ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། ཟླ་11ཚེས་23ཉིན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་། ཀྲུང་དབྱང་སྲིད་ཇུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་དང་དྲུང་ཆེ་ལིན་ཧྲང་ལི་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལིན་ཧྲང་ལི་ཡིས་སྒྲོག་འགྲེལ་སྙན་ཞུ་གནང་བཞིན་པ།
སྙན་ཞུའི་ཚོགས་འདུའི་ཐོག ལིན་ཧྲང་ལི་ཡིས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་དང་གྲུབ་འབྲས་གལ་ཆེན་ལ་ངོས་འཛིན་གཏིང་ཟབ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དུས་རབས་གསར་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ལ་ངོས་འཛིན་གཏིང་ཟབ། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ངོས་འཛིན་གཏིང་ཟབ། ལོ་རྒྱུས་དཔྱད་གཞིའི་མེ་ལོང་དུ་འཛིན་ནས་འབྱུང་འགྱུར་གཏོད་པའི་བླང་བྱ་གལ་ཆེན་དང་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུའི་ཁྲོད་ནས་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་སོགས་ཕྱོགས་དྲུག་ལ་གཙོ་བོར་དམིགས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་རིམ་ལྡན་ལ་ཆ་ཚང་བ་དང་གོ་བདེ་ཤེས་སླའི་ཐོག་ནས་གསལ་འགྲེལ་གནང་བ་རེད། ལིན་ཧྲང་ལི་ཡིས་སྒྲོག་འགྲེལ་སྙན་ཞུའི་ནང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དང་། ཏང་དང་མི་དམངས་ཀྱིས་ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་རྒྱལ་ཁའི་ངང་མངོན་འགྱུར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་སྐྲུན་པའི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་གོམ་པ་སྤོ་བཞིན་པའི་ལོ་རྒྱུས་ཀྱི་འགག་རྩའི་དུས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་གྲོས་ཚོགས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གསུང་བཤད་གལ་ཆེན་གནང་སྟེ། ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་ལམ་བུར་གཞི་ཚུགས་ནས་ཏང་ཡོངས་ལ་དར་ཆ་བསྒྲེངས་ནས་ཁ་ཕྱོགས་གསལ་སྟོན་དང་འཐབ་འགོད་ཇུས་འདོན་བྱས་པར་ལོ་རྒྱུས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་། བསམ་བློའི་ཁྲིད་སྟོན་བྱེད་ཤུགས། ཆབ་སྲིད་ཀྱི་སྐུལ་སློང་བྱེད་ཤུགས། དུས་རབས་ཀྱི་ཡིད་དབང་འགུག་ཤུགས་བཅས་ཆེན་པོ་ལྡན་པ་དང་། དུས་རབས་གསར་པའི་ཀྲུང་གོ་གུང་ཁྲན་ཏང་མིས་དུས་ནམ་ཡང་ཐོག་མའི་བསམ་འདུན་རྒྱུན་འཁྱོངས་དང་གྲ་སྒྲིག་ཨང་བསར་གྱིས་སླར་ཡང་རྡོག་ཐོན་གྱི་དུང་བརྡ་བཏང་ཐོག ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་རྒྱུས་ཀྱི་རླབས་ཆེའི་བྱ་གཞག་གསར་པ་གཏོད་ཆེད་ལོ་རྒྱུས་ཀྱི་ཕྱོགས་མཚམས་དང་། དུས་རབས་ཀྱི་གནས་ཚད། མདུན་སྐྱོད་ཀྱི་ཁ་ཕྱོགས་བཅས་གཏན་འཁེལ་བྱས་ཡོད། ཚང་འཛོམས་གྲོས་ཚོགས་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་དང་གཏན་ལ་ཕབ་པའི་བཀོད་སྒྲིག་གལ་ཆེན་དང་། ལྷག་པར་དུ“གཏན་འཁེལ་གཉིས”ནན་བཤད་བྱས་པས། ཏང་ཡོངས་ཀྱི་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་དང་། དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྣམ་པ་གསར་པ་སྔར་ལས་ལྷག་པ་གཏོད་པར་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་རྒྱང་རིང་གཏིང་ཟབ་ཀྱི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད་ཅེས་བསྟན་གནང་བ་རེད།
ཝང་ཅུན་ཀྲེང་གིས་གསུང་བཤད་གནང་བཞིན་པ།
ཝང་ཅུན་ཀྲེང་གིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་སྐབས་བསྟན་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ད་ཐེངས་ཀྱི་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་གོ་སྐབས་སུ་བྱས་ཏེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དོན་སྙིང་གལ་ཆེན་དང་། ཕུན་སུམ་ཚོགས་པའི་ནང་དོན། དགོངས་དོན་གྱི་ངོ་བོ་བཅས་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་གོ་བ་གཏིང་ཟབ་བླངས་ནས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་དགོས། སྒྲོག་འགྲེལ་རྒྱ་ཁྱབ་བྱས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་མི་སེམས་ལ་གཏིང་ཟབ་ཟུག་པ་དང་མེ་ཏོག་བཞད་ནས་འབྲས་བུ་སྨིན་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། ཤེས་སྤྱོད་ཟུང་འབྲེལ་མཐའ་འཁྱོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་དགོས། “སྤྱི་ཡོངས་གཉིས”དང“རྒྱལ་ཁབ་ཀྱི་དོན་ཆེན”སེམས་ལ་འཆང་བ་དང་། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར། འཕེལ་རྒྱས་ཀྱི་བཀོད་པ་གསར་པར་ཞབས་འདེགས་དང་མཉམ་འདྲེས་བྱེད་པ། མི་རིགས་ཁག་གི་མང་ཚོགས་ཀྱི་དོ་ཁུར་བྱེད་ས་དེ་ལས་ཀའི་ཤུགས་རྒྱག་སར་བརྩི་བ། དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་དེ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ། གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཛུགས་པ་བཅས་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་བློ་བརྟན་འགྱུར་མེད་ངང་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་ཀྲུང་དབྱང་དང་ལྗོངས་ཡོངས་ཀྱི་མི་དམངས་ལ་བློ་ཡིད་ཚིམ་པའི་དུས་རབས་གསར་པའི་རྒྱུགས་ལན་ཞིག་འབུལ་དགོས།
ཚོགས་ར།