འཛམ་ཐང་རྫོང་འཛམ་ཐང་སྟོད་མ་ཡུལ་ཚོས་འབྲོག་ལས་ལ་བརྟེན་ནས་ཕྱུག་པོར་འགྱུར་ཚུལ་བཀོད་པ།

གསང་བདག་སྒྲོལ་མ། རྩོམ་སྒྲིག་པ།ཡོང་ཁུངས།རྔ་བའི་བོད་ཡིག་གསར་འགྱུར། སྤེལ་དུས། 12-10




      ལོ་རེའི་ཟླ་9ནས་ཟླ་12བར་ནི་འཛམ་ཐང་རྫོང་གི་ནོར་གནག་འཚོང་དུས་ཡིན་ཞིང་། རྩྭ་ཆུ་གཉིས་འཛོམས་ཀྱི་ཟླ་བ་བཞིའི་རིང་ལ་འཚོ་སྐྱོང་བྱས་པའི་ནོར་གྱི་ཤ་ཤེད་རབ་ཏུ་རྒྱས་འདུག
      འཛམ་ཐང་རྫོང་འཛམ་ཐང་སྟོད་མ་ཡུལ་ཚོ་ཚྭ་ཁ་གྲོང་སྡེའི་སྡེ་མི་ཐུའོ་མོ་ཡིས། ད་ལོར། ངེད་ཚང་གིས་ནོར་གནག་10བཙོངས་ནས་ཡོང་འབབ་སྒོར་ཁྲི་5ལྷག་རེག་པ་དང་། ད་ལྟ་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་དུ་ནོར་གནག་བཙོངས་རྗེས་ཀྱི་ཐོ་འགོད་བྱེད་བཞིན་ཡོད་ཅེས་བཤད།
      འཛམ་ཐང་སྟོད་མ་ཡུལ་ཚོའི་རྩྭ་སའི་རྒྱ་ཁྱོན་མུའུ་ཁྲི་47.92ཟིན་ཞིང་། ནོར་གནག་ཁྲི་5ལྷག་འཚོ་སྐྱོང་བྱས་ཡོད། ལོ་བདུན་གྱི་ཡར་སྔོན་དུ་འཛམ་ཐང་སྟོད་མ་ཡུལ་ཚོའི་འབྲོག་པ་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཧ་ཅང་ཞེན། སྡེ་མི་ཚེ་བརྟན་གྱིས་བཤད་རྒྱུར། སྔོན་ཆད་ང་ཚོའི་འཚོ་བའི་ཆ་རྐྱེན་ཞན་པས་དཀྲུགས་ཇ་དང་རྩམ་པ་མ་གཏོགས་སྔོ་ཚལ་གཅིག་ཀྱང་ཟ་མི་ཐུབ།
      འཕེལ་རྒྱས་སུ་གཏོང་དགོས་ན་ངེས་པར་དུ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་དགོས་ཞེས་པ་ལྟར། 2012ལོ་ནས་བཟུང་། འཛམ་ཐང་སྟོད་མ་ཡུལ་ཚོས་སྔ་རྗེས་སུ་མ་དངུལ་སྒོར་ཁྲི་2000བཏང་ནས་སྤྱི་ལེ་500ལྷག་གི་ཕྱུགས་ལམ་བསྐྲུན་པ་དང་། ལྷས་ར་700ལྷག་བསྐྲུན་ནས་ཕྱུགས་ལམ་དེ་རྩྭ་ས་དང་ལྷས་ར། འབྲོག་ཁྱིམ་བཅས་ལ་ཁྱབ་པས་འབྲོག་པ་མང་ཚོགས་ཀྱི་ཕྱུགས་སྐྱོང་ལས་རིགས་འཕེལ་རྒྱས་སུ་གཏོང་བར་རྨང་གཞི་བཏིང་ཡོད།
      2014ལོར། འཛམ་ཐང་རྫོང་གིས་འཛམ་ཐང་སྟོད་མ་ཡུལ་ཚོ་ཁང་ལུང་གྲོང་སྡེ་རུ་མཉམ་ལས་ཁང་བཙུགས་ཕྱིར་འཚོང་བྱས་ནོར་གནག་འཚོ་སྐྱོང་དང་བྲིན་ཚོང་བར་ལ་ཐོན་ལས་ཀྱི་འབྲེལ་ཐག་ཅིག་ཆགས་ཡོད། ཁང་ལུང་གྲོང་སྡེའི་འོ་མ་རྫོང་མཁར་དང་ཏུའུ་ཅང་ཡན་གྲོང་ཁྱེར་སོགས་སུ་ཕྱིར་འཚོང་བྱས་ནས་འབྲོག་པ་མང་ཚོགས་ཀྱི་འབྲོག་ལས་ཐོན་རྫས་ཀྱི་ཡོང་འབབ་ལྡབ་གཉིས་སུ་འཕར་ཡོད། དེ་དང་ཆབས་ཅིག་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་འཐུས་ཚང་དུ་སོང་བ་དང་བསྟུན། ཚོང་བ་མི་ཉུང་བ་ཞིག་ཁང་ལུང་གྲོང་སྡེར་ཡོང་ནས་ཚོང་ལས་གཉེར། དེས་མང་ཚོགས་ཀྱིས་ལ་དང་ལུང་བ་བརྒལ་ནས་ནོར་གནག་བཙོངས་དགོས་པའི་དཀའ་ངལ་བསལ། 2018ལོར། ཁང་ལུང་གྲོང་སྡེས་ཕྱུགས་འཚོས་པས་ཁྱིམ་ཚང་རེར་ཡོང་འབབ་སྒོར་ཁྲི་10ལྷག་མང་དུ་བཏང་། ཁང་ལུང་གྲོང་སྡེའི་སྡེ་མི་ཁང་ཐར་གྱིས། ངེད་ཚང་ལ་ནོར་གནག་180ཡོད། ན་ནིང་ནོར་གནག་28བཙོངས་པར་ཡོང་འབབ་སྒོར་ཁྲི་30ལྷག་ཡོད་པ་དང་། འབྲོག་ལས་ཀྱི་ཐོན་རྫས་བཙོངས་པར་ཡོང་འབབ་སྒོར་ཁྲི་2ལྷག་ཡོད་ཅེས་བཤད།

