རང་བྱུང་སྐྱེ་ཁམས་ལ་ལྟ་སྲུང་ལེགས་པོ་དང་། རང་བྱུང་ཐོན་ཁུངས་ལ་ལྟ་སྐྱོང་ལེགས་པོ། སྐྱེ་དངོས་སྣ་མང་རང་བཞིན་གྱི་བླང་བྱར་སྲུང་སྐྱོང་ལེགས་པོ་བྱེད་པ་བཅས་ཀྱི་ཆེད་དུ། མཚོ་སྔོན་ནི་རྒྱལ་ཁབ་སྤྱི་གླིང་གིས་གཙོ་གཞི་བྱེད་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་གྱིས་རྨང་གཞི་བྱེད་པ། རང་བྱུང་སྤྱི་གླིང་སོ་སོས་ཁ་གསབ་བྱེད་པའི་རང་བྱུང་སྲུང་སྐྱོབ་བྱེད་གནས་མ་ལག་འཛུགས་སྐྲུན་གྱི་ལམ་བུ་གསར་པར་སྤོས་ནས། རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་པ་བསྐྲུན།
བརླན་སའི་ཤེས་བྱ་ཁྱབ་གདལ་བཏང་ནས།རང་བྱུང་སྐྱེ་ཁམས་ལྟ་སྲུང་ལེགས་པོ་བྱས་པ།
རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཧོ་ནན་སོག་རིགས་རང་སྐྱོང་རྫོང་གསེར་ལུང་ཞང་སྒ་ཁིས་སྡེ་བའི་ས་ཐོག་ནས་བཞུར་བའི་ཀླུ་ཆུ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་ལག་ཆེན་པོ་གཉིས་པ་ཡིན་ཞིང་། རྨ་ཆུའི་ཆུ་མགོ་ཆེས་ཆེ་བའི་ཆུ་ལག་ཅིག་ཡིན་ལ། ཧོ་ནན་རྫོང་ཁོངས་ཀྱི་ཆབ་རོམ་མི་ཆགས་པའི་ཆུ་བོ་གཅིག་པུའང་ཡིན།
ཀླུ་ཆུ་ནི་ཧོ་ནན་རྫོང་ནས་ཕྱི་ལ་བཞུར་བ་དང་། ཀྱག་ཀྱོག་ངང་ཤར་དུ་བརྒྱུགས་ནས་ཀན་སུའུ་ཡི་མངའ་ཁོངས་སུ་སླེབས་ཤིང་། ཀླུ་ཆུ་དང་། བཱ་ཙེ་རྫོང་། ཅོ་ནེ། རྨིན་རྫོང་། ལིན་ཐའོ་བརྒྱུད་ཅིང་། ཡུང་ཅིང་རྫོང་ནས་རྨ་ཆུར་འདྲེས་ཏེ་སྔོ་རྒྱ་འགག་ཆུ་མཛོད་དུ་འདྲེས་ཡོད། ཀླུ་ཆུའི་སྟོད་རྒྱུད་སྲུང་སྐྱོབ་ལེགས་པོ་བྱེད་པར་དོན་སྙིང་གལ་ཆེན་ལྡན། ལྷག་པར་སྨད་རྒྱུད་དུ་ཡོད་པའི་ཀན་སུའུ་དབུས་རྒྱུད་ཀྱི་སྐམ་ཤས་ཆེ་བའི་ས་ཁུལ་ལ་མཚོན་ན་དོན་སྙིང་ཆེན་པོ་ལྡན།
ཀླུ་ཆུའི་སྐྱེ་ཁམས་གོ་གནས་ཀྱི་གལ་ཆེན་རང་བཞིན་གཞིར་བཟུང་ནས། 2013ལོར། ཀླུ་ཆུའི་མགོ་ཁུངས་ཀྱི་རྒྱལ་ཁབ་སྤྱི་གླིང་ཚོད་ལྟ་བྱེད་མགོ་ཚུགས་ཤིང་། བརླན་སའི་སྤྱི་གླིང་རང་སྟེང་གི་དགེ་མཚན་དང་ཁྱད་ཆོས་ལ་དམིགས་ཏེ། བརླན་ས་སྲུང་སྐྱོབ་དང་། བརླན་སའི་ཚན་རྩལ་ཁྱབ་སྤེལ་དྲིལ་སྒྲོག་སློབ་གསོ་སྤེལ་བ་དང་སྐྱེ་ལྡན་ཕྱུགས་ལས་བཅས་གཞི་གཅིག་ཏུ་གྱུར་བའི་བརླན་སའི་སྤྱི་གླིང་བསྐྲུན།
