ཤ་མོ་བཏབ་ནས་ཕྱུག་འགྱུར་ལམ་དུ་བསྐྱོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 12-23



ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཧུའུ་ཝུའེ་ཅེ།

“ད་ལྟ་ཤ་མོ་འདེབས་པའི་དུས་ཚིགས་ཡག་ཤོས་ཡིན་པས། ད་ལྟ་འདེབས་ན་ཕྱི་ལོའི་ཟླ་གསུམ་པ་དང་བཞི་པར་ཤ་མོ་ཐོན་ཐུབ་པ་དང་སྐྱེ་འཚར་མགྱོགས་པའི་ཤ་མོ་ཟླ་གཅིག་ནང་ཐོན་ཐུབ” ཝང་ཧོ་ཕིང་ཀན་སུའུ་ཞིང་ཆེན་ཉིང་ཞ་ཧུའེ་རིགས་རང་སྐྱོང་ཀྲོའུ་ནས་ཡིན་པ་དང་དེ་གར་ས་སེར་མཐོ་སྒང་དང་མཚོ་བོད་ས་མཐོའི་བར་བརྒལ་ས་རྒྱུད་ཅིག་ཡིན་པས་ཆ་སྙོམས་ས་བབ་མཐོ་ཚད་སྨི་2000ཙམ་ཟིན་པ་དང་གནམ་གཤིས་གྲང་ངར་ཆེ་ལ་བཞའ་ཚན་ཆེན་པོ་ཡོད། དེ་སྔ་ཉིང་ཞའི་གྲོང་གསེབ་ཏུ་ཞོག་ཁོག་དང་། མ་རྨོས་ལོ་ཏོག གྲོ་སོགས་སྲོལ་རྒྱུན་ལོ་ཏོག་སྣ་ཁ་ཉུང་ཤས་ཡོངས་ཁྱབ་ངང་འདེབས་ཀྱི་ཡོད་པས་དཔལ་འབྱོར་གྱི་ཕན་འབྲས་ཧ་ཅང་དམའ་པོ་ཡོད། མི་མང་པོ་ཞིག་གིས་ཤ་མོ་འདེབས་པ་ཐོས་མྱོང་མེད་ལ་ཚོད་ལྟ་ཡང་བྱེད་ཕོད་ཀྱི་མེད་པ་རེད།

ཉེ་བའི་ལོ་ཤས་རིང་། ཞིང་ལས་ཚན་རྩལ་མི་སྣ་དང་ཝང་ཧོ་ཕིང་ལྟ་བུའི་ཕྱུག་འགྱུར་སྣེ་ཁྲིད་པའི་སྣེ་ཁྲིད་འོག ས་གནས་དེ་གས་སྔ་རྗེས་སུ་རླམ་རྩྭ་ཕོ་སུལ་དང་བེ་ཤ་དམར་པོ་སོགས་ཀྱི་འཚོ་བཅུད་རིན་ཐང་ཆེ་བ་དང་དཔལ་འབྱོར་ཕན་འབྲས་ཆེ་བའི་རྩ་ཆེའི་ཤ་མོའི་རིགས་ཚོད་འདེབས་བྱས་ནས་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་ལ་གསོན་ཤུགས་བསྣན་ཡོད།

ཝང་ཧོ་ཕིང་གིས་ཤ་མོ་འདེབས་འཛུགས་བྱེད་ཐེངས་དང་པོ་ནི་དུས་རབས་20པའི་ལོ་རབས་90པར་རེད། སྟེས་དབང་གི་གོ་སྐབས་ཤིག་ལས་ཁོང་གིས་གྲོགས་པོའི་ས་ནས་ཤ་མོ་སྤྱི་རྒྱ་གཅིག་ལ་སྒོར་བཞི་བརྒྱ་ལྔ་བརྒྱ་ཙམ་རག་པ་གོ་ཐོས་བྱུང་བ་རེད། “སྐབས་དེ་དུས་དེ་ནི་རིན་གོང་མཐོ་པོ་ཞིག་ཡིན་པ་དང་མ་རྨོས་ལོ་ཏོག་དང་གྲོ་དང་བསྡུར་ན་ཁེ་སྤོགས་ཆེན་པོ་རག་གི་ཡོད” དེར་བརྟེན་ཝང་ཧོ་ཕིང་གིས་རང་ཉིད་ཀྱི་དངུལ་བཏོན་ནས་ས་ཆ་གཞན་དུ་ཤ་མོ་འདེབས་འཛུགས་བྱེད་སྟངས་སློབ་སྦྱོང་བྱས།

ཝང་ཧོ་ཕིང་ཤ་མོ་འདེབས་སྟངས་སློབ་སྦྱོང་བྱེད་པར་བསྐྱོད་ཐེངས་དང་པོ་དེར་ཁོང་ལ་ལག་རྩལ་སློབ་མེད། དེ་རྗེས་ཁོང་ཐབས་ཟད་དེ་འགྱིག་ཤོག་དྲོད་ཁང་ནང་གླ་ཆ་མི་དགོས་པར་ལས་ཀ་བྱ་རྒྱུའི་རེ་བ་བཏོན་པས་མཐར་ཤ་མོ་འདེབས་མཁན་དེས་ཁོང་འགྱིག་ཤོག་དྲོད་ཁང་ནང་དུས་མཚམས་ཤིག་རིང་ལས་ཀ་བྱེད་རྒྱུའི་ཁས་བླངས།

