ཞི་ཅིན་ཕིང་གིས་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འགོ་ཚུགས་མཛད་སྒོའི་ཐོག་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 12-16


ཞི་ཅིན་ཕིང་གིས་ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་འགོ་ཚུགས་མཛད་སྒོའི་ཐོག
རིག་གནས་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ཀྲུང་གོའི་རིག་རྩལ་གྱི་རྣམ་པ་གསར་པ་མངོན་པ་བཅས་བྱས་ནས་ཀྲུང་ཧྭའི་རིག་གནས་ཀྱི་འོད་སྟོང་གསར་པ་གཏོད་དགོས་པའི་ནན་བཤད་གནང་བ།
ཟླ་12ཚེས་14ཉིན། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་བ།


ཟླ་12ཚེས་14ཉིན། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་སོགས་ཚོགས་ཆེན་ལ་ཕེབས་པ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཅིག་པ་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཚེས་14ཉིན་གྱི་སྔ་དྲོ་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་ནས་ལོ་བརྒྱའི་རིང་ཏང་གིས་རིག་རྩལ་འཐབ་ཕྱོགས་ཀྱི་འགོ་ཁྲིད་དེ་རྒྱུན་ཆད་མེད་པར་འཚོལ་ཞིབ་དང་ལག་ལེན་བྱས་ནས་མར་ཁེ་སི་རིང་ལུགས་མཛུབ་ཁྲིད་དུ་བྱེད་པ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་རིག་གནས་ཀྱི་སྲོལ་རྒྱུན་དང་འཚམ་པ། མི་དམངས་ཀྱི་རང་བཞིན་ལྡན་པ་བཅས་ཀྱི་རིག་རྩལ་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ནས། རང་རྒྱལ་གྱི་རིག་རྩལ་དར་རྒྱས་གོང་འཕེལ་འགྲོ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། རིག་རྩལ་གྱི་བྱ་གཞག་ནི་ཏང་དང་མི་དམངས་ཀྱི་བྱ་གཞག་གལ་ཆེན་དང་རིག་རྩལ་འཐབ་ཕྱོགས་ནི་ཏང་དང་མི་དམངས་ཀྱི་འཐབ་ཕྱོགས་གལ་ཆེན་ཡིན་པ་ལག་ལེན་ཐོག་ནས་ར་འཕྲོད་གང་ལེགས་བྱུང་བས། རྒྱ་ཆེའི་རིག་རྩལ་ལས་དོན་པས་ཏང་དང་མི་དམངས་ཀྱི་རེ་སྒུག་དང་འདུན་པར་ངོ་གནོང་མི་དགོས་པའི་ནན་བཤད་གནང་བ་རེད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དེང་གི་ཀྲུང་གོའི་རི་ཀླུང་བརྗིད་ཆགས་ཡིད་དུ་འོང་བ་དང་། མི་དམངས་དཔའ་ཉམས་དང་ལྡན་པ། མདུན་ལམ་ཡངས་ཤིང་རྒྱ་ཆེ་བ་བཅས་ཡོད། དུས་རབས་ཀྱིས་རང་རྒྱལ་གྱི་རིག་རྩལ་དར་རྒྱས་གོང་འཕེལ་ལ་སྔར་ན་མེད་པའི་གར་སྟེགས་ཆེན་པོ་མཁོ་འདོན་བྱས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར། རྒྱ་ཆེའི་རིག་རྩལ་ལས་དོན་པར་དོར་ཐབས་མེད་པའི་འགན་འཁྲི་དང་ལས་འགན་ལྕི་པོ་ཡོད་ལ། མདུན་ལམ་ཆེན་པོ་ཡང་ཡོད། རྒྱ་ཆེའི་རིག་རྩལ་ལས་དོན་པས་རིག་གནས་ཀྱི་རང་རྟོགས་ཆེ་རུ་གཏོང་བ་དང་རིག་གནས་ཀྱི་གདེང་ཚོད་བརྟན་དུ་བཏང་སྟེ། ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་ཆེན་པོར་བརྟེན་ནས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ནང་ཧུར་ཐག་ཞུགས་པ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་མཐའ་འཁྱོངས་དང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་བྱེད་ཕྱོགས་མཐའ་འཁྱོངས། གསར་རྩོམ་རང་བཞིན་གྱི་སྒོ་ནས་བརྗེ་སྒྱུར་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བཅས་བྱས་ཏེ། དར་ཆ་སྒྲེང་བ་དང་། དམངས་སེམས་སྒྲིལ་བ། མི་གསར་སྐྱོང་བ། རིག་གནས་དར་སྤེལ། གཟུགས་བརྙན་མངོན་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ལ་དམིགས་ནས་རྩ་བ་གསོ་ཞིང་བླ་སྲོག་གཏོད་པའི་ཐད་ནས་འགན་སེམས་གསར་པ་མངོན་པ་དང་། དྲང་སྲུང་གསར་གཏོད་ཐད་ནས་བྱས་རྗེས་གསར་པ་མངོན་པ། སྤྱོད་བཟང་བློ་སྦྱོང་ཐད་ནས་གཟུགས་བརྙན་གསར་པ་མངོན་པ་བཅས་བྱས་ཏེ། འབད་བརྩོན་ལྷོད་མེད་དང་སྤྱོད་བཟང་ཐེག་ཆེའི་རིག་གནས་གསར་རྩོམ་ལ་བརྟེན་ནས། ཀྲུང་གོའི་རིག་རྩལ་གྱི་གཟུགས་བརྙན་གསར་པ་མངོན་པ་དང་ཀྲུང་ཧྭའི་རིག་གནས་ཀྱི་གཟི་བརྗིད་གསར་པ་བཏོད་དེ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་རིན་ཐང་གི་ཁྲིད་སྟོན་ནུས་པ་དང་། རིག་གནས་ཀྱི་གོང་བུ་འགྲིལ་ཤུགས། བསམ་པའི་སྐུལ་སྤེལ་ནུས་པ་ཤུགས་ཆེན་བཅས་མཁོ་འདོན་བྱེད་དགོས།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། དབང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།
        ཞི་ཅིན་ཕིང་གིས་བསྟན་དོན། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་ལོ་ཡིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པའི་ཉིན་དེ་ནས་བཟུང་མི་རིགས་དང་། ཚན་རིག མང་ཚོགས་བཅས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གསར་པ་འཛུགས་སྐྱོང་བྱ་རྒྱུ་དེ་རང་ཉིད་ཀྱི་ལས་འགན་དུ་བརྩིས་ནས་རིག་གནས་འཛུགས་སྐྱོང་དང་རིག་རྩལ་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་ཧུར་ཐག་བཏང་ཡོད། ལོ་བརྒྱའི་རིང་། ཏང་གི་འགོ་ཁྲིད་འོག རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས། དུས་རབས་དང་གོམ་པ་གཅིག་མཚུངས་དང་། མི་དམངས་དང་དབུགས་ལམ་གཅིག་གྱུར། སྐྱིད་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་མཐའ་འཁྱོངས་བྱས་ཏེ་བློ་བརྟན་འགྱུར་མེད་ངང་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་ཀྱི་བྱ་གཞག་ནང་ཞུགས་ནས་ཕུན་སུམ་ཚོགས་པའི་རིག་རྩལ་རྣམ་པའི་ཐོག་ནས་མི་དམངས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་མི་རིགས་ཀྱི་སྙིང་སྟོབས་འཕེལ་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་ཏང་དང་བློ་སེམས་གཅིག་མཐུན་དང་མི་དམངས་དང་བློ་ཁ་གཅིག་མཐུན་བྱས་ཏེ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་བརྩེ་སེམས་ཟབ་མོས་དུས་རབས་འཕེལ་རྒྱས་ཀྱི་སྐད་སྒྲ་ཉན་པ་དང་། སྒྱུར་བཅོས་གསར་གཏོད་ཀྱི་ཚ་ཚ་འུར་འུར་གྱི་ལག་ལེན་ལ་གསོན་ཉམས་དོད་པོས་བསྟོད་གླུ་ཕུལ་ནས་རིག་རྩལ་གསར་རྩོམ་དང་། རིག་རྩལ་བྱེད་སྒོ རིག་རྩལ་དམངས་ཕན་སོགས་ཀྱི་ཐད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ལ། གཡུར་ཟའི་གྲུབ་འབྲས་ཀྱང་ཐོབ་ཡོད། རྩོམ་རིག་དང་། ཟློས་གར། གློག་བརྙན། བརྙན་འཕྲིན། རོལ་དབྱངས། ཞབས་བྲོ། མཛེས་རྩལ། པར་ལེན། ཡིག་གཟུགས། གཞས་མ་གཏམ། རྩལ་རྩེད། དམངས་ཁྲོད་རིག་རྩལ། རིག་རྩལ་དཔྱད་གཏམ། མང་ཚོགས་ཀྱི་རིག་རྩལ། སྒྱུ་རྩལ་སློབ་གསོ་སོགས་ཁྱབ་ཁོངས་ཚང་མར་ཡར་རྒྱས་ཆེན་པོ་བྱུང་ནས་རང་རྒྱལ་གྱི་རིག་རྩལ་བྱ་གཞག་ལ་མེ་ཏོག་མཉམ་བཞད་དང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དར་རྒྱས་ཀྱི་རྣམ་པ་ཞིག་མངོན་ཡོད།
        ཞི་ཅིན་ཕིང་གིས་རྒྱ་ཆེའི་རིག་རྩལ་ལས་དོན་པར་ཐུགས་རེ་ཁག་ལྔ་གནང་བ་སྟེ། གཅིག་ནས་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་བློ་ལ་བཅངས་ནས་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་བརྗིད་ཆེའི་འཆར་གཞི་བཀོད་དགོས་པ་དང་། གཉིས་ནས་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་བསྲུངས་ཏེ་ཉམས་པ་མེད་པའི་མི་དམངས་ཀྱི་ལོ་རྒྱུས་སྙན་ངག་འབྲི་དགོས་པ། གསུམ་ནས་དྲང་སྲུང་གསར་གཏོད་མཐའ་འཁྱོངས་བྱས་ཏེ་དུས་རབས་ཀྱི་བརྩམས་ཆོས་རྩེ་གྲའི་རྗེས་སུ་སྙེགས་ནས་རིག་རྩལ་གྱི་གནས་ཚད་གསར་པ་འབྱེད་དགོས་པ། བཞི་ནས་བརྩེ་བ་དང་སྟོབས་ཤུགས་ལྡན་པའི་སྒོ་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་གླེང་སྟེ་འཛམ་གླིང་ལ་ཡིད་ཆེས་འཕེལ་བ་དང་། གཅེས་སུ་རུང་བ། བརྩི་བཀུར་འོས་པ་བཅས་ཀྱི་ཀྲུང་གོའི་གཟུགས་བརྙན་མངོན་དགོས་པ། ལྔ་ནས་ཡང་དག་པའི་འགྲོ་ལམ་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ནས་ཀུན་སྤྱོད་དང་སྒྱུ་རྩལ་གཉིས་ཀ་དོན་གཉེར་བྱེད་རིང་མི་ཚེའི་རིན་ཐང་མངོན་དགོས་པ་བཅས་རེད།
