་ལས་ཀྱི་ཁྱབ་ཁོངས་གསར་པ་བརྟན་པོའི་ངང་རྒྱ་ཆེར་གཏོང་དགོས། སྐྱོན་བྲལ་དང་། གནོད་མེད། གྲངས་འཛིན། གསར་གཏོད་སོགས་ཁྱབ་ཁོངས་གསར་པའི་མཉམ་ལས་བརྟན་པོའི་ངང་སྤེལ་ནས་མཉམ་ལས་ཀྱི་འཕར་གཞི་གསར་པ་སྐྱེད་སྲིང་བྱེད་དགོས། རིམས་འགོག་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་མཉམ་སྐྲུན་བྱེད་མཁན་རྒྱལ་ཁབ་ལ་ནུས་པས་ལྕོགས་ཚོད་ཀྱིས་མུ་མཐུད་རོགས་རམ་བྱེད་དགོས། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ནུས་རྒྱུ་གནོད་མེད་དང་ཐཱན་ཉུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་གནོད་མེད་ཐཱན་ཉུང་འཕེལ་རྒྱས་ཀྱི་ཆ་འཕྲིན་མཉམ་སྤྱོད་དང་ནུས་པ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། སྣོད་བཅུད་ཁོར་ཡུག་དང་གནམ་གཤིས་བཅོས་སྐྱོང་གི་མཉམ་ལས་ཟབ་ཏུ་གཏོང་དགོས། གྲངས་འཛིན་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས“དར་གོས་ལམ་བུའི་དྲ་ཐོག་ཚོང་དོན”འཕེལ་རྒྱས་བཏང་སྟེ་གྲངས་འཛིན་མཉམ་ལས་ཀྱི་རྣམ་པ་གཏོད་དགོས། ཚན་རྩལ་གསར་གཏོད་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་ཡག་པོ་བྱས་ནས་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་སྒོ་དབྱེ་དང་། དྲང་སྙོམས། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཚན་རྩལ་འཕེལ་རྒྱས་ཀྱི་ཁོར་ཡུག་གཏོད་དགོས།
ཞི་ཅིན་ཕིང་གིས་གསུངས་དོན། དེ་བས་ལེགས་པའི་སྒོ་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པར་ཞབས་འདེགས་ཞུ་དགོས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྤྱི་འདོམས་བསམ་གཞིག་དང་འཆར་འགོད་བྱས་ནས། ཤུགས་རྒྱག་ས་གསར་པར་དམིགས་ཏེ་ཟུང་འབྲེལ་བྱ་ཡུལ་གསར་པ་གཏོད་དགོས། རང་སོ་སོའི་ཁྱད་ཆོས་ལྡན་པ་དང་། ཕན་ཚུན་གསབ་རེས། བདེ་འཇགས་ཤར་བགྲོད་བཅས་ཀྱི་སྐམ་སའི་བགྲོད་ལམ་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་བ་དང་། མཚོ་ཐོག་གི་བཀོད་པ་ལེགས་སུ་བཏང་ནས་རྒྱལ་ནང་དང་རྒྱལ་སྤྱིའི་འཁོར་རྒྱུག་གཉིས་ཤར་བགྲོད་ཐུབ་པར་འདེགས་སྐྱོར་ནུས་ལྡན་བྱེད་དགོས། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཤར་གཏོང་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཡོང་ཁུངས་སྣ་མང་ཅན་ལ་སྐུལ་འདེད་གཏོང་དགོས་པ་དང་། མཚོན་རྟགས་རང་བཞིན་གྱི་ལས་གྲྭ་སྤུས་ལེགས་སྐྲུན་དགོས། དམངས་འཚོའི་འདུ་འགོད་ནི་རྒྱལ་ཁབ་དང་དམངས་ཚོགས་ཀྱི་ཐོབ་སྣང་གང་མགྱོགས་ཆེ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན་པས། སྤྱི་འདོམས་འཆར་འགོད་ལ་ཤུགས་སྣོན་བརྒྱབ་ནས་མང་ཚོགས་དང་འབྲེལ་འདྲིས་ཆེ་བ་དང་མི་སེམས་གཅིག་ཏུ་སྒྲིལ་བའི་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་འགྲུབ་པར་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལམ་ལུགས་དོན་འཁྱོལ་བྱས་ནས་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་གཙོ་འགན་དོ་དམ་སྡེ་ཚན་གྱི་དོ་དམ་འགན་འཁྲི་ནན་དུ་ཏན་ཏིག་གཏོང་དགོས། མངའ་ཁོངས་ཕྱིར་ཡོད་པའི་རྣམ་གྲངས་ཀྱི་ཉེན་ཁར་ཉིན་མཚན་ཀུན་ཏུ་སྔོན་བརྡ་གཏོང་བ་དང་ཚོད་སྐོར་བྱེད་པའི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་འཚོལ་ཞིབ་བྱས་ནས་བཙུགས་ཏེ། དུས་ཐོག་ཏུ་སྔོན་བརྡ་གཏོང་བ་དང་དུས་བཀག་ལྟར་ཚོད་སྐོར་བྱེད་དགོས། ཕྱི་རྒྱལ་དུ་ཡོད་པའི་ཁེ་ཕན་སྲུང་སྐྱོང་དང་། རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ། བདེ་འཇགས་འགན་སྲུང་སོགས་ཀྱི་ལམ་སྲོལ་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་མངའ་ཁོངས་ཕྱིར་ཡོད་པའི་མི་སྣའི་ཚེ་སྲོག་གི་བདེ་འཇགས་དང་ལུས་སེམས་ཀྱི་བདེ་ཐང་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་པ་དང་། སྔོན་འགོག་དང་ཚོད་འཛིན་བྱ་ཐབས་ཀྱི་གནད་སྨིན་རང་བཞིན་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ལས་མི་བཀོལ་སྤྱོད་ཀྱི་དགོས་མཁོ་དང་། མི་སྣ་རེས་མོས་ཀྱིས་རྒྱལ་ནང་དུ་ཕྱིར་ལོག་པ། དངོས་ཟོག་མཁོ་འདོན། མ་དངུལ་གྱི་རྒྱབ་སྐྱོར་སོགས་འགན་ལེན་ནུས་ལྡན་བཅས་བྱེད་དགོས། ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་ཁེ་ལས་དང་སྤྱི་དམངས་ཚོས་རང་རྟོགས་ངང་ས་གནས་དེ་གའི་བཅའ་ཁྲིམས་ལ་བརྩི་སྲུང་དང་ས་གནས་དེ་གའི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་བྱེད་པར་སློབ་གསོ་ཁྲིད་སྟོན་བྱེད་དགོས། ཆ་ཚང་ཞིང་འཐུས་སྒོ་ཚང་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་གང་མགྱོགས་ཆགས་པར་བྱས་ཏེ་རྒྱལ་ཁོངས་ལས་བསྒྲལ་བའི་རུལ་སུངས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས། རིགས་ཁག་གི་ཁེ་ལས་ཀྱིས་གཉེར་སྐྱོང་བྱ་སྤྱོད་ཚད་ལྡན་དུ་བཏང་སྟེ་རྒྱལ་ཁབ་ཀྱི་མཚན་སྙན་ལ་གནོད་འཚེ་གཏན་ནས་གཏོང་མི་ཆོག སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཤེས་རྟོགས་ཐུབ་རིམ་བཞིན་ཐག་གཅོད་ནན་པོ་བྱེད་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་དགོས། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་དགོས་པ་དང་འགོ་ཁྲིད་ཚོགས་ཆུང་གིས་འཆར་འགོད་གལ་ཆེན་དང་། སྲིད་ཇུས་གལ་ཆེན། རྣམ་གྲངས་གལ་ཆེན། གནད་དོན་གལ་ཆེན། ལོ་འཁོར་གྱི་གཙོ་གནད་ལས་དོན་སོགས་མཐུན་སྦྱོར་གྱི་འགག་སྒོར་དམ་འཛིན་ཡག་པོ་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལས་དོན་ཉིན་རེའི་གྲོས་རིམ་གལ་ཆེན་དུ་བཅུག་ནས་མངའ་ཁོངས་ཕྱིའི་རྣམ་གྲངས་འཛུགས་སྐྲུན་དང་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་སྤྱི་འདོམས་དང་དོན་འཁྱོལ་ཡག་པོ་བྱེད་དགོས། ས་གནས་ཀྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་ཞུགས་པའི་ངེས་གནས་བཙལ་འཚོལ་ཡང་དག་བྱེད་དགོས། གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བཏོད་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་འདུ་ཤེས་དང་། རྩ་དོན། བྱེད་སྟངས་སོགས་ལ་འགྲེལ་བཤད་གཏིང་ཟབ་བརྒྱབ་ནས་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གཏམ་རྒྱུད་ཡག་པོ་ཤོད་དགོས།
ཧན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་དུས་རབས་གསར་པར“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་ལས་དོན་ལ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པས། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སྣེ་ཁྲིད་ཀྱི་ནུས་པ་དང་སྤྱི་ཡོངས་ལ་དམ་འཛིན་གྱི་ནུས་པ་གང་ལེགས་འདོན་དགོས། འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་སྤྱི་འདོམས་མཐུན་སྦྱོར་དང་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་ཡག་པོ་སྒྲུབ་པ་དང་། དོན་དག་གལ་ཆེན་ལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། གནད་དོན་གལ་ཆེན་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། ཉེན་ཁར་དོགས་ཟོན་ཏན་ཏིག་བྱེད་པ། ལས་འགན་གལ་ཆེན་ལ་སྐུལ་འདེད་གཏོང་བར་དམ་འཛིན་ཡག་པོ་བཅས་བྱེད་དགོས། ས་གནས་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ངེས་གནས་གནད་འཁེལ་འཚོལ་བ་དང་། ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་གང་ལེགས་འཕེལ་བ། གཡས་གཡོན་མཐུན་སྦྱོར་དང་གོང་འོག་མཉམ་འགུལ་ལ་ཤུགས་སྣོན། བྱེད་ཐབས་ཁག་དོན་འཁྱོལ་ཞིབ་ཚགས། ལས་འགན་ཁག་ཇི་མ་ཇི་བཞིན་ལེགས་གྲུབ་བཅས་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་དོན་ཨུ་ཡོན་ཁག་གཅིག་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།
“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱི་འགན་འཁུར་བློ་མཐུན་གཙོ་བོ་དང་། འབྲེལ་ཡོད་ཁེ་ལས་ཀྱི་འགན་འཁུར་བ། ལས་རིགས་ཚོང་ཚོགས་དང་རིགས་གཅིག་མཁས་ཅན་དང་མཁས་དབང་གི་འཐུས་མི་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད། ཚོགས་འདུ་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པར་བརྟེན་ནས་འཚོགས་ཤིང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་ཁག ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་བཅས་སུ་ཡན་ལག་ཚོགས་ར་བཙུགས་ཡོད་པ་རེད།