ཟླ11པའི་ཚེས15ཉིན། སི་ཁྲོན་ཞིང་ཆེན་ལེའང་ཧྲན་ཁུལ་མུ་ལི་བོད་རིགས་རང་སྐྱོང་རྫོང་ཞིང་ལས་ཐོན་ལས་དཔེ་སྟོན་གླིང་དུ་ལི་མདོག་སེར་པོའི་ལུག་མིག་མེ་ཏོག་རབ་ཏུ་བཞད་ཅིང་། དཔལ་ལྡན་ལྷ་མོ་ཞིང་ལས་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་ཁུར་པས་ཡུལ་སྐོར་བར་ས་གནས་དེ་གའི་ཇ་ལོར་རོལ་མྱོང་བྱེད་དུ་འཇུག་བཞིན་ཡོད། དཔེ་སྟོན་གླིང་འདི་ནི་ཕན་ཀྲི་ཧྭ་གྲོང་ཁྱེར་གྱིས་མུ་ལི་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པའི་འདེགས་སྐྱོར་གལ་ཆེན་ཞིག་ཡིན།
ཁ་གཏད་རོགས་སྐྱོར་ལོ11རིང་བྱས་པ་བརྒྱུད། ཕན་ཀྲི་ཧྭ་གྲོང་ཁྱེར་གྱིས་མུ་ལི་རྫོང་ལ་རོགས་སྐྱོར་བྱེད་པའི་ལས་དོན་ཁག་རྒྱུན་ཆད་མེད་པར་གཏིང་ཇེ་ཟབ་ཏུ་ཕྱིན་ཡོད།
ད་ལོའི་ཟླ9པར། ཕན་ཀྲི་ཧྭ་གྲོང་ཁྱེར་གྱི་ཏང་ཨུ་རྩ་འཛུགས་པུའུ་དང་གྲོང་ཁྱེར་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གིས་བཟོས་པའི《ཕན་ཀྲི་ཧྭ་གྲོང་ཁྱེར་གྱིས་མུ་ལི་བོད་རིགས་རང་སྐྱོང་རྫོང་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུའི་འཆར་འགོད(2021ལོ་ནས2025ལོའི་བར)》འགྲེམས་སྤེལ་བྱས་པ་རེད། མ་འོངས་པའི་ལོ་ལྔའི་ནང་དུ་ཕན་ཀྲི་ཧྭ་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར1.65བཏང་ནས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དང་། གྲོང་གསེབ་དར་སྤེལ་གཏོང་རྒྱུ་གཉིས་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་དམིགས་ནས་རྣམ་གྲངས60ལག་བསྟར་བྱས་ཏེ། ཐོན་ལས་དང་སློབ་གསོ། སྨན་བཅོས། ཤེས་ལྡན་མི་སྣ་བཅས་ལ་རོགས་སྐྱོར་ཐད་མུ་མཐུད་དུ་ཤུགས་སྣོན་རྒྱག་རྩིས་ཡོད།
ལུག་མིག་མེ་ཏོག་གིས་ཐོན་ལས་ཆེན་པོར་སྐུལ་འདེད་བཏང་བ།
མུ་ལི་རྫོང་ཞིང་ལས་ཐོན་ལས་དཔེ་སྟོན་གླིང་ནི་ཆབ་འོད་གྲོང་རྡལ་དུ་གནས་ཤིང་། མུ་ལི་རྫོང་ནས་རླངས་འཁོར་བསྡད་ན་སྐར་མ20ཡིས་ཐོན་ཐུབ།
