མ་ཐ་རེ་ལ་ཡིས་གྲོས་ཁང་འོག་མ་རུ་སྲིད་འཛིན་འགན་བཞེས་ཀྱི་དམ་བཅའ་འཇོག་བཞིན་པ།
སྤྱི་ཟླ་2པའི་ཚེས་3ཉིན། སིར་ཇི་ཨོ་མ་ཐ་རེ་ལ་ཨི་ཐ་ལིའི་སྲིད་འཛིན་གསར་པ་རུ་བདམས་ཐོན་བྱུང་ནས་ཨི་ཐ་ལིའི་རྒྱལ་ས་རོམ་དུ་སྲིད་འཛིན་འགན་བཞེས་ཀྱི་གཏམ་བཤད་གནང་ཞིང་། ཁོང་ཉིད་ཨི་ཐ་ལི་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་13པའི་སྲིད་འཛིན་དུ་གྱུར། ཉིན་དེར། ཁོང་གིས་དམ་བཅའ་འཇོག་པའི་མཛད་སྒོ་དེ་ཨི་ཐ་ལིའི་གྲོས་ཁང་འོག་མ་རུ་སྤེལ་བ་རེད།
མ་ཐ་རེ་ལ་ཡིས་འགན་བཞེས་དམ་བཅའ་གནང་བའི་གཏམ་བཤད་ཀྱི་ནང་དུ། དམངས་འཚོ་དང་། ན་གཞོན་ཚོའི་ལས་ཞུགས། རྒན་རྒོན་ཚོའི་འཚོ་བ། ལྷོ་ཕྱོགས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕན་བདེ་སོགས་ཀྱི་གནད་དོན་ལ་དོ་ཁུར་བྱས་ཡོད་པ་དང་སྦྲགས། རུལ་སུངས་ལ་ངོ་རྒོལ་དང་མ་ཧྥེ་ཡ་ལ་རྡུང་རྡེག་བྱ་བའི་ཆོད་སེམས་ཡོད་པར་བསྟན་པ་དེར་ཏང་ཤོག་མང་པོས་བསྔགས་བརྗོད་དང་ཁས་ལེན་བྱས། །