དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་ཝེ་ཡེ་ནཱའི་གྲོས་མོལ་ཕྱོགས་ཁག་སོ་སོས་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་བའི་གནད་དོན་ལ་ཐོག་མར་བསམ་བློ་གཏོང་བར་ཡིད་འཐད་བྱུང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 12-02


        ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་གཞོན་པ་དང་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་དབུ་བཞུགས་གྲོས་མོལ་འཐུས་མི་པཱ་ཀའེ་ལི་ཡིས་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན་བསྟན་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་གྱི་འབྲེལ་ཡོད་ཕྱོགས་ཀྱིས་ཚེས་ཉེར་དགུ་ཉིན་ཨོ་སི་ཁྲུ་རི་ཡཱའི་རྒྱལ་ས་ཝེ་ཡེ་ནཱ་ནས་གྲོས་མོལ་སླར་གསོ་བྱས་པའི་ཉིན་དང་པོར་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་བའི་གནད་དོན་དེ་གྲོས་མོལ་ནས་ཐོག་མར་བསམ་བློ་གཏོང་བའི་དོན་དུ་བྱེད་པར་ཡིད་འཐད་བྱུང་ཡོད་ཟེར། 
        པཱ་ཀའེ་ལི་ཡིས་སྐོར་ཐེངས་གསར་པའི་གྲོས་མོལ་གྱི་ཉིན་དང་པོའི་གནས་ཚུལ་མཚམས་སྦྱོར་བྱེད་སྐབས་བཤད་རྒྱུར། ཉིན་དང་པོའི་གྲོས་མོལ་ནི་འཛུགས་སྐྲུན་རང་བཞིན་དང་ཕན་འབྲས་ལྡན་པ་ཞིག་རེད། དབྱི་ལིང་གི་འདྲ་མཉམ་མིན་པ་དང་ཁྲིམས་འགལ་བཀག་སྡོམ་ཐག་གཅོད་བྱེད་པ་ནི་ངེས་པར་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་གྲོས་རིམ་གྱི་ཐོག་མའི་གནད་དོན་ཡིན་པ་དང་། དེ་ནི་ཉིན་དང་པོར་བྱུང་བའི་ཐུན་མོང་གི་ལྟ་ཚུལ་རེད། དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་བར་རྩེ་གཅིག་ཏུ་གཞོལ་བའི་དམིགས་བསལ་བྱ་བའི་ཚན་ཆུང་ཞིག་གིས་ཚེས་སུམ་ཅུའི་ཉིན་གྲོས་ཚོགས་སྤེལ་རྒྱུ་རེད་ཟེར། 
        པཱ་ཀའེ་ལི་ཡིས་ད་རུང་བསྟན་དོན། ལས་རིགས་གཅིག་པ་མང་བོས་དབྱི་ལིང་གི་ལྟ་ཚུལ་ལ་དགའ་བསུ་བྱེད་བཞིན་ཡོད། ཨ་མེ་རི་ཁས་ཡང་བསྐྱར་དབྱི་ལིང་ལ་བཀག་སྡོམ་བྱེད་ཐབས་ལག་བསྟར་མི་བྱེད་པར་ཁག་ཐེག་བྱེད་པ་དང་། ཨ་མེ་རི་ཁས་ཉིས་སྟོང་བཅོ་བརྒྱད་ལོར་ཐི་ལིང་ཕུའུ་ཡིས་སྲིད་འཛིན་པའི་སྐབས་དང་འདྲ་བར་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་འབུད་མི་སྲིད་པར་འགན་སྲུང་བྱེད་དགོས་ཟེར། 
        པཱ་ཀའེ་ལི་ཡིས་བཤད་རྒྱུར། ཡོ་རོབ་གླིང་གི་འཐུས་མིས་གཏམ་བཤད་སྤེལ་སྐབས། མིག་སྔའི་གནས་བབ་འདི་འདྲ་བྱུང་བའི་རྒྱུ་རྐྱེན་གཙོ་བོ་ནི་ཨ་མེ་རི་ཁ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་བུད་པས་ཡིན་པ་ཁས་ལེན་བྱས་པ་དང་། དེ་བས་ཨ་མེ་རི་ཁས་སྔོན་ལ་འགུལ་སྐྱོད་སྤེལ་ཏེ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་དེ་སླར་གསོ་བྱེད་དགོས་ཟེར། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1