དཔེ་སྟོན་གླིང་གིས་ས་ཁྱོན་མུའུ100བཟུང་ཡོད་པ་དང་། དེར་འདེབས་འཛུགས་དང་གསོ་སྤེལ་གྱི་འཁོར་རྒྱུག་དཔེ་སྟོན་ཁུལ་དང་ཞིང་ལས་ཐོན་ལས་འདེབས་འཛུགས་དཔེ་སྟོན་ཁུལ། ཞིང་ལས་ཐོན་ལས་ཀྱི་ལྟེ་བའི་འགྲེམས་སྟོན་ཁུལ་བཅས་སུ་དབྱེ་ཡོད། རྒྱང་རིང་ནས་བལྟས་ཚེ་དེའི་མཛེས་ལྗོངས་ནི་ལྟ་ན་སྡུག་པ་ཞིག་རེད།
དཔེ་སྟོན་གླིང་གི་རིམ་པ་སྤོར་རྒྱུར་རམ་འདེགས་བྱ་ཆེད། ཕན་ཀྲི་ཧྭ་གྲོང་ཁྱེར་གྱི་རོགས་སྐྱོར་ལས་དོན་མི་སྣས་ས་གནས་ཀྱི་ཞིང་པའི་འབབ་འཕར་དང་ཁྲོམ་རའི་དགོས་མཁོར་དམིགས་ཏེ། ལུག་མིག་མེ་ཏོག་ཆུང་ངུ་དེ་ཐོན་ལས་ཆེན་པོར་འཕེལ་རྒྱས་བཏང་བ་རེད།
ཕན་ཀྲེ་ཧྭ་གྲོང་ཁྱེར་གྱི་ལས་དོན་ཚན་ཆུང་སྐོར་དྲུག་པའི་རུ་སྣེ་འཁྲིད་མཁན་ཀའོ་ཧྲེང་ཧུང་གིས་གླིང་ཁུལ་འཛུགས་སྐྲུན་བྱས་པ་ནས་བཟུང་། གྲོང་མི220ལྷག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད་པ་དང་། “ན་ནིང་འདེབས་འཛུགས་བྱས་པའི་ལུག་མིག་མེ་ཏོག་སྐམ་པོ་རྒྱ་མ1800ཐོན་སྐྱེད་བྱས་པར་ཐོན་རྫས་རིན་ཐང་སྒོར་ཁྲི54ལྷག་མངོན་འགྱུར་བྱུང་ཡོད་པ་མ་ཟད། ཉེ་འཁོར་ཞིང་དུད་ཀྱིས་བཟའ་བཏུང་དང་ཞག་སྡོད་སོགས་ཡུལ་སྐོར་ལྟ་སྐོར་འཕེལ་རྒྱས་བཏང་བས་ཡོང་འབབ་ཀྱང་འཕར་ཡོད“ཅེས་བཤད།
རྗེས་མར། ཕན་ཀྲི་ཧྭ་གྲོང་ཁྱེར་གྱིས་དཔེ་སྟོན་གླིང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས། ལེགས་ཆའི་ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་བྱས་ཏེ་གླིང་ཁུལ་འཛུགས་སྐྲུན་དེ། གཙོ་ཁྲིད་ཐོན་ལས་མངོན་གསལ་དང་ཁྱབ་འགྱེད་སྣེ་ཁྲིད་ནུས་ལྡན་ཐུབ་པའི་དེང་རབས་ཞིང་ལས་དཔེ་སྟོན་གླིང་དུ་བསྐྲུན་ནས། ཞིང་པར་རྒྱུན་མཐུད་བརྟན་པོའི་ངང་འབབ་འཕར་ཡོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
རྒྱ་སྒོ་ཁ་ནས་ལས་ཞུགས་ཚོགས་འདུ་བསྡུས་པ།
ཉེ་ཆར། ཕན་ཀྲི་ཧྭ་གྲོང་ཁྱེར་ལས་ཞུགས་ལས་གཏོད་སྐུལ་སྤེལ་ལྟེ་གནས་ཀྱི་ལས་དོན་མི་སྣས་ཕན་ཀྲི་ཧྭའི་ལག་རྩལ་སློབ་གླིང་གི་དགེ་རྒན16ཁྲིད་དེ། མུ་ལི་རྫོང་བྲག་རི་ཤང་དང་འབྲི་གཡག་ཐང་ཤང་གཉིས་སུ་དུས་ཡུན་ཉིན10ཡི་ལས་རིགས་རྩལ་ནུས་གསོ་སྦྱོང་བྱས་པ་དང་། མུ་ལིའི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་སྤེལ་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་རོགས་རམ་གང་ལེགས་བྱས།
