ལོ་ཆུང་ནའང་མགོ་ལ་སྐྲ་དཀར་པོ་སྐྱེས་པ་ཅི་ཡིན་ནམ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-23
ཚང་མས་གསལ་ལྟར། ལོ་ཆུང་དུས་ཀྱི་མགོ་ཡི་སྐྲ་ནི་ནག་པོ་ཡིན་པ་དང་། ལོ་རྒས་པ་དང་བསྟུན་ནས་རིམ་གྱིས་སྐྲ་དཀར་པོ་ལ་འགྱུར་བཞིན་ཡོད། ཡིན་ནའང་། མི་ཁ་ཤས་ནི་རྒས་པའི་དུས་ལ་མ་ཐོན་ཀྱང་། མགོ་ན་སྐྲ་དཀར་པོ་སྐྱེ་བཞིན་ཡོད། དེ་རིང་། ང་ཚོས་མཉམ་དུ་སྐྲ་དཀར་པོའི་སྐོར་ནས་རྒྱུས་ལོན་ཐེངས་ཤིག་བྱེད།
གཅིག །སྐྲ་དཀར་པོ་ནི་ཇི་ལྟར་བྱུང་བ་ཡིན་ནམ།
ང་ཚོའི་སྐྲ་ནི་མགོའི་སྐྱི་མོ་ནང་གི་སྤུའི་ཕྲ་ཕུང(毛母细胞)བརྒྱུད་ནས་སྐྱེས་པ་ཡིན་ལ། གལ་ཏེ་སྤུའི་ཕྲ་ཕུང་ལ་གནད་དོན་བྱུང་ན། སྐྲ་ཡང་མུ་མཐུད་དུ་མི་སྐྱེས་པ་ཡིན། གལ་ཏེ་མགོའི་སྐྱི་མོ་ནང་གི་ཕྲ་ཕུང་གཞན་པ་ཞིག་སྟེ་མདོག་ནག་རྒྱུའི་ཕྲ་ཕུང(黑色素细胞)ལ་གནད་དོན་བྱུང་ན། སྐྱེས་པའི་སྐྲ་ཡང་དཀར་པོ་ཡིན།
སྐྲ་དཀར་པོར་འགྱུར་བའམ་སྐྱེས་པ་ལ། རྒྱུན་ལྡན་གྱི་རྒྱུ་རྐྱེན་ཞིག་ཡོད་པ་ནི་ལོ་རྒས་པ་ལས་ལའོ་ཨན་སྐྱུར་མའེ(酪氨酸酶)ཡི་གྲུང་གཤིས་མར་བབས་པའམ་ཡང་ན་མདོག་ནག་རྒྱུའི་ཕྲ་ཕུང་རིམ་པར་རྒས་པ་ལས་མདོག་ནག་རྒྱུའི་སྡེབ་སྦྱོར་ལ་གནད་དོན་བྱུང་བ་ཡིན། དེར་བརྟེན། ལོ་ཇེ་ཆེར་སོང་བ་དང་བསྟུན་ནས། མགོ་ཡི་སྐྲ་ཡང་དཀར་པོར་འགྱུར་སླ་བ་ཡིན།
གཉིས། ལོ་ཇེ་ཆེར་མ་སོང་ཡང་མགོ་ཡི་སྐྲ་དཀར་པོར་གྱུར་དོན་ཅི་ཡིན་ནམ།
1.མི་ཡི་རྒྱུད་པ་ལ་འབྲེལ་བ་ཆེན་པོ་ཡོད། གལ་ཏེ། ཕ་མ་གཉིས་ཀ་ལོ་ཆུང་དུས་ནས་མགོ་ལ་སྐྲ་དཀར་པོ་སྐྱེས་པ་ཡིན་ན། དེ་གཉིས་ཀྱི་ཕྲུ་གུ་ཡང་ལོ་གཞོན་པའི་དུས་ནས་སྐྲ་དཀར་པོ་སྐྱེས་པ་ཡིན།
2.འཚོ་བཅུད་ཀྱི་མཁོ་འདོན་ལ་རག་ལས་པ་ཡིན། ལུས་ཀྱི་འཚོ་བཅུད་མ་འདང་ན། མདོག་ནག་རྒྱུའི་ཕྲ་ཕུང་གི་གྲུང་གཤིས་ལ་ཚད་བཀག་ཐེབས་ནས་སྐྲ་དཀར་པོ་སྐྱེས་པ་ཡིན།
3.མིའི་སེམས་ཁམས་དང་བསམ་པའི་གནོན་ཤུགས། གསང་རྒྱུད་ཟགས་གཤེར་གྱི་གནས་ཚུལ་སོགས་ལ་འབྲེལ་བ་ཡོད་ཅིང་། དགའ་སྐྱོ་ཆགས་སྡང་གང་རུང་གི་ཚོར་བ་ཆེས་ཆེ་བའི་སྐབས་ལ། གློ་བུར་དུ་སྐྲ་དཀར་པོ་མང་པོ་སྐྱེས་པའི་གནས་ཚུལ་འབྱུང་། དེ་མ་ཟད། ཡུན་རིང་གི་དལ་ལངས་རང་བཞིན་གྱི་བསམ་པའི་གནོན་ཤུགས་ཡོད་ནའང་། སྐྲ་ལྷུང་བ་དང་སྐྲ་དཀར་པོར་འགྱུར་བ་ཡིན།
གསུམ། སྐྲ་དཀར་པོ་སྐྱེས་པ་ལ་སྔོན་འགོག་ཇི་ལྟར་བྱེད་དམ།
1.ང་ཚོས་མགོའི་སྐྱི་མོ་ཡི་འཚོ་བཅུད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་བརྒྱུད་ནས་འཕུར་མཉེད་སོགས་ཀྱི་བྱེད་ཐབས་སྤྱད་དེ་མགོའི་སྐྱི་མོ་ཡི་ཁྲག་གི་འཁོར་རྒྱུན་ཇེ་ལེགས་སུ་བཏང་ཆོག་ལ། འཚོ་བཅུད་རིགས་འགའ་ཤས་ཁ་སྣོན་བྱས་ཏེ་ལུས་ཀྱི་འཚོ་བཅུད་འདང་ངེས་སུའང་བཏང་ཆོག
2.གནོན་ཤུགས་སྙོམ་སྦྱོར་བྱས་ཏེ་དགོང་སྔ་མོར་གཉིད་པ་དང་ནངས་སྔ་མོར་ལངས་པའི་གོམས་གཤིས་ལེགས་པོ་ཆགས་སུ་འཇུག་པ་དང་། ལུས་སེམས་ཡོངས་ལྷོད་ལ་བབས་ཏེ་གསང་རྒྱུད་ཟགས་གཤེར་སྙོམ་སྒྲིག་བྱེད་པ་དེའང་སྐྲ་དཀར་པོ་སྐྱེས་པར་སྔོན་འགོག་བྱེད་པའི་ཐབས་མཆོག་ཅིག་ཡིན། མ་ཟད། ཞིབ་འཇུག་ལས་གསལ་བ་ལྟར་ན། ཆང་འཐུང་རྒྱུ་དང་དུ་བ་འཐེན་རྒྱུ་མང་བ། ཚོན་པོ་ཡིན་པ་བཅས་ཀྱང་མགོ་ལ་སྐྲ་དཀར་པོ་སྐྱེས་པར་འབྲེལ་བ་དམ་ཟབ་ཡོད་སྟབས། བདེ་ཐང་གི་འཚོ་བའི་གོམས་གཤིས་ཤིག་ཆགས་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན། །