༄༅།། ཕའི་ཐབས་དང་བུའི་ལམ།

གཟུངས་སྐྱབས་རྒྱལ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 11-26


གཟུངས་སྐྱབས་རྒྱལ། 

        ཁོ་བོ་ནི་ཆེས་སྤྱིར་བཏང་གི་མཚེར་འཛིན་འབྲོག་ཁྱིམ་ཞིག་ནས་སྐྱེས་ཤིང་། ཕ་ལགས་ཀྱི་འཚོ་བའི་གོམས་སྲོལ་དག་ཆུ་ལ་ཆུ་བཞག་པ་ལྟར་དུ་རང་གཤིས་སུ་གྲུབ་པ་ཞིག་སྟེ། ངེད་ཀྱི་ཕ་ལགས་སློབ་གྲྭར་སོང་མ་མྱོང་ན་ཡང་། རང་འགུལ་གྱིས་རང་སྦྱོང་བྱས་ཏེ་ཀློག་ལ་ནང་བྱན་ཆུད་པར་གྱུར་ཡོད་པ་མ་ཟད། ཕལ་ཆེར་གཞོན་དུས་ནས་སྡེ་བའི་ལས་སྣེ་བའི་ཁུར་ལྷུར་ལེན་བྱས་པས་སྣོན་འཕྲི་བསྒྱུར་བགོད་སོགས་ལའང་སློབ་ཆུང་མཐར་ཕྱིན་ཙམ་གྱི་ཆུ་ཚད་ལས་བརྒལ་ཡོད། སྐབས་དེར་སྡེ་བར་བྱིས་སྙོར་ཁང་ལྟ་ཅི།ཐ་ན་སྦྲ་གུར་སློབ་ཆུང་ཞེས་པའང་མིང་ཙམ་ལས་མེད། ཡིན་ནའང་། ངེད་ཅག་སྤུན་སྲིང་དག་ལོ་ལྔ་དྲུག་ལ་བུད་པ་ནས་ཕ་ལགས་ཀྱི་མདུན་ནས་ཉིན་རེ་བཞིན་ཡི་གེ་འབྲི་ཀློག་སྦྱངས་པ་ཡིན་ལ། དེ་ཡང་ཁྱིམ་ཚང་གི་སྒྲིག་ལམ་ལྟ་བུ་ཞིག་ཡིན་པས། སུས་ཀྱང་དེ་ལ་རྒྱབ་འགལ་མི་བྱེད་པར་འབྲི་ཀློག་གཉིས་ལ་ནན་ཏན་འབད་པས། བརྒྱད་པའི་ནོར་རྫི་ཁ་ཆག་གི་དུས་ལ་སླེབས་དུས་ཀློག་ལ་མི་ངེས་པ་ཕལ་ཆེར་མེད་ཅེས་བརྗོད་ཀྱང་འུད་ཟོལ་དང་བྲལ།
        སྐབས་དེའི་འབྲོག་པ་གཞན་དག་དང་བསྡུར་ན། བདག་གི་ཕ་ལགས་ནི་ཅུང་མཐོང་རྒྱ་ཅན་ཞིག་སྟེ།ཁོ་རང་སྡེ་དོན་ཚོ་དོན་དུ་ཡུལ་ལུང་གཞན་དུ་འགྲུལ་བཞུད་མང་བ་དང་།དུས་རྒྱུན་གོང་རིམ་སྲིད་གཞུང་གི་ལས་ཀྱི་སྣེ་མོ་དག་གྲོང་གསེབ་ཏུ་སྤྱན་འབེབ་ཏུ་ཡོང་ན་ཕལ་ཆེར་ངེད་ཚང་དུ་ཞག་སྡོད་བྱེད་གྲངས་མང་བ་སོགས་གང་ཡིན་མ་ངེས་མོད། ཁོང་ཉིད་རིག་གནས་ལ་བརྩི་མཐོང་ཅན་ཞིག་ཡིན་ཏེ། སྐབས་དེར་ངེད་ཚང་ལ་གླིང་སྒྲུང་དང་རྣམ་ཐར་ཟློས་གར་བརྒྱད། གངས་ཅན་རིག་བརྒྱའི་དཔེ་ཚོགས།བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས་དང་།དག་ཡིག་ངག་སྒྲོན།ཆུ་ངོགས་གཏམ་རྒྱུད།བྱ་སྤྲེའུ་གཏམ་རྒྱུད། ཆབ་ཤོག་ཕྱོགས་བསྒྲིགས།བྱ་མགྲིན་སྔོན་ཟླ་བའི་རྟོགས་བརྗོད་སོགས་དཔེ་ཆ་མང་པོའི་ཆ་སྒམ་ཞིག་ཡོད་ལ།དེའང་བཤམས་པ་ཙམ་མིན་པར་ཉིན་རེ་བཞིན་ཀློག་འདོན་བྱེད་བཞིན་ཡོད་དེ། ང་རང་གི་དྲན་པའི་ཟིན་པ་ནས་ངེད་ཚང་ལ་སྲོལ་ཞིག་ཡོད་པ་ནི་དགོང་མོར་གོ་ཁ་ནས་གླིང་སྒྲུང་བཤད་པ་དེ་ཡིན་ལ། ངེད་སྤུན་སྲིང་དག་གིས་ཀློག་འདོན་མི་ཤེས་དུས་ཕ་ལགས་ཀྱིས་ཉིན་བཞིན་སྒྲུང་གྱེར་བ་དང་།ངེད་ཅག་གིས་ཀློག་འདོན་ཐུབ་པ་ནས་དགོང་རེ་བཞིན་ངེད་ཅག་ལ་རེས་བསྐོར་ཏེ་སྒྲུང་བཤད་དུ་འཇུག་པ་དང་། ཁྱིམ་མི་གང་པོས་དེ་ལ་ཉན་པ་དེ་རེད། ཤུགས་རྐྱེན་དེའི་འོག་ནས་ཁོ་བོའང་དཔེ་ཀློག་ལ་ཅུང་སྤྲོ་བ་ཡོད་པར་གྱུར་པས།དུས་རྒྱུན་ཕྱུགས་རྗེས་སུ་འགྲོ་དུས་གླིང་སྒྲུང་དཔེ་ཆ་རུམ་ལ་བསྡུས་ཏེ་སོང་ནས་ཐེངས་གང་མང་ལ་ལྟ་ཀློག་བྱས་མྱོང་བས། ལོ་བཅུ་ཡས་མས་ཀྱི་དུས་སུ་ཧོར་གླིང་གཡུལ་འགྱེད་དང་རྟ་རྒྱུག་རྒྱལ་འཇོག་གཉིས་ཀྱི་བྱུང་རིམ་ཡིད་ན་ནམ་གསལ་གསལ་ཉི་མ་ཤར་ཤར་དུ་གྱུར་ཡོད།
        སློབ་ཆུང་དུ་གོམ་ཁའི་འདེགས་འཇོག་བསྒྱུར་བ་ནས་ཕ་ལགས་ཀྱིས་ང་ལ་དཔེ་ཁྲིད་བྱས་མ་མྱོང་མོད།དབྱར་དགུན་གནང་སྐབས་སུ་བྱུང་རྒྱལ་དུ་བསྐྱུར་མ་མྱོང་སྟེ།བརྡ་དག་ཕྱེ་མ་ལེབ་ཀྱི་གཤོག་རླབས་ཞོགས་པ་དང་དགོང་དྲོའི་སྐབས་གཤར་འདོན་བྱེད་དུ་འཇུག་པས། བར་སྐབས་ཤིག་ནས་དེ་བློ་ངོར་ཆུ་བཞུར་བཞུར་ལྟར་བྱེད་ཐུབ་པར་གྱུར་པ་དང་། སློབ་འབྲིང་གི་སྐབས་སུ་སྒིས་སྟེང་ཚང་གི་ཆབ་ཤོག་ཕྱོགས་བསྒྲིགས་ཐེངས་ལྔ་བརྒྱར་བཏོན་ན་སྙན་ངག་འབྲི་བར་ཚེགས་མེད་ཚུལ་གླེང་སྟེ། ང་རང་ལ་དགུན་གནང་ཞིག་གི་རིང་དུ་ཆབ་ཤོག་ཕྱོགས་བསྒྲིགས་ཚར་བརྒྱ་ལྷག་ཙམ་ལ་འདོན་རྟར་བཀུག་ཏུ་བཅུག
        ལར་སྐབས་དེའི་སློབ་མ་རྣམས་ལ་དེང་སང་འདྲ་བའི་ཁྱིམ་སྦྱོང་ལས་བྱ་མང་པོ་མེད་པས་གནང་སྐབས་སུ་ཁོམ་ནས་བསྡད་ཡོད། འོན་ཏེ། ངའི་ཕ་ལགས་ཀྱིས་ངེད་ཚང་གི་ཁྱིམ་ཁ་རུ་སྐོར་གྱི་སློབ་མ་དག་དགུན་གནང་སྐབས་སུ་ལོ་སར་མགོ་ཡལ་ཙམ་ནས་རང་དགར་འདུག་ཏུ་མི་འཇུག་སྟེ། ང་ཚོའི་ཡུལ་ལུང་ལ་མཚོན་ན་ལོ་རེའི་ལོ་མགོར་མོ་རྩིས་ལུང་བསྟན་ཞུས་ཏེ་ཁྱིམ་དུ་བཅའ་བ་རིམ་གྲོ་སྒྲུབ་པ་ནི་མེས་ནས་རབས་ལ་བརྒྱུད་པའི་གོམས་སྲོལ་ཞིག་གྲུབ་ཡོད་ལ།ཏིང་འཕགས་བསྐལ་གསུམ་ནི་ཁྱིམ་ཚང་སུ་ལ་མཚོན་ནའང་ལོ་རེར་ངེས་པར་དུ་འདོན་དགོས་པའི་གྲས་ཡིན་རྐྱེན། ཀ་ངོ་ཡིག་ངོ་ཆོད་པ་ནས་ཏིང་འཕགས་བསྐལ་གསུམ་འདོན་རྒྱུ་དེ་ངེད་ཅག་ལ་འགན་དུ་བགོས་ཏེ་འདོན་དུ་འཇུག་པ་ཡིན་པས། སྐབས་དེར་རུ་ཁ་ཁྱིམ་མཚེས་ཀྱི་སློབ་མ་ཀློག་ལ་བྱང་བ་དག་གིས་ཁྱིམ་རེ་རེ་ལྟར་རེས་བསྐོར་ཏེ་འདོན་བཞིན་ཡོད་ལ། ཏིང་འཕགས་བསྐལ་གསུམ་འདོན་དུས་ཁྱིམ་ཚང་དག་གིས་ཀྱང་ཟས་ཀྱི་སྡེར་ཁ་དང་དངུལ་གྱི་འབུལ་བ་སོགས་ཏོག་ཙམ་སྟེར་བས་ལས་དེར་འེད་ཅག་ཤིན་ཏུ་སྤྲོ།
        ངའི་ཕ་ལགས་ནི་བཟོ་ལ་བྱང་བ་ཞིག་སྟེ། ཁྱིམ་མི་དག་གི་ལྭ་བ་ཕལ་ཆེར་ཁོས་བཟོ་བཞིན་པར་མ་ཟད། རུ་ཁ་ཁྱིམ་མཚེས་ཀྱིས་ཀྱང་དུས་རྒྱུན་དུ་ཁོ་ལ་ལྭ་བ་གཅོད་དུ་འཇུག་པ་དང་བཟོ་རུ་འཇུག་བཞིན་ཡོད་པས། དུས་རྒྱུན་དུ་ལག་ཏུ་ཁྲུ་ཙེ་དང་སྨྱུ་གུ་བཟུང་སྟེ་བཟོ་དགོས་པའི་ལྭ་བ་དེའི་རིང་ཐུང་འཇལ་རྗེས།རིང་ཐུང་དང་རྒྱབ་ཞེང་། ཐོག་ཐུ་དང་འོག་ཐུ། དཔུང་བ། ཕུ་ཐུང་། གོང་བ་སོགས་ཀྱི་རིང་ཐུང་དང་མཐོ་དམན་ཡི་གེར་ཕབ་བཞིན་ཡོད་ལ། ང་རང་ཡུལ་དུ་ཡོད་དུས་ཁོས་ང་ལ་དེ་རེ་རེ་བཞིན་ཤོག་ངོས་སུ་ཕབ་ཏུ་འཇུག་པས།སྐབས་དེར་སློབ་གྲྭར་གནང་སྐབས་སྦྱང་གཞི་མང་པོ་མེད་ན་ཡང་། ཁྱིམ་ལ་ལོག་རྗེས་ང་ལ་རང་དགར་གཡེང་བའི་དུས་ཚོད་ཤིན་ཏུ་ཕྲ།
        སྐབས་དེར་མཚེར་འཛིན་གྱི་འབྲོག་ཁྱིམ་ཕལ་ཆེ་བར་དར་ཁྱབ་ཏུ་འགྲོ་བཞིན་གོམས་སྲོལ་ཞིག་ནི་ས་སྲོད་ཀྱི་སྐབས་སུ་སྒོ་ཕྱུགས་ལྷས་ལ་བཅུག་སྟེ་བཟའ་ཚང་གོ་འདུས་བྱུང་རྗེས་ཟློས་འདོན་ཞེས་གོ་ཁ་ནས་བཟའ་མི་ཚང་མས་བླ་མའི་གསོལ་འདེབས་དང་། སྨོན་ལམ། བསྟོད་པ་སོགས་གང་ཤེས་དེ་དབྱངས་གཅིག་མགྲིན་གཅིག་གིས་མཉམ་འདོན་བྱེད་པ་ཡིན་ལ། ངེད་ཚང་ལ་མཚོན་ན་ཡང་རེ་ཞིག་དོན་དེ་ལག་ལེན་བསྟར་བས། གྲུབ་ཆེན་སྐལ་ལྡན་རྒྱ་མཚོ་དང་གཡེར་གཤོང་ཆོས་པ་རིན་པོ་ཆེ་གཙོས་ཚེ་རབས་ཕྲེང་འཛིན་གྱི་རྩ་བའི་བླ་མ་དུ་མའི་ཞབས་བརྟན་གསོལ་འདེབས་དང་། དམིགས་བརྩེ་མ་དང་སྒྲོལ་མ་ཉེར་གཅིག་གི་བསྟོད་པ་སོགས་ཡི་གེ་མི་ཤེས་པའི་སྔོན་ལ་ཕ་མའི་ངག་ལས་བསླབས་པ་ནི་རྡོ་ལ་རི་མོ་བརྐོས་པ་བཞིན་དྲན་པའི་དཀྱིལ་ནས་ནམ་ནམ་ཞར་ཞར་དུ་བརྗེད་མེད་དུ་གནས་སོ། །
        ད་ལྟ་ཕྱིར་དྲན་ཞིག་བྱས་ཚེ།ཕ་ལགས་ཀྱི་འཚོ་བའི་གོམས་སྲོལ་དག་ནི་བུ་ང་འཚར་ལོངས་འབྱུང་བའི་བགྲོད་ལམ་ཞིག་སྟེ། ཐབས་དེ་ལ་བརྟེན་ནས་ཁོ་བོས་ཀྱང་མིའི་མར་ཞབས་དང་ཁྱིའི་སྡེར་ཞབས་སུ་ལྷུང་མི་དགོས་པའི་ལམ་འདི་ལྟ་བུ་རྙེད་པ་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1