      ཁང་ལུང་གྲོང་སྡེའི་འཚོ་བ་ཇེ་བཟང་དུ་སོང་བས། མཐའ་འཁོར་གྱི་ཁྲང་ཧུའོ་གྲོང་སྡེ་དང་ཚྭ་ཁ་གྲོང་སྡེའི་འབྲོག་པ་མང་ཚོགས་ཀྱང་ལས་སུ་ཞུགས་ལ། གཞན་ཡུལ་ནས་ཞོར་ལས་གཉེར་མཁན་ཚོ་ཕྱིར་ཕ་ཡུལ་དུ་ལོག་ནས་ཕྱུགས་འཚོས། འཛམ་ཐང་སྟོད་མ་ཡུལ་ཚོས་མང་ཚོགས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་དམ་པོར་བཟུང་ནས། ཡུལ་ཚོ་ཡོངས་འཕེལ་རྒྱས་སུ་འགྲོ་རྒྱུར་དམིགས་ཏེ་ཁང་ལུང་གྲོང་སྡེའི་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་མཉམ་ལས་ཁང་གིས་སྣེ་ཁྲིད། ཕྱུག་འགྱུར་གྱིས་སྣེ་ཁྲིད་པས་སྒྲུབ་འགན་ཁུར་བའི་བྱེད་སྟངས་ཡུལ་ཚོ་ཡོངས་སུ་ཁྱབ་གདལ་བཏང་། ཡང་དབུལ་སྐྱོར་གནད་འཁེལ་གྱི་ཁྱིམ་ཚང་དབུལ་བོར་དམིགས་ནས་གྲོང་སྡེའི་ཨུ་ལྷན་གཉིས་ཀྱིས་སྣེ་ཁྲིད་པ་དང་ཁྱིམ་ཚང་དབུལ་བོས་མ་རྐང་ནང་ཞུགས་པའི་ཁྱིམ་སྦྲེལ་འབྲོག་ར་བཏོད་དེ་མང་ཚོགས་ཀྱི་འཚོ་བ་འབྱོར་ཕྱུག་དང་ཐོན་ལས་དར་བའི་རེ་བའི་འོད་སྣང་བསྩལ།
      2020ལོར། འཛམ་ཐང་སྟོད་མ་ཡུལ་ཚོའི་མི་རེར་ཡོང་འབབ་སྒོར་17000ཡོད་པ་དེ་2016ལོའི་ཡོང་འབབ་ལས་ལྡབ་གཉིས་སུ་འཕར། འཛམ་ཐང་སྟོད་མ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་འཇམ་དབྱངས་རྡོ་རྗེས། ད་ལོར། ང་ཚོས་མ་དངུལ་སྒོར་ཁྲི་80བཏང་ནས་སྨི་གྲུ་བཞི་མ་100ལྷག་ཟིན་པའི་གྲང་འགོག་ཁང་ཞིག་བསྐྲུན། འཛམ་ཐང་སྟོད་མ་ཡུལ་ཚོ་ནི་རྫོང་ཡོངས་ཀྱི་འབྲོག་ལས་ཐོན་རྫས་མཁོ་འདོན་བྱ་ཡུལ་དུ་བསྐྲུན་རྒྱུ་ཡིན་ཞེས་བཤད།
      འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་བ་དང་བསྟུན། འཛམ་ཐང་སྟོད་མ་ཡུལ་ཚོས་གྲོང་གསེབ་དར་རྒྱས་གཏོང་བའི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་གྱིས་སྐྱེ་ཁམས་ལ་བརྟེན་ནས་ཡུལ་ཚོ་འཛུགསསྐྲུན་དང་། འབྲོག་ལས་ལ་བརྟེན་ནས་ཡུལ་ཚོ་སྟོབས་ཆེར་གཏོང་བ། རིག་གནས་ལ་བརྟེན་ནས་ཡུལ་ཚོ་འབྱོར་ཕྱུག་ཏུ་གཏོང་བ། ཞི་མཐུན་ལ་བརྟེན་ནས་ཡུལ་ཚོ་དར་རྒྱས་སུ་གཏོང་བ་བཅས་ཀྱི་དམིགས་ཚད་བཏོན་ནས་མཛེས་ལྡན་བདེ་སྐྱིད་ཀྱི་ཛམ་བྷ་ལའི་ཁྱིམ་གཞིས་བསྐྲུན་པའི་ཕྱོགས་སུ་བསྐྱོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1