རྒྱལ་ཁབ་བརླན་སའི་སྤྱི་གླིང་གི་ཚོད་ལྟའི་གནས་བཙུགས་པ་དང་བསྟུན་ནས། སྒ་ཁིས་སྡེ་བའི་འབྲོག་པ་གདུགས་དཀར་སྐྱབས་ནི་སྐྱེ་ཁམས་བདག་སྐྱོང་པ་ཞིག་ཏུ་གྱུར་བས། ཀླུ་ཆུའི་མགོ་ཁུངས་ཀྱི་རང་བྱུང་སྐྱེ་ཁམས་ལྟ་སྲུང་ལེགས་པོ་བྱ་རྒྱུ་དེ་གདུགས་དཀར་སྐྱབས་ཀྱི་ལས་འགན་ཞིག་ཏུ་གྱུར།
2016ལོར། ཀླུ་ཆུའི་མགོ་ཁུངས་ཀྱི་རྒྱལ་ཁབ་བརླན་སའི་སྤྱི་གླིང་ཡོད་སའི་གསེར་ལུང་ཆ་ཚང་སློབ་ཆུང་གིས་བརླན་སའི་རང་བྱུང་སློབ་གྲྭ་བཙུགས་ནས། སྐྱེ་ཁམས་བདག་སྐྱོང་པ་དང་སློབ་གྲྭ་མཉམ་འབྲེལ་གྱིས་ལོ་ཆུང་གཞོན་ནུ་རྣམས་ལ་སྐྱེ་ཁམས་ལག་ལེན་སློབ་ཁྲིད་བྱས་ཏེ། སློབ་མ་རྣམས་ལ་མ་ལག་ཚང་བའི་སྒོ་ནས་རྒྱུན་མཐོང་གི་བརླན་སའི་སྲོག་ཆགས་དང་སྐྱེ་དངོས་ལ་ངོས་འཛིན་དང་། བརླན་སའི་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་ཆེན་རང་བཞིན་རྟོགས་སུ་བཅུག་སྟེ། ཆུང་དུས་ནས་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བསམ་བློའི་འདུ་ཤེས་ཆགས་སུ་བཅུག
ཧོ་ནན་རྫོང་གིས་མང་ཚོགས་སྔར་ལས་མང་པོ་ཞིག་ལ་ཁྲིད་སྟོན་བྱས་ཏེ་རང་བྱུང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་འདུ་ཤེས་འཛུགས་པའི་ཆེད། རྫོང་དངོས་མང་བཤམས་སྟོན་ཁང་གིས“མཚོ་སྔོན་ཀླུ་ཆུའི་མགོ་ཁུངས་རྒྱལ་ཁབ་བརླན་སའི་སྤྱི་གླིང་ཚན་རྩལ་ཁྱབ་སྤེལ་དྲིལ་སྒྲོག་སློབ་གསོ་འགྲེམས་སྟོན་ཁུལ”སྒྲིག་བཀོད་བྱས།
གཙང་གསུམ་མགོ་ཁུངས་བསྲུངས་ཏེ། རང་བྱུང་ཐོན་ཁུངས་ལ་ལྟ་སྐྱོང་གང་ལེགས་བྱས་པ།
ཡག་གི་སླང་ལེའི་རྨ་ཆུ་དང་བར་ཐག་སྤྱི་ལེ་གསུམ་ཡོད་པའི་གནས་དེ་ནི་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་རྨ་སྟོད་ཞང་དགུ་གཡང་སྡེ་བའི་འབྲོག་པ་ཆོས་སྒྲོན་གྱི་ཁྱིམ་ཡིན་ལ། ཁོ་ཚང་ལ་ཀུན་གྱིས“རྨ་ཆུའི་ཁྱིམ་ཚང་དང་པོ”དང“རྨ་ཆུའི་སོ་པ་དང་པོ”ཞེས་འབོད།
མི་རབས་ནས་མི་རབས་བར་གནས་འདིར་བསྡད་པའི་ཆོས་སྒྲོན་ཚང་ལ་མཚོན་ན། ཡག་གི་སླང་ལེའི་རྨ་ཆུ་ནི་མི་ཕྱུགས་གཉི་གའི་འཐུང་ཆུ་ཡིན་ལ། རྨ་ཆུའི་མགོ་ཁུངས་ཀྱི་རྩྭ་ཐང་གཤིན་པོ་ནོར་ལུག་གི་འཚོ་རྟེན་དུ་གྱུར།
ཆོས་སྒྲོན་ཚང་གི་སྒོ་རའི་དཀྱིལ་ནས་རྒྱང་ལ་བལྟས་ན། སྤྱི་ལེ་གསུམ་གྱི་མཚམས་སུ་ཡོད་པའི་ཡག་གི་སླང་ལེའི་རྨ་ཆུ་མཐོང་ཐུབ། སྤྱི་ལེ་གསུམ་གྱི་ནང་རོལ་དུ། སྙིགས་ཟོམ་བཅུ་ལྷག་བསྒྲིགས་ཡོད་ལ། སྙིགས་ཟོམ་དེ་དག་ནི་བེད་མེད་དུ་གྱུར་བའི་རླངས་སྣུམ་ཟོ་བས་བཟོས་པ་ཡིན་ཞིང་། ཡུལ་སྐོར་པའི་གད་སྙིགས་འཕེན་པར་སྟབས་བདེ་བསྐྲུན་ཆེད་རེད།
2017ལོར། དགེ་ཆོས་ཀྱིས་ཡག་གི་སླང་ལེའི་རྨ་ཆུའི་ཉེ་འདབས་ནས་གད་སྙིགས་འཐུ་སྐབས། རྒྱང་རིང་ནས་སྤྱང་ཚོགས་ཀྱིས་རྐྱང་མ་བུ་གཉིས་ལ་ཕར་རྒོལ་བྱེད་བཞིན་པ་མཐོང་། དགེ་ཆོས་གམ་དུ་སླེབས་དུས། རྐྱང་མ་དེ་སྤྱང་ཀིས་བསད་དེ། བཙས་ནས་ཟླ་ཕྱེད་ཙམ་མ་ལོངས་པའི་རྐྱང་ཕྲུག་གཅིག་པུ་ལུས་འདུག དགེ་ཆོས་ཀྱིས་རྐྱང་ཕྲུག་རང་ཁྱིམ་དུ་འཁྲིད་ནས་ཉིན་ལྟར་བདག་སྐྱོང་གང་ལེགས་བྱས་ཤིང་། ཕྱི་རུ་གད་སྙིགས་འཐུ་རུ་བསྐྱོད་དུས་ཀྱང་རྐྱང་ཕྲུག་ཁྲིད་ནས་སོང་།
ལོ་ཕྱེད་ཀྱི་རྗེས་སུ། དགེ་ཆོས་ཀྱིས་རྐྱང་ཕྲུག་ཕྱིར་རྩྭ་ཐང་དུ་བཏང་། དགེ་ཆོས་ཀྱིས་བློས་གཏོང་མི་བཟོད་པར་འདུག་མོད། འོན་ཀྱང་དགེ་ཆོས་ཀྱིས་གསལ་པོར་ཤེས་པ་ནི། རྩྭ་ཐང་ནི་ད་གཟོད་རྐྱང་གི་ཁྱིམ་ཡིན་ཏེ།“རྐྱང་ལ་རང་གི་ཁྱིམ་གཞིས་ཡོད་ལ། རང་གི་གྲོགས་པོ་ཡོད། ང་ཚོ་མཉམ་གནས་བྱས་པ་ཤིན་ཏུ་བཟང་ལ། ཐ་ན་དམིགས་བསལ་གྱི་བརྩེ་བ་ཞིག་ཀྱང་ཆགས་ཡོད་མོད། འོན་ཀྱང་ང་རང་གིས་ཤེས་པ་ནི། རྩྭ་ཐང་ལ་ཕྱིར་ལོག་པ་དང་། རིགས་ཁྱུའི་ནང་དུ་ལོག་ན། རྐྱང་གིས་ད་གཟོད་རང་ཉིད་ལ་དབང་བའི་ཁྱིམ་ཚང་རྙེད་ཐུབ”ཅེས་གསར་འགོད་པར་བཤད།
