འདི་ནི་མཐའ་བསྡུར་གྱི་འགོ་ཚུགས་ཞབས་བྲོ་འཁྲབ་བཞིན་པ།
ཟླ་11ཚེས་29ཉིན། ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་དང་། ནག་ཆུ་གྲོང་ཁྱེར་མི་སྤྱི་ཅུས་དང་། ནག་ཆུ་གྲོང་ཁྱེར་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་གསོ་སྦྱོང་རྟེན་གཞིས་གཉེར་རོགས། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་བོད་ལྗོངས་སྨྱན་སྦྱོར་ཚོགས་པས་གཉེར་འགན་འཁུར་བའི“ལས་གཏོད་ཀྱིས་འབྱུང་འགྱུར་གཏོད། ལང་ཚོ་ཡི་ཉམས་འགྱུར་ངོམ”བརྗོད་དོན་གཙོ་བོར་བྱས་པའི་ནག་ཆུ་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་འགྲན་བསྡུར་ཆེན་པོ་སྐབས་གསུམ་པ་བདེ་བླག་ངང་མཇུག་འགྲིལ་བ་རེད། མཐའ་བསྡུར་ལ་ཚུད་པའི་བདམས་ཐོན་པ་16གིས་མཐའ་བསྡུར་གྱི་གར་སྟེགས་སུ་ཉམས་འགྱུར་ལེགས་པར་སྟོན་པ་དང་རིགས་གཅིག་མཁས་ཅན་དང་དཔྱད་འདེམས་པ་9ཡིས་ཕྱོགས་བསྡུས་ཞིབ་དཔྱད་གཏན་འཁེལ་བྱས་པ་བརྒྱུད། མཐར་ད་རེས་ཀྱི་འགྲན་བསྡུར་ཆེན་པོའི་བྱ་དགའ་རིམ་པ་དང་པོ་དང་། གཉིས་པ། གསུམ་པ། དེ་བཞིན་ལྕག་སྐུལ་གྱི་བྱ་དགའ་བཅས་བདམས་ཐོན་བྱུང་བ་རེད།
ཟླ་11པའི་ཚེས་29ཉིན་གྱི་ཆུ་ཚོད་14ཙམ་ལ་དགའ་སྤྲོ་འཁོལ་བའི་འགོ་ཚུགས་གླུ་གར་གྱི་འཁྲབ་སྟོན་དང་བསྟུན་ནས་འགྲན་བསྡུར་ཆེན་པོའི་མཐའ་བསྡུར་དངོས་སུ་འགོ་ཚུགས་པ་རེད། ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་སྤྱི་གཞོན་པ་བསོད་ནམས་ཚེ་རིང་གིས་ཤིས་ཚིག་བསྒྲོན་ནས། ཐོག་མའི་འགྲན་བསྡུར་གྲུབ་འབྲས་ཐོབ་པའི་ངང་གཉེར་བ་དང་མཐའ་བསྡུར་ལ་བདེ་བླག་ངང་ཞུགས་ཐུབ་པའི་འགྲན་ཞུགས་བདམས་ཐོན་པར་བཀྲ་ཤིས་བདེ་ལེགས་ཞུས་པ་རེད།
བསོད་ནམས་ཚེ་རིང་གིས། ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྔར་བས་ལེགས་པ་དང་སྤུས་ཚད་དེ་བས་ལེགས་པའི་ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས། གསར་གཏོད་ལས་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཨང་དང་པོར་བརྩི་བ་དང་། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ཐག་གཅོད་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་ལ་མཐའ་འཁྱོངས་བརྩིས་ནས་གསར་གཏོད་ཤེས་ལྡན་པ་སྐྱེད་སྲིང་དང་། ལས་གཏོད་ལས་སྟེགས་གཏོད་པ། ཚན་རྩལ་གྲུབ་འབྲས་གཞན་སྒྱུར། གཟིགས་སྐྱོང་སྲིད་ཇུས་ཀྱི་རྒྱབ་སྐྱོར། སྲོལ་རྒྱུན་རིག་གནས་བསྐྱར་གཏོད་སོགས་ཀྱི་ཐད་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱི་གསར་གཏོད་ལས་གཏོད་ཀྱི་སྐྱེ་ཁམས་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ནས་ཕུལ་བྱུང་གི་ལས་གཏོད་ཤེས་ལྡན་པ་ཁག་གཅིག་ཐོན་ཏེ། ནག་ཆུའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བཤད་པ་རེད།