        ཞི་ཅིན་ཕིང་གིས་བསྟན་དོན། རིག་གནས་ནི་མི་རིགས་ཀྱི་བསམ་པའི་སྲོག་རྩ་དང་རིག་རྩལ་ནི་དུས་རབས་ཀྱི་དུང་བརྡ་ཡིན། དུས་རབས་གསར་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ནི་དེང་རབས་ཀྲུང་གོའི་རིག་རྩལ་ལོ་རྒྱུས་ཀྱི་ཁ་ཕྱོགས་ཡིན། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས། མི་རིགས་བསྐྱར་དར་གྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་མི་ཚེའི་དོན་གཉེར་དང་སྒྱུ་རྩལ་གྱི་ཚེ་སྲོག་དེ་རྒྱལ་ཁབ་ཀྱི་མདུན་ལམ་དང་། མི་རིགས་ཀྱི་ལས་དབང་། མི་དམངས་ཀྱི་འདུན་པ་བཅས་དང་ཟུང་འབྲེལ་དམ་ཟབ་དང་། རིག་རྩལ་ལ་བརྟེན་ནས་བྱ་གཞག་དར་རྒྱས་གཏོང་བ་དང་། རིག་རྩལ་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ། རིག་རྩལ་ལ་བརྟེན་ནས་བསམ་བློ་བརྟན་དུ་གཏོང་བ། རིག་རྩལ་ལ་བརྟེན་ནས་བླ་སྲོག་གཏོད་པ་བཅས་བྱས་ཏེ་མི་རིགས་བསྐྱར་དར་གྱི་ལོ་རྒྱུས་དང་མི་དམངས་ཀྱིས་འབད་འཐབ་བྱས་པའི་རྒྱང་སྐྱོད་ལམ་བུའི་ཐོག་རིག་རྩལ་གསར་རྩོམ་བྱེད་དགོས། ལོ་རྒྱུས་ཀྱི་ལྟ་བ་ཆེན་པོ་དང་དུས་རབས་ཀྱི་ལྟ་བ་ཆེན་པོ་འཛུགས་པ་དང་། ལོ་རྒྱུས་ཀྱི་འཕེལ་རིམ་དང་དུས་རབས་ཀྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ། ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་འཕོ་འགྱུར་ཆེན་པོ་མངོན་པ། ལོ་བརྒྱའི་ཀྲུང་གོའི་ཡང་དག་འགྲོ་ལམ་མངོན་པ། རྒྱལ་གཅེས་རིང་ལུགས་ལྟེ་བར་བྱེད་པའི་མི་རིགས་ཀྱི་སྙིང་སྟོབས་དང་སྒྱུར་བཅོས་གསར་གཏོད་ལྟེ་བར་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བ་བཅས་བྱས་ཏེ། དཔའ་ངར་ཆེར་བསྐྱེད་ཀྱི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་དགོས། དུས་རབས་ཀྱི་འགྱུར་ལྡོག་དང་། ཀྲུང་གོའི་དར་རྒྱས། མི་དམངས་ཀྱི་རེ་འབོད་བཅས་ཀྱི་ཁྲོད་དུ་བརྗོད་དོན་གཙོ་བོ་ཞུན་བརྡར་དང་བརྗོད་གཞི་བསྡུ་ལེན་བྱས་ཏེ། མཛེས་སྡུག་ལྡན་པའི་ཀྲུང་ཧྭའི་ལོ་རྒྱུས་དང་། མཛེས་སྡུག་ལྡན་པའི་རི་ཀླུང་། མཛེས་སྡུག་ལྡན་པའི་རིག་གནས་བཅས་མཚོན་པ་དང་། ཀྲུང་གོ་མི་དམངས་ཀྱི་འབད་འཐབ་ཀྱི་སྙིང་སྟོབས་དང་། གསར་གཏོད་ཀྱི་ནུས་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་བྲིས་ཏེ། ཕྱོགས་ཡོངས་ནས་དུས་རབས་གསར་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱེད་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། མི་དམངས་ལས་འབྱུང་བ་དང་། མི་དམངས་ཀྱི་ཆེད་དུ་ཡིན་པ། མི་དམངས་ལ་དབང་བ་བཅས་ནི་སྤྱི་ཚོགས་རིང་ལུགས་རིག་རྩལ་གྱི་རྩ་བའི་ལངས་ཕྱོགས་རེད་ལ། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གྱི་སྒུལ་ཤུགས་གནས་སའང་རེད། རིག་རྩལ་ལ་བརྟེན་ནས་མི་དམངས་ཀྱིས་ལོ་རྒྱུས་གསར་གཏོད་བྱས་པའི་འཕེལ་རིམ་རླབས་པོ་ཆེར་སྤྲོ་སེམས་ཆེན་པོས་བསྟོད་གླུ་འབུལ་དགོས་ལ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་འབད་འཐབ་བྱེད་པའི་འབད་འབུངས་པ་ཡོད་དོ་ཅོག་དང་མི་དམངས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་མཁན་དཔའ་བོ་ཡོད་དོ་ཅོག་ལ་བརྩེ་སེམས་ཟབ་མོས་བསྔགས་བརྗོད་བྱེད་དགོས། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱས་ནས། མི་དམངས་ཀྱི་རིག་གནས་དགོས་མཁོ་སྐོང་བ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་འཕེལ་བའི་ཕུལ་བྱུང་བརྩམས་ཆོས་དེ་བས་མང་པོ་གསར་རྩོམ་བྱས་ཏེ། རིག་རྩལ་མེ་ཏོག་རྦད་དེ་མི་དམངས་ཀྱི་ཕྱོགས་སུ་བཞད་པར་བྱེད་དགོས། མི་དམངས་བརྩམས་ཆོས་ཀྱི་མི་སྣ་གཙོ་བོར་འགྱུར་བར་བྱེད་དགོས་པ་མ་ཟད། རང་ཉིད་ཀྱི་བསམ་བློའི་འཁྱེར་སོ་དང་བརྩེ་དུང་མི་དམངས་དང་གཞི་གཅིག་ཏུ་བསྒྲིལ་ནས་དུས་རབས་དང་མི་དམངས་ལ་བསྟོད་གླུ་འབུལ་དགོས། ཀྲུང་གོའི་རིག་རྩལ་ཇེ་བཟང་ཇེ་ལེགས་དོན་གཉེར་བྱེད་པའི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་སྟེ་བསམ་བློའི་ནང་དོན་ཟབ་པ་དང་། ནང་དོན་གསལ་ལ་བབ་ཆགས་པ། ངར་ཤུགས་ལྡན་པ་བཅས་ཀྱི་ཕུལ་བྱུང་བརྩམས་ཆོས་ལ་བརྟེན་ནས་མི་དམངས་ཀྱི་མཛེས་ཆོས་དང་རིན་ཐང་ལྟ་བ་ཟབ་ཏུ་བཏང་སྟེ། མི་དམངས་ཀྱི་བསམ་པའི་འཚོ་བ་དེ་བས་ཕུན་སུམ་ཚོགས་སུ་གཏོང་དགོས།
