ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 12-28



ཞི་ཅིན་ཕིང་གིས“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་པའི་ཐད་མཛུབ་སྟོན་གལ་ཆེན་གནང་བ།

ལི་ཁེ་ཆང་གིས་བླང་བྱ་བཏོན་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་25དང་26ཉིན། ཀྲུང་དབྱང་གི་གྲོང་གསེབ་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། མིག་སྔའི“ཞིང་གསུམ”ལས་དོན་ལ་འཕྲད་པའི་དུས་བབ་ཀྱི་ལས་འགན་ལ་དབྱེ་ཞིབ་དང་2022ལོའི“ཞིང་གསུམ”ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།
        ཚོགས་འདུ་མ་འཚོག་གོང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས“ཞིང་གསུམ”ལས་དོན་ལ་ཆེད་དོན་ཞིབ་འཇུག་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད། ཞི་ཅིན་ཕིང་གིས་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་གཅོག་པར་ངེས་པར་དུ་རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་དམིགས་པ་དང་། ཞིང་ལས་ཀྱི་གཞི་གདན་བརྟན་པོ་སྲུང་བ། “ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པར་བྱེད་ཐབས་ནན་པོ་སྤྱོད་པ་དང་། ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཐོན་འབབ་བརྟན་པོ་དང་མཁོ་སྤྲོད་འགན་ལེན་དང་ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་བརྟན་པོའི་ངང་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
        ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཐོག་མའི་ཐོན་རྫས་ཀྱི་མཁོ་སྤྲོད་འགན་ལེན་བྱེད་རྒྱུ་ནི་འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་ཞིག་ཡིན་པས་ག་དུས་ཡིན་རུང་ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་དགོས་པ་མ་ཟད། རང་ཁ་རང་གསོ་ཐུབ་པའང་བྱེད་དགོས། འབྲུ་རིགས་བདེ་འཇགས་འགན་ལེན་བྱེད་པར་ཚང་མར་འགན་འཁྲི་ཡོད་པས་ཏང་སྲིད་འགན་འཁྲི་གཅིག་མཚུངས་ལ་ཕན་འབྲས་ངོ་མ་ཐོན་པ་བྱེད་དགོས། བཀོད་སྒྲིག་ལུགས་མཐུན་བྱས་ནས་ཐོན་ཁུལ་གཙོ་བོ་དང་། ཕྱིར་ཚོང་ཁུལ་གཙོ་བོ། ཐོན་སྐྱེད་དང་ཕྱིར་ཚོང་དོ་སྙོམས་ཁུལ་བཅས་ཚང་མའི་གཞི་ཁྱོན་དང་ཐོན་འབབ་འགན་ལེན་བྱེད་དགོས། རྨོ་ཞིང་སྲུང་སྐྱོང་གི་བླང་བྱ་ཧ་ཅང་གསལ་པོ་དགོས་ཤིང་། རྨོ་ཞིང་མུའུ་དུང་ཕྱུར་18ནི་མིང་དོན་མཚུངས་པ་ཞིག་ཡིན་དགོས། ཞིང་ཁ་ནི་ཞིང་ཁ་རང་ཡིན་དགོས་པ་མ་ཟད། ངེས་པར་དུ་ས་རྒྱུ་གཤིན་པོའི་ཞིང་ཁ་ཡིན་དགོས། ཏན་ཏན་ཏིག་ཏིག་སྒོ་ནས་གྲུབ་ཆ་ལེགས་སྒྲིག་བྱས་ཏེ་སྲན་ཆེན་དང་པད་ཁ་སོགས་འདེབས་ཁྱོན་ཆེ་རུ་བཏང་སྟེ་དཔྱད་ཞིབ་ཐུབ་པའི་ཕན་འབྲས་མཐོང་ཐུབ་པ་དགོས། “ཤ་ཚལ་སྒོང་གསུམ”གྱི་ཧྲི་ཀྲང་གི་འགན་འཁུར་ལམ་ལུགས་དངོས་འབྲེལ་དོན་འཁྱོལ་བྱས་ཏེ་ཕག་ཤ་དང་སྔོ་ཚལ་སོགས་ཞིང་ཞོར་ཐོན་རྫས་མཁོ་སྤྲོད་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས།
