མིག་རྒྱང་བསྐྱེད་ནས་ཐང་གའི་སྒྱུ་རྩལ་རྒྱུད་འཛིན་བྱེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 12-16


      “རེབ་གོང་ཐང་གར་རི་མོའི་ངོས་སུ་མཐོང་རྒྱུ་མང་པ་དང་། མཐོང་བ་ཆ་ཚང་བ། མཐོང་རྒྱང་རིང་པ། བལྟས་ན་ཞིབ་ཚགས་པ། རི་མོ་དཔེ་གསར་ཡིན་པ། དུས་ཚོད་དང་ཡུལ་ཁོངས་ཀྱི་ཚོད་འཛིན་མི་ཕོག་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་སྟེ། རི་མོ་ཆུང་ཆུང་ཁྲོད་གོང་དུ་ལྷ་ཡུལ་དང་། བར་དུ་མི་ཡུལ་ཡོད་པ། འོག་ལ་ས་གཞི་ཆེན་པོ་ཡོད།”འདི་ནི་རེབ་གོང་ཐང་གའི་རི་མོའི་སྒྱུ་རྩལ་ལ་ཆེས་གསོན་ཉམས་དོད་པའི་ཞིབ་བརྗོད་ཅིག་རེད། 


     མཚོ་སྔོན་ཞིང་ཆེན་རེབ་གོང་གྲོང་ཁྱེར་སྒོ་དམར་གྲོང་ཚོར་སླེབས་སྐབས། རེབ་གོང་སྒྱུ་རྩལ(ཐང་ག)རྨ་ལྷོ་ཁུལ་རིམ་པའི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་སྐལ་བཟང་རྒྱ་མཚོ་ཚང་གི་ཁྱིམ་དུ་ཚོན་མདངས་རྣམ་པར་བཀྲ་བའི་ཐང་ག་སྣ་ཚོགས་བཤམས་ཡོད། རེབ་གོང་ཐང་ག་ནི་རེབ་གོང་སྒྱུ་རྩལ་གྱི་གྲུབ་ཆ་གལ་ཆེ་ཤོས་ཤིག་ཡིན་པ་དང་། དེའི་ནང་བེད་སྤྱོད་པའི་ཚོན་རྫས་ནི་སྲོལ་རྒྱུན་དུ་གསེར་དང་། དངུལ། མུ་ཏིག མ་ན་ཧོ། བྱུ་རུ། གཡུ་སོགས་རིན་པོ་ཆེ་སྣ་ཚོགས་དང་། ཁ་ཆེ་ཀུར་ཀུམ་དང་། སེར་ཆེན། མཐིང་སྔོན་སོགས་ཀྱི་རྩི་ཤིང་སྣ་ཚོགས་ལས་གྲུབ་པ་རེད། རང་བྱུང་རྒྱུ་ཆ་འདི་དག་གིས་བྲིས་པའི་ཐང་ག་ལ་ཚོན་མདངས་བཀྲ་བ་དང་མིག་དབང་རབ་ཏུ་འཕྲོག་པའི་ཁྱད་ཆོས་ལྡན། ལོ་ངོ་བརྒྱ་ཕྲག་མང་པོ་བརྒྱུད་ན་ཡང་ཚོན་མདངས་སྔར་བཞིན་འགྱུར་བ་མེད། དེར་བརྟེན། རེབ་གོང་ཐང་ག་ནི་རེབ་གོང་ས་ཁུལ་གྱི་ཐུན་མོང་མ་ཡིན་པའི་རིག་གནས་སྣོད་བཅུད་ཁོར་ཡུག་ཁྲོད་ནས་བཏོད་པའི་བསམ་པ་དང་དངོས་པོའི་རྒྱུ་ནོར་གལ་ཆེན་ཞིག་ཡིན་ལ། ཀྲུང་ཧྭ་མི་རིགས་དང་ཐ་ན་མིའི་རིགས་ཀྱི་རི་མོའི་སྒྱུ་རྩལ་ཁྱབ་ཁོངས་ཧྲིལ་པོར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་ཚབ་བྱེད་ཐབས་བྲལ་བའི་རི་མོའི་སྒྱུ་རྩལ་གྱི་དར་ཆ་ལྟ་བུ་ཞིག་ཀྱང་རེད།

     1978ལོར་སྐྱེས་པའི་སྐལ་བཟང་རྒྱ་མཚོར་ཕ་མེས་ཡང་མེས་ཀྱི་སྒྱུ་རྩལ་གྱི་ཤུགས་རྐྱེན་འོག་ཆུང་དུས་ནས་རི་མོ་འབྲི་རྒྱུར་ཧ་ཅང་དགའ་པོ་ཡོད་ཅིང་། ཁོང་གི་ཕ་ནི་ཤེས་ལྡན་མི་སྣ་དང་སྐད་གྲགས་ཆེ་བའི་ཐང་གའི་སྒྱུ་རྩལ་མཁས་ཅན་ཞིག་ཡིན་ཞིང་། ཕ་ལགས་ཀྱི་བློ་ཞིབ་མོའི་མཛུབ་ཁྲིད་འོག་སྐལ་བཟང་རྒྱ་མཚོ་ཐང་གའི་འགྲོ་ལམ་ཐོག་བསྐྱོད་དེ་བློ་རྩེ་གཅིག་སྒྲིམ་གྱིས་ཐང་ག་འབྲི་བའི་རྩལ་ནུས་སྦྱངས་པ་རེད།