འགྲན་བསྡུར་བྱེད་རིང་། བདམས་ཐོན་པ་16གིས་འགྲན་བསྡུར་མ་བྱས་གོང་རྒྱན་རྒྱག་པའི་གོ་རིམ་ལྟར་གློག་ཀླད་ནས་རྣམ་གྲངས་རེ་རེ་བཞིན་བསྟན་ཅིང་། སྐར་མ་5ཡི་རྣམ་གྲངས་སྟོན་པ་དང་། སྐར་མ་5ཡི་དཔྱད་འདེམས་པ་དང་ཕན་ཚུན་རྩོད་ལན་འདེབས་པའི་ལྷུ་ཚིགས་ལ་བདམས་ཐོན་པས་ལྟད་མོ་ཆེ་བའི་ངོམ་སྟོན་བྱས་པར་གར་སྟེགས་གཤམ་གྱི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་ཡོད། ཆུ་ཚོད་4ལྷག་ཙམ་རིང་གི་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད་བདམས་ཐོན་པ་16གིས་སྤྲོ་སེམས་རབ་ཏུ་འཁོལ་བ་དང་བརྟན་ལ་ལྷིང་བའི་གར་སྟེགས་ཀྱི་ཉམས་འགྱུར་ལ་བརྟེན་ནས་རང་སོ་སོའི་རྣམ་གྲངས་ཀྱི་བཀྲག་མདངས་འཚེར་ས་ངོམས་པ་རེད།
ས་གནས་ས་ཐོག་གི་རིགས་གཅིག་མཁས་ཅན་དང་དཔྱད་འདེམས་པ་9ཡིས་རྣམ་གྲངས་ཀྱི་གནས་ཚུལ་མདོར་བསྡུས་དང་། ཚོང་ལས་ཀྱི་རྣམ་པ། སྤྱི་ཡོངས་ཀྱི་རྣམ་འགྱུར་སོགས་ལ་གཞིགས་ནས་ཕྱོགས་བསྡུས་དཔྱད་བསྡུར་བྱས་ཏེ་འགྲན་ཞུགས་བདམས་ཐོན་པ་རེ་རེ་བཞིན་ལ་སྐར་མ་བརྒྱབ་མཐར། སྐབས་འདིའི་འགྲན་བསྡུར་ཆེན་པོའི་བྱ་དགའ་རིམ་པ་དང་པོ་1དང་། གཉིས་པ་2 གསུམ་པ་3 དེ་བཞིན་ལྕག་སྐུལ་བྱ་དགའ་10བཅས་ཐོན་ཡོད། བོད་ལྗོངས་ར་ལོ་ཚན་རྩལ་ཚད་ཡོད་ཀུང་སིའི་བསོད་ནམས་རྒྱལ་གྱི་དབྱར་རྩྭ་དགུན་འབུ་སྐེམ་ཆས་དང་འཁྲུད་ཆས་ཀྱི་རྣམ་གྲངས་ལ་སྐབས་འདིའི་འགྲན་བསྡུར་ཆེན་པོའི་བྱ་དགའ་རིམ་པ་དང་པོ་ཐོབ་པ་དང་བྱ་དགའི་དངུལ་སྒོར་ཁྲི་10རག་ཡོད། ད་ཐེངས་ཀྱི་ལས་གཏོད་འགྲན་བསྡུར་ཆེན་པོ་དྲང་སྙོམས་དང་དྲང་གཞག་ཡོང་བའི་འགན་ལེན་བྱ་ཆེད། གཙོ་གཉེར་ཕྱོགས་ཀྱིས་ད་དུང་ནག་ཆུ་གྲོང་ཁྱེར་གཞུང་དཔང་ཁྲུའི་གཞུང་དཔང་བ་གདན་དྲངས་ནས་ད་ཐེངས་ཀྱི་འགྲན་བསྡུར་ཆེན་པོའི་བརྒྱུད་རིམ་ཧྲིལ་པོར་གཞུང་དཔང་དང་ལྟ་སྐུལ་བྱས་པ་རེད།
འགྲན་བསྡུར་ཆེན་པོའི་མཐའ་བསྡུར་འཁྲུག་ཆ་དོད་དུ་གཏོང་ཆེད་དང་ས་གནས་ས་ཐོག་གི་ལྟད་མོ་བ་ཞུགས་པའི་སྤྲོ་སེམས་ལ་སྐུལ་སློང་གང་ལེགས་བྱ་ཆེད། འགྲན་བསྡུར་ཆེན་པོ་སྤེལ་བའི་བརྒྱུད་རིམ་དུ་ད་དུང་ལས་ཞུགས་ལས་གཏོད་སྲིད་ཇུས་ཀྱི་བྱ་དགའ་ཡོད་པའི་ལན་འདེབས་ལྷུ་ཚིགས་ཆེད་མངགས་བཀོད་སྒྲིག་བྱས་པ་དང་། གཙོ་སྐྱོང་བའི་དྲི་བར་དམིགས་ཏེ་གར་སྟེགས་གཤམ་གྱི་ལྟད་མོ་བས་ཚ་ཚ་འུར་འུར་ངང་ལན་བརྒྱབ་པས་རྣམ་པ་འཁྲུག་ཆ་དོད་པོ་ཡོད། ལས་དོན་མི་སྣས་ད་དུང་བྱ་དགའ་ཡོད་པའི་ལན་འདེབས་ལྷུ་ཚིགས་ལ་ཧུར་ཐག་ཞུགས་ནས་ལན་ཡག་པོ་འདེབས་མཁན་གྱི་ལྟད་མོ་བར་ལག་རྟགས་ཆུང་གྲས་ཀྱང་སྤྲད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནི་ནག་ཆུ་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་འགྲན་བསྡུར་ཆེན་པོ་གཉེར་ཐེངས་གསུམ་པ་ཡིན་ཞིང་། ལོ་གསུམ་རིང་འགྲན་བསྡུར་ཆེན་པོར་རྣམ་གྲངས་སྤུས་དག་མང་པོ་ཞུགས་པའི་ཡིད་དབང་བཀུག་པ་དང་ས་གནས་དེ་གའི་ཕུལ་བྱུང་ལས་གཏོད་ཤེས་ལྡན་པ་འབོར་ཆེན་ཐོན་ནས། ནག་ཆུ་གྲོང་ཁྱེར་གྱི་གསར་གཏོད་ཀྱི་མི་མངོན་པའི་སྟོབས་ཤུགས་འཕེལ་བ་དང་། ལས་གཏོད་ཀྱི་ཐོན་ཁུངས་གཅིག་སྡུད། སྤུས་ཚད་ལེགས་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་འགྲན་བསྡུར་གལ་ཆེན་ཞིག་དང་སྐད་གྲགས་ཆོད་པའི་སྤུས་རྟགས་ཤིག་ཏུ་གྱུར་ཡོད།