༄༅། །སྒྲུང་ཐུང《རྙིང་བ》ཞེས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་ལ་དཔྱད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 12-29



ཟི་ལིང་། རྡོ་རྗེ་དོན་གྲུབ
གླེང་གཞི།

        བོད་ཀྱི་དེང་རབས་རྩོམ་རིག་དེ་དུས་རབས་གོང་མའི“ལོ་རབས་བརྒྱད་ཅུ་པར་ནང་དོན་དང་རྣམ་པ་ཚང་མའི་ཐད་འགྱུར་བ་ཅུང་ཆེ་ཙམ་སོང་ཡོད་པ་དང་།ལོ་རབས་དགུ་བཅུ་པར་ནང་དོན་སྔར་བས་གཏིང་ཟབ་དང་རྒྱ་ཆེ་རུ་སོང་བའི་ཁར་རྩོམ་ཐབས་གསར་པ་མི་ཉུང་ཙམ་བཀོལ་སྤྱོད་ཀྱི་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད།”[1]དེའི་ཁྲོད་དུའང་།བོད་ཀྱི་བརྩམས་སྒྲུང་གསར་རྩོམ་གྱི་འཕེལ་རྒྱས་ལས་བསྐྱེད་པའི་བརྩམས་འབྲས་ཀྱིས་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད་པར་ཟད།དེས་བོད་ཀྱི་དེང་རབས་རྩོམ་རིག་གི་འཕེལ་རྒྱས་ཁྲོད་གཟིགས་བཟོས་འབོར་ཆེན་ཞིག་བསྟར་ཡོད།དེ་བཞིན་དུ2010ལོའི་ཚུན་དུ་གཞོན་སྐྱེས་བརྩམས་སྒྲུང་པ་ཚེ་དབང་རྣམ་རྒྱལ་གྱིས《གྱང》དང་། 《ནད》 《ཟྭ》 《གད་སྙིགས》 《ལྷག་མ》 《བོར་སྟོར་ཞིག》སོགས་བརྩམས་ཆོས་འབོར་ཆེན་ཞིག་བོད་ཀྱི་རྩོམ་རིག་དུས་དེབ《སྦྲང་ཆར》དུ་བསྟུད་མར་སྤེལ་བ་ནས་བཟུང་།རྒྱ་ཆེའི་ཀློག་པ་པོའི་སྡེར་གྲག་འགུལ་འཁྱུག་ཙམ་བཟོས་པའི་ཁར།ཡིད་ལ་བརྣགས་ཤིང་ཆེས་འདྲིས་པར་གྱུར་པའི་བརྩམས་སྒྲུང་པ་ཞིག་ཏུ་གྱུར་པར་བསྙད་ཆོག་ལ།སྐབས་དགུ་པའི“སྦྲང་ཆར་སྨྱུག་གསར་བྱ་དགའ”ཐོབ་པ་སོགས་ཀྱིས་རིགས་བསྒྲེས་པར་བྱ་སྟེ།འདིར《རྙིང་བ》ཞེས་པའི་བརྩམས་སྒྲུང་གི་སྒྱུ་རྩལ་རིན་ཐང་ཅུང་ཟད་གླེང་བ་ལ།