དོན་དངོས་སུ་བཤད་ན། ཆོས་སྒྲོན་ཚང་གཅིག་པུ་མིན་པར། གཙང་གསུམ་འབྱུང་ཡུལ་དུ། ཕུན་སུམ་ཚོགས་ཤིང་དོ་ཟླ་བྲལ་བའི་རང་བྱུང་ཐོན་ཁུངས་ཡོད་ལ། རང་བྱུང་ཐོན་ཁུངས་དེ་དག་རྒྱལ་ཁབ་སྤྱི་གླིང་དང་། རང་བྱུང་སྲུང་སྐྱོབ་ཁུལ། རང་བྱུང་ཤུལ་བཞག རང་བྱུང་སྤྱི་གླིང་སོགས་ས་ཁོངས་ཆེན་པོར་ཁྱབ་ཡོད་པས། རང་བྱུང་ཐོན་ཁུངས་འདི་དག་ནི་མཚོ་སྔོན་གྱི་རྔམས་འཐུག་པའི་མ་རྩ་ཡིན་པས། རང་བྱུང་ཐོན་ཁུངས་འདི་དག་ལ་ལྟ་སྲུང་ལེགས་པོ་བྱ་རྒྱུ་ནི། ཆོས་སྒྲོན་ཚང་དང་འདྲ་བར་མི་རེ་རེའི་འོས་འགན་ཡིན།
རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱས་ཏེ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་ལེགས་པོ་བྱས་པ།
2019ལོར་མཚོ་སྔོན་ལྷོ་ཕྱོགས་སུ་ཁངས་གནོད་བྱུང་སྐབས། རི་སྐྱེས་སྲོག་ཆགས་ཀྱིས་ཁ་ཟས་འཚོལ་དཀའ་བར་གྱུར་ནས། སྲོག་ཆགས་མང་པོ་ཤི། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་རྫ་སྟོད་རྫོང་རྫ་ཆེན་ཞང་སྡེ་ཆེན་སྡེ་བའི་སྐྱེ་ཁམས་བདག་སྐྱོང་པ་སྒང་པ་པད་མས་གངས་ནང་དུ་ལྷུང་བའི་རི་སྐྱེས་སྲོག་ཆགས་ཀྱི་བེམ་རོ་མཐོང་བ་ན་སེམས་ལ་ན་ཟུག་བཟོད་གླགས་མེད་པ་སྐྱེས། དེ་ནས་རང་ཚང་གི་སྒོ་ཕྱུགས་ཀྱི་གཟན་རྩྭ་གཟན་ཆས་རི་མགོར་ཁུར་སོང་སྟེ།རི་སྐྱེས་སྲོག་ཆགས་རྣམས་ལ་སྦྱིན།
ཉིན་ཞིག་གི་ཞོགས་པར། སྒང་པ་པད་མ་ཕ་བུ་གསུམ་གྱིས་ནམ་རྒྱུན་དང་འདྲ་བར། གཟན་རྩྭ་གཟན་ཆས་ཁུར་ནས། པུས་མོའི་མཚམས་བར་སླེབས་པའི་གངས་ལམ་བརྒྱུད་ནས་རི་ཁུག་ཏུ་སོང་ཞིང་རི་སྐྱེས་སྲོག་ཆགས་ལ་གཟན་རྩྭ་གཟན་ཆས་སྦྱིན། གཟན་རྩྭ་གཟན་ཆས་འཇོག་གནས་དེ་རུ། སྒང་པ་པད་མས་ལུས་པོ་ཉམ་ཆུང་བའི་གནའ་ཕྲུག་ཅིག་གངས་སྤུང་གི་འོག་ཏུ་མནན་ཡོད་པ་མཐོང་། མིག་ཟུང་ལས་མཆི་མ་བཞུར་བཞིན་པའི་གནའ་ཕྲུག་མཐོང་རྗེས། ཚང་མས་མཉམ་དུ་དེ་བསྐྱབས་པ་དང་། སྒང་པ་པད་མས་གནའ་ཕྲུག་རང་གི་རུམ་ལ་བཅུག་ནས་ཁྱིམ་དུ་ལོག