        ཞི་ཅིན་ཕིང་གིས་བསྟན་དོན། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་མི་སྒེར་གྱི་ཀུན་སྤྱོད་བློ་སྦྱོང་དང་སྤྱི་ཚོགས་ཀྱི་གཟུགས་བརྙན་བརྩམས་ཆོས་ཀྱི་སྤྱི་ཚོགས་ཕན་འབྲས་དང་གཅིག་གྱུར་བྱས་ཏེ། སྒྱུ་རྩལ་གྱི་ཕུགས་བསམ་བརྟན་པོར་སྲུང་བ་དང་། ཀུན་སྤྱོད་དང་སྒྱུ་རྩལ་གཉིས་ཀ་དོན་གཉེར་བྱེད་པ། བླ་ན་མེད་པའི་སྤྱོད་ལམ་དང་རིག་རྩལ་སྤུས་ཚད་གཉིས་ཀ་ལྡན་པའི་བརྩམས་ཆོས་ལ་བརྟེན་ནས་ལོ་རྒྱུས་ཀྱི་ཆེད་དུ་སྲོལ་བཟང་དར་སྤེལ་གཏོང་བ་དང་། སྐྱེ་བོ་ཀུན་གྱི་ཆེད་དུ་སྤྱོད་བཟང་དར་སྤེལ་གཏོང་བ། རང་ངོས་ཀྱི་ཆེད་དུ་མིང་གྲགས་འཇོག་པ་བཅས་བྱེད་དགོས། རིག་རྩལ་ནི་གོ་བདེ་རྟོགས་སླ་ཞིག་ཡིན་དགོས་མོད། འོན་ཀྱང་མ་རབས་ཐ་ཤལ་དང་ངོ་བསྟོད་གཏན་ནས་བྱ་མི་རུང་། རིག་རྩལ་གྱིས་འཚོ་བ་མཚོན་དགོས་མོད། འོན་ཀྱང་དར་སྲོལ་མི་ལེགས་པ་བཟོ་མཁན་དང་། རྗེས་སུ་འབྲང་མཁན། འུད་སྒྲོག་བྱེད་མཁན་བཅས་སུ་གཏན་ནས་འགྱུར་མི་རུང་། རིག་རྩལ་གྱིས་གསར་གཏོད་བྱེད་དགོས་མོད། འོན་ཀྱང་ཡ་མཚན་ཆེ་བ་དང་བཟོ་ལྟ་ཙམ་བསྟན་པ་ཞིག་ཡིན་མི་རུང་། རིག་རྩལ་གྱིས་ཕན་འབྲས་ལ་དང་དོད་བྱེད་དགོས་མོད། འོན་ཀྱང་དངུལ་ལོར་ཁོ་ན་དོན་དུ་གཉེར་བ་དང་ཁྲོམ་ར་ཁོ་ན་བསམ་མཁན་ལ་གཏན་ནས་འགྱུར་མི་རུང་། གསར་རྩོམ་བྱེད་པར་སེམས་ནུས་ཡོད་རྒུ་འདོན་དགོས་པ་དང་། འཁྲབ་སྟོན་བྱེད་པར་རང་ཉིད་ཀྱི་འཇོན་ཐང་ངོ་མར་རྟེན་དགོས། གཟུགས་བརྙན་ནི་གསར་གཏོད་ལ་རྟེན་དགོས། ཕན་འབྲས་ནི་སྤུས་དག་ལ་རྟེན་དགོས། སྙན་གྲགས་ནི་ཀུན་སྤྱོད་དང་སྒྱུ་རྩལ་ལ་རྟེན་དགོས། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་སྤྱི་ཚོགས་ཐོག་གི་རང་ཉིད་ཀྱི་ཤུགས་རྐྱེན་ལ་གཅེས་སྤྲས་བྱས་ནས་བརྩམས་ཆོས་ཀྱི་སྤྱི་ཚོགས་ཕན་འབྲས་ལ་ནན་ཏན་དང་གཟབ་ནན་ངང་བསམ་གཞིག་བྱེད་དགོས། གལ་ཏེ་རིག་རྩལ་གྱི་ལས་དོན་པ་ཞིག་གི་སྤྱོད་པ་ཚུལ་དང་མི་མཐུན་ན། མི་དམངས་ཀྱིས་དང་ལེན་བྱ་མི་སྲིད་ལ། དུས་རབས་ཀྱིས་ཀྱང་དང་ལེན་བྱ་མི་སྲིད། རང་བཀུར་མ་བྱས་ན་བརྩི་འཇོག་འཐོབ་མི་སྲིད་པས། རྒྱ་ཆེའི་རིག་རྩལ་ལས་དོན་པ་ཚོས་སྤུས་ཚད་ལ་སྣང་ཆེན་དང་། སྤྱོད་བཟང་ལ་སྣང་ཆེན། འགན་འཁྲིར་སྣང་ཆེན་བཅས་བྱས་ནས། ཟོལ་མེད་གཞུང་དྲང་གི་མི་ཞིག་བྱེད་པ་དང་། ཁ་གསལ་གཏིང་གསལ་ངང་བྱ་བ་སྒྲུབ་པ། བདེན་ལེགས་མཛེས་གསུམ་ལ་བསྟོད་གླུ་འབུལ་བ། རྫུན་ངན་བཙོག་གསུམ་ལ་སུན་འབྱིན་བཅས་བྱེད་དགོས། ལས་རིགས་ཀྱི་སྤྱོད་ཚུལ་དང་ཀུན་སྤྱོད་དར་སྤེལ་བཏང་སྟེ་རང་བཀུར་རང་གཅེས་དང་། ཕན་ཚུན་སློབ་སྦྱོང་དང་མིག་ལྟོས། དྭངས་གསལ་གཡོ་ལྷད་བྲལ་བ་བཅས་ཀྱི་ལས་རིགས་ཀྱི་དར་སྲོལ་གཏོད་དགོས།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། སྤྱི་ཚོགས་རིང་ལུགས་ཀྱི་རིག་རྩལ་དར་རྒྱས་གོང