        ཞི་ཅིན་ཕིང་གིས་གསུངས་དོན། གྲོང་གསེབ་དར་རྒྱས་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན་པས་མུ་མཐུད་དམ་འཛིན་ནན་པོ་དང་ཡག་པོ་བྱས་ནས་དབུལ་སྒྲོལ་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་སུ་གཏོང་དགོས། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་སྦྲེལ་མཐུད་དམ་ཟབ་ཡོང་བར་མུ་མཐུད་སྐུལ་འདེད་བཏང་ནས་གཞི་ཁྱོན་ཅན་གྱི་དབུལ་ལོག་མི་ཐེབས་པའི་འགན་ལེན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རླབས་ཆེན་གྲུབ་འབྲས་སྲུང་སྐྱོང་དང་སྲ་བརྟན་དུ་ཏན་ཏིག་གཏོང་དགོས། “ཞིང་གསུམ”ལས་དོན་ཁྱབ་ཁོངས་ཀྱི་འགོ་ཁྲིད་ལས་བྱེད་པས“ཞིང་གསུམ”ལས་དོན་གྱི་འཇོན་ཐང་ཆེ་རུ་གཏོང་རྒྱུར་དམ་འཛིན་བྱེད་དགོས།
        ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུའི་ཐོག འབྲུ་རིགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་ཐོན་སྐྱེད་མཁོ་སྤྲོད་ལ་ལྷོད་གཡེང་སྤུ་ཙམ་ཡང་མི་གཏོང་བར་དམ་འཛིན་ཡག་པོ་བྱེད་པ་དང་། ས་གནས་ཀྱི་འབྲུ་རིགས་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ། ནུས་ཤུགས་ཡོད་རྒུས་འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པ། འབྲུ་རིགས་འདེབས་ཁྱོན་བརྟན་པོ་ཡོང་བ་བཅས་བྱས་ཏེ་སྲན་ཆེན་དང་པད་ཁ་སོགས་ཀྱི་ཐོན་འཕར་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་རྒྱུ་ཆ་མཁོ་སྤྲོད་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་པ་དང་། ཞིང་པའི་ཧུར་སེམས་ལ་སྐུལ་སློང་དང་ཞིང་ནང་གཡོག་བྱེད་ལ་ཤུགས་སྣོན་བརྒྱབ་སྟེ་ནུས་ཤུགས་ཡོད་རྒུས་དབྱར་འབྲུར་ལོ་ལེགས་ཡོང་བའི་འགན་ལེན་བྱེད་དགོས། ཞིང་རྟེན་འབྲུ་གསོག་དང་རྩལ་རྟེན་འབྲུ་གསོག་གི་འཐབ་ཇུས་དོན་འཁྱོལ་བྱས་ནས་རྨོ་ཞིང་སྲུང་སྐྱོབ་དང་སྤུས་ཚད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་ཕྱོགས་ཡོངས་ནས་སྲ་བརྟན་དང་རྒྱ་སྐྱེད་གཏོང་དགོས། གྲོང་གསེབ་འཕེལ་རྒྱས་དང་འཛུགས་སྐྲུན་ལ་བརྟན་པོའི་ངང་སྐུལ་འདེད་ཏན་ཏིག་གཏོང་བ་དང་། གྲོང་གསེབ་བཅོས་སྐྱོང་ལེགས་སུ་དང་འཐུས་སྒོ་ཚང་དུ་གཏོང་བ། གྲོང་གསེབ་ཀྱི་མི་འཚོ་སྡོད་ཀྱི་ཁོར་ཡུག་རྒྱུན་མཐུད་ངང་བཅོས་སྐྱོང་དང་ལེགས་སུ་གཏོང་བ། གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཆ་རྐྱེན་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
        ཚོགས་འདུའི་ཐོག ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ལི་ཁེ་ཆང་གི་བཀོད་སྒྲིག་བླང་བྱ་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《2022ལོའི་གྲོང་གསེབ་དར་རྒྱས་ཀྱི་གཙོ་གནད་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར(གྲོས་བསྡུར་མ་ཟིན)》ལ་གྲོས་བསྡུར་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
        ཚོགས་འདུའི་ཐོག་བསྟན་དོན། འདི་ལོ་ནས་བཟུང་ཞིང་ལས་ཐོན་སྐྱེད་བརྟན་ཐོག་ཡར་འཕེལ་རྒྱུན་འཁྱོངས་དང་། འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་རྒྱུན་འཁྱོངས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་གོམ་སྟབས་བརྟན་པོ་ཞིག་སྤོ་བ་བཅས་ཀྱི་གྲུབ་འབྲས་ནི་ལས་སླ་པོར་ཐོབ་པ་ཞིག་མིན། ཞིང་ལས་གྲོང་གསེབ་སྒྱུར་བཅོས་འཕེལ་རྒྱས་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དེས་འགོ་གསར་པ་འཛུགས་པ་དང་། འགྱུར་ལྡོག་ལ་ཁ་གཏད་གཅོག་པ། སྤྱི་ཡོངས་བརྟན་པོ་ཡོང་བ་བཅས་ལ་ནུས་པ་གལ་ཆེན་ཐོན་ཡོད། སང་ལོ་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུ་ཡིན་པས“ཞིང་གསུམ”ལས་དོན་ཡག་པོ་སྒྲུབ་པ་དང“ཞིང་གསུམ”གྱི་གཞི་གདན་འདི་བརྟན་དུ་གཏོང་བར་བརྟན་ལ་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་བདེ་དམངས་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག་རྒྱུན་འཁྱོངས་བྱེད་པའི་ངོས་ནས་བརྗོད་ན་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་ཡོད། 2022ལོའི“ཞིང་གསུམ”ལས་དོན་ཡག་པོ་བསྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བཅས་བྱས་ནས། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ་དང་། ཏང་གིས་གྲོང་གསེབ་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུར་ཤུགས་སྣོན་དང་མཐའ་འཁྱོངས་བྱེད་པ། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་སྲུང་དང་གཞི་ཁྱོན་ཅན་གྱི་དབུལ་ལོག་མི་ཐེབས་པའི་མཐའ་ཚད་གཉིས་བརྟན་པོ་སྲུང་བ། གྲོང་གསེབ་འཕེལ་རྒྱས་དང་། གྲོང་གསེབ་འཛུགས་སྐྲུན། གྲོང་གསེབ་བཅོས་སྐྱོང་བཅས་ཀྱི་གཙོ་གནད་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཏན་ཏིག་གཏོང་བ། ལོ་འཁོར་རང་བཞིན་གྱི་ལས་འགན་དང་། དམིགས་སའི་རང་བཞིན་གྱི་བྱེད་ཐབས། དངོས་ཕན་རང་བཞིན་གྱི་སྟོན་ཕྱོགས་བཅས་མངོན་གསལ་དོད་པོ་ཡོང་བ་བྱེད་པ། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ལ་འཕེལ་རིམ་གསར་པ་དང་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གསར་པ་སྤོ་དགོས།
        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འབྲུ་རིགས་ཐོན་སྐྱེད་དང་ཞིང་ལས་ཐོན་རྫས་གཙོ་བོ་མཁོ་སྤྲོད་བྱེད་རྒྱུར་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ནས་འབྲུ་རིགས་ཀྱི་རྒྱ་ཁྱོན་བརྟན་པོ་ཡོང་བར་བྱེད་པ་དང་། སྲན་ཆེན་དང་པད་ཁ་སོགས་ཐོན་སྐྱེད་བྱེད་རྒྱ་ཆེ་རུ་ཤུགས་ཆེན་བཏང་ནས་2022ལོའི་འབྲུ་རིགས་ཐོན་འབབ་རྒྱ་མ་དུང་ཕྱུར་ཁྲི་1.3ཡན་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས། “ཤ་ཚལ་སྒོང་གསུམ”གྱི་ཧྲི་ཀྲང་གི་འགན་འཁུར་ལམ་ལུགས་ལ་ཤུགས་སྣོན་རྒྱག་པ་དང་། ཕག་པ་གསོ་ཚགས་བརྟན་པོ་ཡོང་བར་བྱས་ནས། སྒོ་ཕྱུགས་དང་། ཁྱིམ་བྱ། ཆུ་ཐོན་དངོས་ཟོག སྔོ་ཚལ་བཅས་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བྱེད་དགོས། རྨོ་ཞིང་སྲུང་སྐྱོང་དང་འཛུགས་སྐྲུན་གྱི་བྱེད་ཐབས་ནན་པོ་དོན་འཁྱོལ་ཡག་པོ་བྱས་ནས་རྨོ་ཞིང་སྲུང་སྐྱོང་གི་འགན་འཁྲི་ནན་དུ་གཏོང་བ་དང་རྨོ་ཞིང་གི་སྤྱོད་སྒོའི་དོ་དམ་ལམ་སྲོལ་ལ་ཤུགས་སྣོན་བརྒྱབ་སྟེ། ཚད་གཞི་མཐོ་བའི་ས་ཞིང་མུའུ་དུང་ཕྱུར་1འཛུགས་སྐྲུན་བྱེད་དགོས། སོན་ཁུངས་སོགས་ཞིང་ལས་ཀྱི་འགག་རྩའི་ལྟེ་བའི་ལག་རྩལ་འགག་སྒྲོལ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཞིང་འཕྲུལ་སྒྲིག་ཆས་ཞིབ་སྤེལ་བཀོལ་སྤྱོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཞིང་ལས་ཚན་རྩལ་གྱི་འདེགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་ལ་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པ། ཐོན་ལས་དང་ལས་ཞུགས་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གཞི་ཁྱོན་ལྡན་པའི་དབུལ་ལོག་མི་ཐེབས་པའི་འགན་ལེན་བྱེད་དགོས། ཐོན་ལས་ལ་དམིགས་ཏེ་གྲོང་གསེབ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་ཐོན་ལས་དང་པོ་དང་། གཉིས་པ། གསུམ་པ་བཅས་མཉམ་འདྲེས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རྫོང་ཁོངས་ཀྱི་དམངས་ཕྱུག་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཞིང་ལས་དང་གྲོང་གསེབ་ཀྱི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཞིང་པས་ཐོན་ལས་ཀྱི་གནས་ཐང་འཕར་བའི་ཕན་འབྲས་དེ་བས་མང་བ་ལོངས་སྤྱོད་ཐུབ་པར་བྱེད་དགོས། གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ་དང་། ད་ཡོད་ཀྱི་གྲོང་ཚོའི་རྨང་གཞིར་གཞི་ཚུགས་པ། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོའི་འཛུགས་སྐྲུན་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ། རྫོང་ཁོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཀྱི་གཞི་རྩའི་དེང་རབས་ཀྱི་འཚོ་བའི་ཆ་རྐྱེན་རིམ་བཞིན་འཛོམས་པར་བྱེད་དགོས། གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་བཏང་ནས་གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་འདོན་སྤེལ་བྱེད་པ་དང་། གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་ནུས་ལྡན་ལས་སྟེགས་དང་གཞི་རྟེན་གསར་གཏོད་བྱེད་པ། གྲོང་གསེབ་ཀྱི་འགལ་བ་དང་རྩོད་གཞི་ཐག་གཅོད་འོས་འཚམ་བཅས་བྱས་ཏེ། གྲོང་གསེབ་ཀྱི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ཡག་པོ་བྱེད་དགོས། ཏང་གིས“ཞིང་གསུམ”ལས་དོན་ལ་འགོ་ཁྲིད་རྒྱུར་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་། རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་དམ་འཛིན་བྱེད་པའི་བླང་བྱ་དོན་འཁྱོལ་བྱེད་པ། གྲོང་གསེབ་དར་རྒྱས་གཏོང་བའི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།
        ཚོགས་འདུའི་ཐོག་བསྟན་དོན། “ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་བརྒྱུད་རིམ་ལྡན་པའི་ངང་ལག་བསྟར་བྱས་ཐོག་དགོངས་དོན་གྱི་ངོ་བོར་གོ་བ་ཏན་ཏིག་ལེན་པ་དང་ལྟེ་བའི་དོན་སྙིང་ཁོང་དུ་ཆུད་པར་བྱས་ཏེ། དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱེད་དགོས། ཏང་གི་གྲོང་གསེབ་ལས་དོན་གྱི་གཞི་རྩའི་ཉམས་མྱོང་ལ་ཐོག་མཐའ་བར་གསུམ་དུ་བརྩི་སྲུང་ཞུ་བ་དང“ཞིང་གསུམ”ཁྱབ་ཁོངས་ཀྱི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ། གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1