༄༅། །ཚིག་རྒྱན་གྱི་གར།

ཁམས་པ་རབ་དབྱངས། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 12-24


འཆར་ཡན་ངོས་སུ་ལྡིང་སྐོར་བྱེད། །

ཏིང་འཛིན་སྒྱུ་མའི་རླུང་གཡོལ་ནས། །

སྙན་ངག་ལུས་ཀྱི་ཆ་ཤས་སྟེང་། །

དབྱངས་དང་ཚིག་གི་དར་ཐག་ལ། །

ཐོད་བརྒལ་ཚིག་གི་སྙན་ངག་འབྲི། །

ཚོར་བའི་ཁ་དོག་ཡང་ཡང་བྲན། །

ཚེ་འཛིན་གསོལ་བའི་སྙན་ངག་འདི། །

ཚོར་འདུ་སྨག་གི་རབ་རིབ་འདི། །

ང་ཡི་རྨི་ལམ་གོང་རོལ་ནས། །

དབྱངས་ཅན་ལྷ་མོའི་སྒོམ་གཏོཊ་སོ། །

རྣམ་རྟོག་སྤུ་རིས་ཡང་ཡང་གཡོ། །

ལྷོད་ཀྱིས་གདངས་ལ་དཀྲོལ་བའི་ཚེ། །

སྣ་ཚོགས་ཚིག་གི་དྲི་བཞོན་འདི། །

པདྨ་ཚལ་གྱི་འདབ་མ་དག །

ཚེ་ཡི་གོ་རིམ་མངོན་གྱི་འདུག །

དབྱངས་ལ་བསྐུས་པའི་འགྲོས་མ་ཡིན། །

བདག་གི་འཆར་ཡན་སྒེའུ་ཁུང་དུ། །

སྔར་བཞིན་ཁྱེད་སྐུ་ཟླ་བ་ལ། །

ང་ཡི་ལན་གཅིག་མཐོང་བའི་ཚེ། །

ཚེ་ཡི་དབུ་ཐོད་ངོས་སུ་བྲིས། །

དབྱངས་ཀྱི་དྲ་བ་རབ་ཏུ་འཚེར། །

ཟླ་བའི་གདོང་ཉིད་ཡང་དུ་འཁོར། །

ལྷོད་ཀྱིས་ཆགས་པའི་འཛུམ་ཟུར་ལ། །

མ་རྙིང་བརྩེ་བའི་ཡིག་འབྲུ་ལ། །

སྐྱོ་བའི་གདུང་བ་ཇི་ལྟར་འོང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1