༄༅།། མཆོད་རྟེན་དཀར་པོའི་དགོན་པ།
རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-14
རྣམ་དཀར་ལྷ་མོ།
1260ལོར། ཨ་ཉི་ཀོ(阿尼哥)ཞེས་པར་གྲགས་པའི་བལ་ཡུལ་པ་ཞིག་གཙང་གི་ས་སྐྱ་དགོན་པར་འབྱོར་ཏེ། གསེར་གྱི་མཆོད་རྟེན་བཞེངས་བསྐྲུན་མཛད་ཚར་རྗེས། ཡོན་རྒྱལ་རབས་ཀྱི་དབུ་བླ་འགྲོ་མགོན་འཕགས་པས་ཡོན་གྱི་རྒྱལ་སར་གདན་དྲངས་ཤིང་། སེ་ཆེན་རྒྱལ་པོར་མཚམས་སྦྱོར་བྱས་པ་དང་། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་སྡེ་ཆེ་གྲས་མཆོད་རྟེན་དཀར་པོའི་དགོན་པ་སོགས་ཚབ་མཛད་པའི་དགོན་པ་དུ་མ་བཞེངས་བསྐྲུན་གྱི་འགན་ཁུར།
ད་ལྟ། འདུ་འཛི་རྒོད་པའི་པེ་ཅིང་གྲོང་ཁྱེར་ན། ལོ་རྒྱུས་རྒྱུན་རིང་ཞིང་རིག་གནས་ཀྱི་གཏིང་ཟབ་པའི་དགོན་པ་བགྲང་ལས་འདས་པ་ཡོད་ལ། ལྷག་པར་དུ་པེ་ཧའེ་སྤྱི་གླིང་གི་མཆོད་རྟེན་དཀར་པོའི་དགོན་པ་ལ་དེ་བས་རྔམ་བརྗིད་ལྡན། ལྷིང་འཇགས་ཀྱི་སྲང་ལམ། བརྗིད་ཉམས་ལྡན་པའི་མཆོད་རྟེན་དཀར་པོ་དང་དེང་རབས་ཀྱི་ཐོག་ཁང་ཆེན་མོ་ཕན་ཚུན་གཅིག་ལ་གཅིག་འདྲེས་ནས་པེ་ཅིང་གི་གནའ་དེང་སྦྲེལ་མཐུད་ཀྱི་ཐུན་མིན་མཛེས་ལྗོངས་ཤིག་ཏུ་ཆགས་འདུག །
དེ་ཡང་མཆོད་རྟེན་དཀར་པོའི་དགོན་པའི་ལོ་རྒྱུས་རྗེས་འདེད་ཅིག་བྱས་ན། ལིའོ་རྒྱལ་རབས་ཀྱི་དུས་སུ་ཐོག་མར་གནས་འདིར་མཆོད་རྟེན་བཞེངས་མྱོང་ཡོད་ཅིང་། དམག་འཁྲུག་གི་འབྱུང་རྐྱེན་ཁྲོད་མེར་བསྲེག་ཤོར། 1279ལོར། ཡོན་རྒྱལ་རབས་ཀྱི་སེ་ཆེན་རྒྱལ་པོས་བཀའ་ཕབ་མཛད་དེ་མཆོད་རྟེན་ལྟེ་བ་བྱས་པའི་འཕགས་མཆོག་སྟོང་ཤགས་བདེ་སྨོན་གླིང་བཞེངས་པ་རེད། ལོ་རྒྱུས་དེབ་ཐེར་ལྟར་ན། དགོན་པ་འདིའི་གཞི་རྒྱ་ནི་མཆོད་རྟེན་རྩེ་མོ་ནས་མདའ་འཕངས་བའི་བར་ཐག་ལྟར་གཏན་འཁེལ་བྱས་པ་ན། སྤྱི་ལེ་གྲུ་བཞི་མ་ཁྲི་16ཟིན་ཡོད། ཡིན་ཡང་སྐབས་དེའི་སྲང་ལམ་དང་མཐའ་འཁོར་གྱི་འཛུགས་སྐྲུན་གྱི་གནས་ཚད་ལས་ཚོད་དཔག་བྱས་ན། སྐབས་དེ་དུས་ཀྱི་མཆོད་རྟེན་དཀར་པོའི་དགོན་པ་དང་དེང་གི་མཆོད་རྟེན་དཀར་པོའི་དགོན་པའི་ལྷོ་བྱང་ཕྱོགས་ཀྱི་གཞི་རྒྱ་ཕལ་ཆེར་གཅིག་པ་ཆགས་འདུག །དེ་བཞིན་སྐབས་དེའི་ཡོན་རྒྱལ་ས་ཆེན་མོའི་ལས་གཞི་གལ་ཆེན་ཞིག་གི་ཆ་ནས་དགོན་པ་དེ་ཀྲི་ཡོན་ཁྲི་ལོ་ཉེར་ལྔ་པ་སྟེ་སྤྱི་ལོ་1288ལོར་ལེགས་གྲུབ་བྱུང་བ་དང་། ཡོན་རྒྱལ་རབས་ཀྱི་གོང་མ་ཚང་གི་དགོན་པ་གལ་ཆེན་དང་། ལྷག་པར་དུ་དཔོན་པོའི་གུས་ལུགས་སྦྱོང་ས་དང་སོག་ཡིག་དང་ཡུ་གུར་གྱི་ཡི་གེའི་ཆོས་དཔེ་བསྒྱུར་གནས་སུ་གྱུར།
སེ་ཆེན་རྒྱལ་པོ་སྐུ་ཚེ་རྫོགས་རྗེས། མཆོད་རྟེན་སྣེ་གཉིས་སུ་ལྷ་ཁང་བཞེངས་ཏེ་མཆོད་པ་ཕུལ། ཡོན་ཁྲེང་ཙུང་གི་སྐབས་སུ། དགོན་པའི་མཆོད་འབུལ་བ་ཆེས་མང་བ་དང་། ཡོན་ཀྲེན་ཁྲི་ལོ་དང་པོ་སྟེ་སྤྱི་ལོ་1295ལོར་གོང་མས་སྐུ་དངོས་སུ་གཙོ་སྐྱོང་གནང་བའི་རྒྱལ་མཆོད་དུས་ཆེན་ཞེས་པའི་ཆོས་དོན་བྱེད་སྒོ་སྤེལ་བ་དང་། འབངས་མི་ཁྲི་བདུན་ལྷག་ཞུགས་ཡོད་པར་མཆོད་རྟེན་དཀར་པོའི་དགོན་པ་ཕྱག་བཏབ་ཚུན་གྱི་ཆེས་དར་རྒྱས་ཆེ་བའི་དུས་སྐབས་སུ་གྱུར། ཡིན་ཏེ། ཀྲི་ཀྲེན་ཁྲི་ལོ་ཉེར་བརྒྱད་པ་སྟེ་སྤྱི་ལོ་1368ལོའི་སྐབས་སུ་དྲག་ཆར་ཆེན་པོ་ཞིག་གི་གློག་ཞགས་འོག །དགོན་པའི་ལྷ་ཁང་ཡོད་ཚད་མེར་ཤོར་བ་དང་། མཆོད་རྟེན་དཀར་པོ་ཁོ་ན་ཤུལ་དུ་ལུས།
དེ་ཡང་མིང་རྒྱལ་རབས་ཀྱི་ཤོན་ཏེ་ཁྲི་ལོ་བརྒྱད་པ་སྟེ་སྤྱི་ལོ་1433ལོར། མིང་ཤོན་ཙུང་གིས་བཀའ་ཕབ་སྟེ་མཆོད་རྟེན་ཞིག་གསོ་བྱས། ཡང་ཐེན་ཧྲིན་ཁྲི་ལོ་དང་པོ་སྟེ་སྤྱི་ལོ་1457ལོར། དགོན་པ་ཡང་སླར་གསོ་བྱས། འོན་ཏེ་རྒྱ་ཁྱོན་ལ་སྤྱི་ལེ་ཁྲི་1.3མ་གཏོགས་མེད་པར་མ་ཟད། དགོན་པའི་ཁྱབ་ཁོངས་ཀྱང་ཡོན་རྒྱལ་རབས་སྐབས་ཀྱི་དཀྱིལ་དབུས་ཀྱི་ཆ་ཤས་ལས་མི་འདུག །མིང་ཆིང་རྒྱལ་རབས་དང་མིན་གོའི་དུས་སྐབས་སུ། དགོན་པར་སླར་ཡང་ཐེངས་མང་སླར་གསོ་བྱས་ཏེ། གོང་མ་ཁང་ཞི་དང་གོང་མ་ཆཱན་ལུང་གིས་ཀྱང་སྐུ་དངོས་སུ་རྡོ་རིང་བྲིས་མཛད་གནང་། 1900ལོར། རྒྱལ་ཁབ་བརྒྱད་ཀྱི་མཉམ་འབྲེལ་དམག་གིས་པེ་ཅིང་བཙན་བཟུང་བྱེད་སྐབས། དགོན་པའི་མཆོད་བྱད་ཡོད་དོ་ཅོག་གཙང་ཕྱག་བྱས། ཆིང་རྒྱལ་རབས་ཀྱི་དུས་དཀྱིལ་ནས་དུས་མཇུག །གྲྭ་པ་རྣམས་ཀྱིས་འདུ་ཁང་ཟུར་བ་དང་ས་སྟོང་བོགས་མར་བཏང་བ་དང་། རིམ་བཞིན་པེ་ཅིང་གྲོང་ཁྱེར་གྱི་ཚོགས་མཆོད་གྲགས་ཅན་གྱི་ཡ་གྱལ་དུ་གྱུར་ཏེ། དུས་ཆེན་དང་ལོ་སར་གྱི་སྐབས་སུ་འདུ་འཛི་ལྡན་ཞིང་། པེ་ཅིང་དམངས་ཁྲོད་དུ་བརྒྱད་པའི་ཚེས་བརྒྱད་ལ་མཆོད་རྟེན་དཀར་པོ་བསྐོར་བའི་གོམས་སྲོལ་ཆགས་འདུག །
2019ལོའི་ཟླ་6པར། དགོན་པའི་རིག་དངོས་འཛུགས་སྐྲུན་ཉམས་གསོ་དང་ཚོན་བྲིས་སྲུང་སྐྱོབ་ལས་གཞིའི་དབང་གིས་ལོ་གཉིས་རིང་སྒོ་བརྒྱབ་པ་དང་། དེ་སྔོན་སྤྱི་ལོ་1978ལོ་ནས་1979ལོའི་བར་ཉམས་གསོ་ཐེངས་གཅིག་བྱས་ཤིང་། ད་ལྟའི་བར་ལོ་ངོ་40ལྷག་འདས་ཟིན། ཉམས་གསོའི་བརྒྱུད་རིམ་ཁྲོད། ཆིང་རྒྱལ་རབས་ཀྱི་ཆེན་ལུང་ཁྲི་ལོ་བཅོ་བརྒྱད་པ་སྟེ་སྤྱི་ལོ་1753ལོར་གསོག་ཉར་བྱས་པའི་བཀའ་བསྟན་འགྱུར་དང་། ཤིང་བརྐོས་ཀྱི་སྤྱན་རས་གཟིགས་ཀྱི་སྐུ། ཆཱན་ལུང་གིས་ཕྱག་བྲིས་མཛད་པའི
《 ཕར་ཕྱིན་གྱི་མདོ》 དེ་མིན་བོད་ཡིག་གི《 རྣམ་རྒྱལ་གྱི་སྔགས》སོགས་གསར་རྙེད་བྱུང་། ཐེངས་འདིའི་ཉམས་གསོ་བྱས་སྔོན་གྱི་རྩད་ཞིབ་བརྒྱུད་རིམ་ཁྲོད། ཇུས་འགོད་ཚོགས་པས་སྔར་མེད་ཀྱི་གསར་རྙེད་མང་པོ་བྱུང་སྟེ། མཆོད་རྟེན་གྱི་ནང་རོལ་ན་ནང་སྙིང་ཞིག་ཀྱང་ཡོད་པ་མཐོང་། དེ་ཡང་ཉམས་གསོའི་བརྒྱུད་རིམ་ཁྲོད་རིག་དངོས་ཀྱི་རང་རྣམ་མི་འགྱུར་བ་དང་སྲུང་སྐྱོབ་ཀྱི་རྩ་དོན་གཞིར་བཟུང་ནས། རིག་དངོས་འཛུགས་སྐྲུན་གྱི་ལོ་རྒྱུས་ཆ་འཕྲིན་སོར་འཇོག་བྱས་པར་མ་ཟད། ལོ་རྒྱུས་རྒྱུ་ཆར་གཞིགས་ནས་སྔར་ཡོད་ཀྱི་འཛུགས་སྐྲུན་རྣམ་པ་སླར་གསོ་བྱས་ཡོད། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1