2019ལོ་ནས་བཟུང་། ཕན་ཀྲི་ཧྭ་གྲོང་ཁྱེར་གྱིས་མུ་ལི་རྫོང་དུ་ལས་ཞུགས་རོགས་སྐྱོར་བྱས་ཏེ། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི150བཏང་ཞིང་། ལས་གཏོད་འདུ་ཤེས་དང་། གློག་བཟོའི་ལག་རྩལ། ཚ་ལ་རྒྱག་པའི་ལག་རྩལ་བཅས་ཀྱི་གསོ་སྦྱོང་སྤེལ། “ཚ་ལ་རྒྱག་པའི་ལག་རྩལ་སྦྱངས་རྗེས། རང་ཁྱིམ་གྱི་ལྷས་ར་དང་སྒོ་དང་སྒེའུ་ཁུང་སོགས་ལ་ཚ་ལ་རྒྱག་ཐུབ་པ་མ་ཟད། ལག་རྩལ་གང་ལེགས་སྦྱོར་ཡོད་པས་ཤང་དང་གྲོང་ཚོ་རུ་ལས་ཀ་བཙལ་དུས་གོ་སྐབས་ཡག་པོ་རྙེད་ཐུབ”ཅེས་བྲག་རི་ཤང་གི་གྲོང་མི་ཞིག་གིས་བཤད།
ལས་མི་བསྡུ་བའི་ཚོགས་འདུ་འཚོགས་ཏེ་ལས་ཞུགས་ཀྱི་ཆ་འཕྲིན་དང་ཞབས་ཞུ་མཁོ་འདོན་བྱེད་པ་ནི། ཕན་ཀྲི་ཧྭ་གྲོང་ཁྱེར་གྱིས་མུ་ལི་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་ཞུགས་རྣམ་གྲངས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་ལ། ཟླ10པའི་ཚེས18ཉིན། ཕན་ཀྲི་ཧྭ་གྲོང་ཁྱེར་ལས་ཞུགས་ལས་གཏོད་སྐུལ་སྤེལ་ལྟེ་གནས་ཀྱིས་མུ་ལི་རྫོང་མི་རིགས་ཐང་ཆེན་དུ“མུ་ལིའི་ཆེད་དོན་ལས་ཞུགས་གདན་ཞུའི་ཚོགས་འདུ”འཚོགས་པ་རེད།
ལས་མི་བསྡུ་བའི་ཚོགས་འདུ་ཁྲོད། ཕན་ཀྲི་ཧྭ་གྲོང་ཁྱེར་གྱི་ཁེ་ལས21གིས་མུ་ལིའི་མང་ཚོགས་ལ་ལས་རིགས40དང་ལས་ཞུགས་ལས་གནས208མཁོ་འདོན་བྱས་པ་དང་། ལས་གནས་ཁག་གི་གླ་ཕོགས་ཟླ་རེར་ཆ་སྙོམས་སྒོར5700ཟིན་ཡོད། རོགས་སྐྱོར་ལས་དོན་མི་སྣ་ཡོན་ཧྲེ་པིང་གིས“མུ་ལིའི་མང་ཚོགས་སྔར་ལས་མང་བོ་ཕན་ཀྲི་ཧྭ་གྲོང་ཁྱེར་དུ་ལས་ཞུགས་བྱེད་པར་ཡོང་ཚེ། མུ་ལིའི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ཤེས་ལྡན་པ་མང་བོ་ཕན་ཀྲི་ཧྭ་གྲོང་ཁྱེར་དུ་ཡོང་རྒྱུའི་ཡིད་དབང་བཀུག་ནས་ས་གནས་གཉིས་གཏིང་ཟབ་སྒོས་བརྗེ་རེས་བྱེད་ཐུབ”ཅེས་བསྟན། །