ཝང་ཧོ་ཕིང་གིས་དཀའ་སྤྱད་སྙིང་རུས་བྱས་པས་ཁོང་གི་དགེ་རྒན་བློ་ཡིད་ཚིམས་ནས་འདེབས་འཛུགས་ལག་རྩལ་མི་ཉུང་བ་ཞིག་བསླབས།

ཝང་ཧོ་ཕིང་ཀན་སུའུ་རུ་ལོག་མ་ཐག ཀན་སུའུ་ཞིང་ཆེན་ཞིང་ལས་ཚན་རིག་ཁང་དུ་ཐད་ཀར་བསྐྱོད་དེ་རིགས་གཅིག་མཁས་ཅན་གྱི་ས་ནས་ཤ་མོའི་སྣ་ཁ་གསར་ཤོས་ཉོས་པ་དང་རང་ཁྱིམ་གྱི་ཞིང་ནང་དུ་འགྱིག་ཤོག་དྲོད་ཁང་བརྒྱབ་ནས་ཤ་མོ་འདེབས་པའི་ལག་རྩལ་ཁོང་དུ་ཆུད་པ་བྱུང་ཡོད།

2015ལོར་རྒྱལ་ཁབ་ཀྱིས་ཉིང་ཞ་ཀྲོའུ་སོགས་ཁུལ་གསུམ་དང་ཀྲོའུ་གསུམ་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་བྱ་སྤྱོད་སྤེལ་ཡོད། གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅིས་ཝང་ཧོ་ཕིང་ལ་ཁ་པར་བརྒྱབ་ནས་གྲོང་མི་ཚོའི་སྣེ་ཁྲིད་དེ་ཤ་མོ་བཏབ་ནས་ཕྱུག་པོའི་ལམ་དུ་བསྐྱོད་རྒྱུའི་རེ་བ་བཏོན། ཝང་ཧོ་ཕིང་གིས་རེ་ཞུ་དེ་ཁས་བླངས། འོན་ཀྱང་ཁོང་གིས་ཤ་མོ་འདེབས་རྒྱུ་ཁོ་ནར་བློ་ཡིད་ཚིམས་ནས་མི་སྡོད་པར་དེ་བས་རྩ་ཆེའི་ཤ་མོའི་རིགས་འདེབས་རྒྱུའི་འགྲན་སློང་བྱེད་འདོད་ཡོད་པ་རེད།

སྐབས་དེ་དང་བསྟུན་ནས། ཞ་མོན་གྲོང་ཁྱེར་གྱིས་ཤར་ནུབ་དབུལ་སྐྱོར་མཉམ་ལས་ལམ་སྲོལ་བརྒྱུད་མི་རྒྱུ་དངོས་སོགས་ཕྱོགས་མང་པོའི་ཐད་ནས་ཉིང་ཞ་ལ་རོགས་སྐྱོར་བྱས་པ་དང་། དབུལ་སྐྱོར་ལས་བྱེད་པས་རྒྱལ་ཡོངས་ཀྱི་ཞིང་ལས་འདེབས་འཛུགས་ཤེས་ལྡན་མི་སྣ་སྣ་ཚོགས་གདན་དྲངས་ཏེ་ས་གནས་དེ་གའི་མང་ཚོགས་ལ་རིན་པ་མི་དགོས་པར་འཆད་ཁྲིད་བྱས་པ་དང་ཝང་ཧོ་ཕིང་གིས་ཀྱང་བེ་ཤ་དམར་པོ་དང་རླམ་རྩྭ་ཕོ་སུལ་སོགས་རྩ་ཆེའི་ཤ་མོ་འདེབས་མཁན་རིགས་གཅིག་མཁས་ཅན་ངོ་ཤེས་པ་རེད།

མི་ལ་བརྩོན་འགྲུས་ཡོད་འགྱུར་ན། མི་འགྲུབ་བྱ་བ་གང་ཡང་མེད།2019ལོར་ཝང་ཧོ་ཕིང་གིས་ཉིང་ཞ་ཡི་ས་གཞི་དེའི་ཐོག་རླམ་རྩྭ་ཕོ་སུལ་དང་བེ་ཤ་དམར་པོ་སོགས་རྩ་ཆེའི་ཤ་མོ་གྲུབ་འབྲས་ཐོབ་པའི་ངང་འདེབས་ཐུབ་པ་བྱུང་བ་རེད། ད་ཆ་ཁོང་གི་སྣེ་ཁྲིད་འོག ཉིང་ཞ་ཀྲོའུ་རུ་རླམ་རྩྭ་ཕོ་སུལ་དང་བེ་ཤ་དམར་པོ་འདེབས་འཛུགས་རྟེན་གཞི་མང་པོ་འཛུགས་སྐྲུན་དང་འཆར་འགོད་བྱེད་བཞིན་ཡོད།

གྲོང་གསེབ་དར་རྒྱས་ཀྱི་སྐུལ་འདེད་འོག ཉིང་ཞ་ཡི་ས་གཞི་དེའི་ཐོག་འབྲི་ཏ་ས་འཛིན་དང་། རྒྱ་གྲོ། ས་མཐོའི་དབྱར་ཚལ། ཤིང་འབྲས་ཧོ་ལུང་གོ་སོགས་གཅིག་རྗེས་གཉིས་མཐུད་ངང་བཏབས་པ་མ་ཟད། ད་དུང་ཞིང་ལས་ཐོན་རྫས་གསར་པ་མང་པོ་ཞིག་གཅིག་རྗེས་གཉིས་མཐུད་ངང་ཐོན་བཞིན་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1