་འཕེལ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པར། ཏང་གི་འགོ་ཁྲིད་འོག་རྒྱལ་གཅེས་ལེགས་སྐྱེས་འབུལ་མཁན་གྱི་རིག་རྩལ་ལས་དོན་པར་རྒྱ་ཁྱབ་ངང་མཐུན་སྒྲིལ་དང་གོང་བུ་གཅིག་ཏུ་བསྒྲིལ་ནས། སྤྱོད་ཡོན་གཉིས་ལྡན་གྱི་རྩོམ་རིག་མཁས་པ་དང་སྒྱུ་རྩལ་མཁས་པ་འབོར་ཆེན་གསོ་སྐྱོང་བྱེད་དགོས། ཀྲུང་གོ་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་ཀྲུང་གོ་རྩོམ་པ་པོའི་མཐུན་ཚོགས་ཀྱིས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་རྩོམ་པ་པོའི་མཐུན་ཚོགས་ཁོངས་གཏོགས་ཀྱི་རྩ་འཛུགས་ཀྱི་ལེགས་ཆ་བཏོན་ནས་ལས་དོན་གྱི་མ་ལག་གསར་གཏོད་དང་། རིག་རྩལ་རྩ་འཛུགས་གསར་པ་དང་རིག་རྩལ་ཚོགས་སྤྱི་གསར་པའི་སློབ་གསོ་ཁྲིད་སྟོན་གྱི་ལས་དོན་ཡག་པོ་སྒྲུབ་པ། གཞི་རིམ་གྱི་རིག་རྩལ་ལས་དོན་པར་ཕྱོགས་པ། བྱ་གཞག་གིས་ཤེས་ལྡན་པར་སྐུལ་ལྕག་གཏོང་བ་བཅས་བྱས་ནས་ཤེས་ལྡན་པར་བྱ་གཞག་གཏོད་དུ་འཇུག་དགོས། རིམ་ཁག་ཏང་ཨུད་ཀྱིས་ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། མཛད་ཕྱོགས། སྲིད་ཇུས་བཅས་ལག་བསྟར་དང་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། རྒྱུན་ཆད་མེད་པར་བརྩམས་ཆོས་རྩེ་གྲ་ཐོན་པ་དང་ཤེས་ལྡན་མི་སྣ་ཐོན་པའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པར་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་རིག་རྩལ་རིགས་པའི་གཞུང་ལུགས་དང་དཔྱད་གཏམ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། སློབ་གསོ་ཁྲིད་སྟོན་དང་ཕྱོགས་བསྡུས་བཅོས་སྐྱོང་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་དྭངས་ཞིང་གཙང་བའི་རིག་རྩལ་ཁོར་ཡུག་སྐྲུན་དགོས། ཤེས་ལྡན་པ་ཤེས་རྟོགས་དང་། ཤེས་ལྡན་པར་དགའ་ཞེན། ཤེས་ལྡན་པར་གུས་བཀུར། ཤེས་ལྡན་པ་སྤྱོད་པ་བཅས་བྱས་ནས། ན་གཞོན་རིག་རྩལ་ལས་དོན་པས་ཡང་དག་པའི་འགྲོ་ལམ་སྲུང་བ་དང་ལམ་ཆེན་དུ་བསྐྱོད་པར་ཁྲིད་སྟོན་དང་། ཁོ་ཚོས་གསར་གཏོད་མང་ཙམ་དང་བརྩམས་ཆོས་རྩེ་གྲ་འདོན་པར་ལྕག་སྐུལ། ཁོ་ཚོས་འགན་གཙོ་བོ་འཁུར་བ་དང་དོན་ཆེན་སྒྲུབ་པར་རྒྱབ་སྐྱོར་བཅས་བྱས་ཏེ། དེང་རབས་ཀྲུང་གོའི་རྩོམ་རིག་མཁས་པ་དང་སྒྱུ་རྩལ་མཁས་པ་འབོར་ཆེན་འཚར་ལོངས་ཐུབ་པ་དང་ཀྲུང་གོའི་རིག་རྩལ་གྱི་གནམ་ས་སྔར་བས་འོད་སྣང་ལྡན་པ་ཞིག་ཡོང་བར་བྱེད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1