གནའ་ཕྲུག་བསྐྱབས་ནས་ཉིན་གསུམ་གྱི་རྗེས་སུ་རི་མགོར་སྐོར་སྲུང་དུ་སྐྱོད་སྐབས། སྒང་པ་པད་མས་ཡང་བསྐྱར་རྨས་ཕོག་པའི་རི་དྭགས་གནའ་ཞིག་བསྐྱབས་པ་དང་། རྗེས་ནས་ཡང་སྒང་པ་པད་མས་ཤྭ་བ་མཆུ་དཀར་ཞིག་གི་སྲོག་ཀྱང་བསྐྱབས།
སྒང་པ་པད་མ་ལ་མཚོན་ན། རི་སྐྱེས་སྲོག་ཆགས་སྐྱོབ་རྒྱུ་ནི་སྐྱེ་ཁམས་བདག་སྐྱོང་པ་ཞིག་གི་འགན་འཁྲི་ཡིན་ལ། དེ་བས་ཀྱང་རང་གི་བརྩེ་བ་བརྟན་སྲུང་བྱས་ཚུལ་ཞིག་ཀྱང་རེད།
དོན་དངོས་སུ། ཡངས་ཤིང་རྒྱ་ཆེ་བའི་གཙང་གསུམ་མགོ་ཁུངས་ལ་མཚོན་ན། རི་སྐྱེས་སྲོག་ཆགས་སྣ་ཚོགས་ནི་ས་གཞི་འདིའི་བདག་པོ་ངོ་མ་ཡིན་ལ། འབྲོག་པ་ཚོས་རི་སྐྱེས་སྲོག་ཆགས་ནི་རང་གི་གྲོགས་པོར་བརྩིས་ཏེ། རི་སྐྱེས་སྲོག་ཆགས་ཀྱི་རྒྱུད་སྤེལ་འཚོ་གནས་ལ་སྲུང་སྐྱོབ་བྱས་ནས། ས་གཞི་འདིའི་ཐོག་གི་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་བཞིན་ཡོད།
ཆུ་དམར་ལེབ་རྫོང་ཆུ་དམར་ཞང་མཚོ་ཁྲི་སྡེ་བའི་རྩྭ་སའི་ཐོག་འབྲོང་ཡོང་ནས་འབྲོག་པའི་སྒོ་ཕྱུགས་དང་རྩྭ་ས་འཕྲོག་རེས་བྱེད་ལ་སྒོ་ཕྱུགས“བཙན་ཁྲིད”ཀྱང་བྱས་མོད། འབྲོག་མི་ཚོས་དེ་སྣང་མེད་དུ་འཇོག་བཞིན་ཡོད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྨ་ཆུ་ཞང་གི་སྐྱེ་ཁམས་བདག་སྐྱོང་པ་ཚོས་རང་འགུལ་གྱིས་རྩ་འཛུགས་བྱས་ཏེ། ཁྲ་དང་གེ་སར་རྟ་རྫི་སོགས་འདབ་ཆགས་རྣམས་ལ་ཚང་བཟོ་བཞིན་ཡོད་པ་དང་། རྫ་སྟོད་རྫོང་རྣམ་སྲས་ཞང་གནས་མདོ་སྡེ་བའི་དབང་གྲགས་ཚང་གི་ནོར་བཅུ་ལྷག་གསའ་ཡིས་ཟོས་མོད། འོན་ཀྱང་ཁོ་རང་གསའ་རྨས་མ་དང་འཕྲད་དུས་རང་ཚང་གི་གྱོང་གུད་བརྗེད་དེ་སྔར་བཞིན་གསའ་ཡི་སྲོག་སྐྱོབ།“ངས་གསའ་ནི་རང་གི‘ཁྱིམ་མི’ལ་བརྩིས་ཡོད”ཅེས་གསར་འགོད་པར་བཤད།
དེང་སྐབས་གཙང་གསུམ་འབྱུང་ཡུལ་དུ། རི་སྐྱེས་སྲོག་ཆགས་བསྐྱབས་པའི་གཏམ་རྒྱུད་ནི་རྒྱུན་ལྡན་ཞིག་ཏུ་གྱུར་ཡོད། །