དབྱི་ལིང་གིས་ཨ་མེ་རི་ཁས་སྐོར་ཐེངས་གསར་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཁྲོད་ཚད་བརྒལ་གནོན་ཤུགས་སྟེར་བའི་སྲིད་ཇུས་བསྐྱུར་དགོས་པའི་སྐུལ་མ་བཏང་།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-01
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཚེས་ཉེར་དགུ་ཉིན་བསྟན་དོན། ཨ་མེ་རི་ཁའི་སྲིད་གཞུང་གིས་སྐོར་ཐེངས་གསར་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཁྲོད་ཨ་མེ་རི་ཁའི་སྔོན་ཆད་ཀྱི་ཙུང་ཐུང་ཐི་ལིང་ཕུའུ་ཡི་དུས་སྐབས་སུ་ལག་བསྟར་བྱས་པའི་ཚད་བརྒལ་གནོན་ཤུགས་སྟེར་བའི་སྲིད་ཇུས་བསྐྱུར་དགོས་ཟེར།
ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཐི་ལིང་ཕུའུ་དུས་སྐབས་ཀྱི་དབྱི་ལིང་ལ་དམིགས་པའི་ཕམ་ཁའི་སྲིད་ཇུས་སྲུང་འཛིན་བྱེད་ཆེད། སྔོན་གྱི་སྐོར་ཐེངས་དྲུག་གི་གྲོས་མོལ་ཁྲོད་དུས་ཚོད་མང་བོ་ཆུད་ཟོས་སུ་བཏང་ཡོད། དབྱི་ལིང་གིས་ལྷག་བསམ་རྣམ་དག་དང་གྲུབ་འབྲས་ལོན་པའི་ཆོད་སེམས་ཀྱིས་སྐོར་ཐེངས་གསར་པའི་གྲོས་མོལ་ལ་ཞུགས་ཀྱིན་ཡོད། ཕྱོགས་སོ་སོས་གོ་སྐབས་འདི་དམ་འཛིན་བྱེད་དགོས། རྒྱུ་མཚན་ནི་གོ་སྐབས་ཀྱི་སྒེའུ་ཁུང་དེ་དུས་གཏན་དུ་སྒོ་འབྱེད་བྱེད་མི་སྲིད་པས་ཡིན་ཟེར།
ཧཱ་ཐིས་པུའུ་ཀྲ་ཏི་ཡིས་ད་རུང་བསྟན་དོན། དབྱི་ལིང་གིས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་བའི་ཐད་འབད་འབུངས་བྱེད་བཞིན་ཡོད་ཟེར། ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་རུ་ཡོད་པའི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མོལ་ཚན་ཆུང་གིས་དབྱི་ལིང་གི་བཀག་སྡོམ་མེད་པར་གཏོང་བར་དོ་སྣང་བྱེད་དགོས་ཟེར།
ཧཱ་ཐིས་པུའུ་ཀྲ་ཏི་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། སྐོར་ཐེངས་གསར་པའི་གྲོས་མོལ་ཁྲོད་དབྱི་ལིང་དང་ཨ་མེ་རི་ཁས་ཐད་ཀར་འབྲེལ་འདྲིས་བྱེད་པའི་ཐབས་ཀྱིས་གྲོས་མོལ་བྱེད་མི་སྲིད་ཟེར།