སྤྱི་ཟླ12ཚེས4ཉིན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བརྒྱད་པ་དང“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”བཞི་པ་སླེབས་ཉེར་ཡོད་པའི་སྐབས་སུ་དཀར་མཛེས་ཁུལ་ཁྲིམས་འཛིན་ཅུས་དང་ཁྲེང་ཏུའུ་ཀའོ་ལི་གཞུང་དཔང་ཁང་གིས་མཉམ་དུ་བཏོད་པའི་དཀར་མཛེས་ཁུལ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་ཀྱི་སྒོ་བྱང་དངོས་སུ་བཀལ་བ་རེད།
བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་འདི་ལ་རྒྱ་ཁྱོན་སྨི་གྲུ་བཞི་མ221ཟིན་ལ། གཞུང་ལས་ཁུལ་དང་། ཞབས་ཞུའི་ཁུལ། སྒུག་ཁུལ་བཅས་ནུས་པ་ལྡན་པའི་ས་ཁོངས་གསུམ་ལ་དབྱེ་ནས་བཅའ་ཁྲིམས་རོགས་སྐྱོར་དང་། བཅའ་ཁྲིམས་བློ་འདྲི། གཞུང་དཔང་། ཁྲིམས་འཛིན་གསལ་འབྱེད། མི་དམངས་འདུམ་འགྲིག་སོགས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་བྱ་བ་བདག་སྤྲོད་དང་ཁྲིད་སྟོན་བྱ་རྒྱུའི་འགན་འཁུར་གྱི་ཡོད་པ་རེད།“མདུན་སྟེགས་སུ་གཅིག་གྱུར་བདག་སྤྲོད་དང་། རྒྱབ་སྟེགས་སུ་སོ་སོར་སྒྲུབ་པ། མཐར་དུས་ཐོག་ཏུ་ཕྱིར་སློག་བཅས་བྱེད་པའི”ལས་ཀའི་རྣམ་པ་སྤྱད་ཅིང་། མང་ཚོགས་ཚོམས་ཆེན་དུ་བསྐྱོད་ན“གཅིག་འཐུས་རྣམ་པའི”བཅའ་ཁྲིམས་ཞབས་ཞུ་ཐོབ་ཐུབ་པ་དང་བཅའ་ཁྲིམས་ཀྱིས་གནད་དོན་ཐག་གཅོད་ཐུབ་ཀྱི་ཡོད་པ་རེད། ཞབས་ཞུའི་སྐར་ཁུང་དུ་དུས་མཚུངས་སུ་ལྗང་མདོག་བགྲོད་ལམ་བཀོད་སྒྲིག་བྱས་ནས་ཞིང་པ་ལས་མིར་གླ་ཕོགས་སློང་བ་དང་ལས་རྨས་སོགས་ཀྱི་གྱོད་གཞི་སྔོན་ཐོབ་བདག་སྤྲོད་དང་སྔོན་ཐོབ་མངགས་གཏོང་བྱེད་བཞིན་ཡོད་པ་རེད།
ད་ལོ་ནས་བཟུང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གཏིང་ཟབ་གཏོང་བ་དང་། དཀར་མཛེས་ཁུལ་ཁྲིམས་འཛིན་ཅུས་ཀྱིས་སི་ཁྲོན་བོད་འབྲེལ་ས་ཁུལ་གྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཤིང་། ཁྲེང་ཏུའུ་གྲོང་ཁྱེར་ཀའོ་ལི་གཞུང་དཔང་ཁང་དང་ཡུན་རིང་མཉམ་སྐྲུན་དང་ཁ་གཏད་རོགས་སྐྱོར་གྱི་གྲོས་མཐུན་བཞག་ནས(རྫོང)གྲོང་ཁྱེར8ཀྱི་གཞུང་དཔང་ཁང་གི་ཚབ་གཉེར་ལས་དོན་ལེགས་སྒྲུབ་བྱས་ཏེ་ཁུལ་ཡོངས་ཀྱི་གཞུང་དཔང་ལས་སྒོ་གཉེར་ཁོངས་ཡོངས་སུ་ཁྱབ་པར་བྱས་ཡོད། ཁུལ་རིམ་པའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་བསྐྱར་སྐྲུན་གྱི་ལས་དོན་གྲ་སྒྲིག་ཧུར་ཐག་བྱས་ཡོད་ལ། ལྟེ་གནས་བསྐྱར་སྐྲུན་བྱ་རྒྱུ་དེ་ནི་ཁྲིམས་འཛིན་སྲིད་འཛིན་གྱི“ངས་མང་ཚོགས་ཆེད་དུ་ལས་ཀ་དངོས་སུ་སྒྲུབ”པའི་གཙོ་གནད་རྣམ་གྲངས་གྲས་ཤིག་ཡིན་པ་རེད།