     མི་རབས་བཞི་ནས་རྒྱུད་འཛིན་བྱས་པའི་རེབ་གོང་ཐང་གའི་རི་མོའི་སྒྱུ་རྩལ་སྲུང་སྐྱོབ་དང་རྒྱུད་འཛིན། དར་སྤེལ་གང་ལེགས་གཏོང་ཆེད། སྐལ་བཟང་རྒྱ་མཚོས་ཁྱིམ་རྒྱུད་ཀྱི་ཐང་གའི་རི་མོའི་སྒྱུ་རྩལ་རྒྱུད་འཛིན་གྱི་རྨང་གཞིའི་སྟེང་། སྔ་རྗེས་སུ་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་མཁས་པ་ཤ་བོ་ཚེ་རིང་དང་། ཆོས་སྐྱབས། ཞི་ཧོ་ཏའོ། སྙིང་འབུམ་སོགས་སློབ་དཔོན་དུ་བསྟེན་ནས། སྒྱུ་རྩལ་གྱི་འཚོ་བཅུད་བསྡུ་ལེན་དང་། ཁེངས་སྐྱུང་ངང་མཛུབ་ཁྲིད་དང་ལེན་གྱིས་ཐང་ག་འབྲི་བའི་ལག་རྩལ་ལ་བློ་རྩེ་གཅིག་སྒྲིམ་ངང་ཞིབ་འཇུག་བྱས་ཏེ་མཁས་དབང་ཚོའི་རྩེར་སོན་གྱི་ཐང་ག་འབྲི་བའི་ལག་རྩལ་དང་ཁྱིམ་རྒྱུད་སྒྱུ་རྩལ་མཉམ་འདྲེས་ཐུབ་པ་བྱས་པས་ཁོང་གི་རི་མོ་འབྲི་བའི་རྨང་གཞི་ཧ་ཅང་ལེགས་སུ་ཕྱིན་ཡོད། དེ་དང་ཆབས་ཅིག་ཁོང་གིས་སྦྱངས་པའི་རྩལ་ནུས་རེབ་གོང་རིག་གནས་དང་སྒྱུ་རྩལ་གསར་རྩོམ་ཁྱབ་གདལ་གཏོང་བའི་ཁྲོད་བེད་སྤྱོད་བཏང་ཡོད།
     རིམ་བཞིན་སྐལ་བཟང་རྒྱ་མཚོར་རང་ཉིད་ཀྱི་རི་མོའི་ལྟ་བ་གྲུབ་པ་དང་དམིགས་བསལ་བརྩམས་ཆོས་ལ་དམངས་ཁྲོད་བཟོ་རྩལ་མཁས་ཅན་མང་པོའི་གདེང་འཇོག་བཟང་པོ་ཐོབ་པ་མ་ཟད། ཁོང་གི་ཁྱིམ་དུ་དུས་རབས་གསར་པའི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་མང་པོ་ཡོད། “ཐང་ག་དེ་རིགས་ལ་ཆོས་ལུགས་ཀྱི་རང་བཞིན་ཆེན་པོ་མེད་ལ་རིན་གོང་ཡང་ཁེ་པོ་ཡོད་པས་རྒྱ་ཆེའི་མི་དམངས་ཀྱིས་དེ་བས་དང་ལེན་བྱེད་ཀྱི་ཡོད” ཅེས་སྐལ་བཟང་རྒྱ་མཚོས“རྟ་མགོའི་རི་མོའི”ཐང་གར་མཛུབ་མོ་བཙུགས་ནས་དེ་ལྟར་བཤད། 
     སེམས་ནུས་ཡོད་རྒུ་རེབ་གོང་སྒྱུ་རྩལ་སློབ་གསོའི་རིག་གནས་བྱ་གཞག་ནང་བཏོན་པ་དང་ཆབས་ཅིག་སྐལ་བཟང་རྒྱ་མཚོ་ད་དུང་སྤྱི་ཕན་བྱེད་སྒོ་ཁག་ནང་ཧུར་ཐག་ཞུགས་ཡོད། ཁོང་ཚང་གི་ར་སྐོར་ནང་ཐང་གའི་འགྲེམས་ཁང་ཆེད་དུ་བཙུགས་ཤིང་སློབ་མ་ཚོར་འབྲི་རྩལ་ཁྲིད་པ་དང་། ལྟ་སྐོར་དུ་ཡོང་མཁན་ཀྲུང་ཕྱིའི་ཡུལ་སྐོར་བར་རེབ་གོང་གི་རིག་གནས་མཚམས་སྦྱོར་བྱེད་བཞིན་ཡོད། “དགེ་ཕྲུག་མང་ཙམ་ཁྲིད་ནས་འབྲི་རྩལ་ལེགས་སུ་བཏང་སྟེ་རེབ་གོང་སྒྱུ་རྩལ་དེང་རབས་དང་མཉམ་འདྲེས་དང་། ཕྱི་རྒྱལ་དུ་སྤེལ་བ། རེབ་གོང་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་གཏོང་བ། འཛམ་གླིང་ཕྱོགས་སུ་སྐྱོད་པ་བཅས་ཀྱི་ཆེད་དུ་ནུས་ཤུགས་འདོན་དགོས”ཞེས་སྐལ་བཟང་རྒྱ་མཚོས་དེ་ལྟར་བཤད།
     རེབ་གོང་གསེར་མོ་ལྗོངས་ལ་ད་དུང་སྐལ་བཟང་རྒྱ་མཚོ་དང་འདྲ་བའི་ལྷ་བཟོ་མང་པོ་ཡོད། ཁོང་ཚོས་རེབ་གོང་སྒྱུ་རྩལ་རྒྱུན་འཛིན་དང་དར་སྤེལ་བཏང་ནས་དུས་རབས་གསར་པར་རེབ་གོང་སྒྱུ་རྩལ་སྔར་བས་ལེགས་པར་ཁྱབ་སྤེལ་དང་འཕེལ་རྒྱས་སུ་གཏོང་གི་ཡོད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1