གཅིག བརྩམས་སྒྲུང་གི་སྒྲིག་གཞི།
        ཚེ་དབང་རྣམ་རྒྱལ་གྱི་སྒྲུང་ཐུང《རྙིང་བ》ཞེས་པ་དེའང་། དེ་སྔ་ཁོང་གི་བརྩམས་སྒྲུང《གྱང》དང་འདྲ་བར་མཐོང་སྣེ་གཅིག་ལས་གཏམ་རྒྱུད་ཀྱི་སྐུད་སྣེ་ཕྱོགས་དུ་མར་བསྲིངས་ཡོད་ལ།དེའང་ཕན་ཚུན་རྐྱ་འཐབ་པར་བསྣོལ་མར་གྲུབ་ཡོད།ཡིན་ནའང་།ཐེངས་འདིའི་སྒྲུང་ཐུང་ནི“ང”དང“ངའི”ཁེར་རྐྱང་དང་རྒོལ་གཏོད་ཀྱི་ཤན་སྟོབས་ཀྱི་ཆ་ལ་བརྒལ་བརྟག་མཛད་དེ།མཐོ་སྒང་གི་གྲོང་ཁྱེར་གཅིག་ཏུ་གཞིས་ཆགས་པའི“ངའི”ཁྱིམ་ཚང་དང་གཞུང་ལས་ཁང་གི་རྒྱ་ཁྱོན་གྱིས་ཆོད་ཅིང་།བརྩམས་སྒྲུང་གི་རུ་མ་རུ་གྱུར་པའི་གཏམ་རྒྱུད་དང་།དེའི་བྱུང་རིམ།སྒྲིག་གཞི།བརྗོད་པ།བརྗོད་བྱ་འདེམ་སྟངས།མཐོང་སྣེ་སྤྱོད་ལུགས་སོགས་བརྩམས་སྒྲུང་འགྲུབ་བྱེད་ཀྱི་རྒྱུའམ་ཚོགས་པ་དེ་དག ཁོང་གི་བརྩམས་ཆོས་ཀྱི་ཟུར་ངོས་རེ་རེ་ན་བགས་ཐོན་གྱིས་རང་ལ་མངའ་བའི་ཐུན་མིན་གྱི་ཁྱད་ཆོས་ཤིག་གཏམ་རྒྱུད་ཀྱི་སྲད་བུར་བརྒྱུས་འདུག
        《རྙིང་བ》ཞེས་པའི་བརྩམས་སྒྲུང་འདིར།“རང་ཉིད”བརྩམས་ཆོས་སུ་མ་འདྲེས་པར།རང་དང་ཆེས་ཉེ་བའི་གཏམ་རྒྱུད་འཆད་པ་པོ“ང”ཞེས་པའི་མཐོང་སྣེ་སྤྱད་དེ། བརྩམས་ཆོས་ཀྱི་སྐུད་སྣེ་ཕྱོགས་མི་འདྲ་བར་བསྐྱེད་འདུག “སྤྱིར་བཏང་མཐོང་སྣེ་འདེམ་ལུགས་བཟང་ངན་ཡག་བཙོག་གི་ཁྱད་པར་དགར་མི་འོས་མོད། བརྩམས་སྒྲུང་ལ་འཇུག་པའི་ཐོག་མའི་གནས་སྐབས་དང་། ཡང་ན་སྒྲུང་ཐུང་སོགས་འབྲི་བའི་མཚམས་ཚིགས་སུ་རང་མིང་གི་ལམ་ནས་བརྗོད་པའི་མཐོང་སྣེ་འདི་སྤྱོད་པར་གཞན་ལས་ཁྱད་འཕགས་ཀྱི་ཡོན་ཏན་དང་ལྡན་པར་སྙམ།”[2]རེད་དེ། ཁོང་གི་བརྩམས་སྒྲུང་དུ་ཡོད་པའི“ང”ཞུ་པ་པོ་མི་སྣ་ཆིག་རྐྱང་བ་དེས་མཐོང་སྣེ་དང་སེམས་ཁམས་ཀྱི་འཕྱོ་འཇགས་ལྟར་གཏམ་རྒྱུད་ཀྱི་གུང་བསྒྲིགས་ཡོད་ལ།དེའང་།ཉིན་གཅིག་གི་འཚོ་གནས་རྒྱུད་རིམ་དེ་རིམ་འཇུག(层递)གི་སྒྲིག་གཞི་ལྟར་གྲུབ་ཡོད། “མི་སྣ་ཆིག་རྐྱང་བའི(扁平人物)ཆེས་ལེགས་པའི་ཆ་གཅིག་ནི་ཁོ་རང་ཚོ་རྩོམ་སྟེགས་སུ་ག་དུས་བུད་ཀྱང་།དེ་དག་ཀྱང་དཔྱད་ཤེས་སླ་ལ།དེས་ཀློག་པ་པོའི་མིག་དབང་འཕྲོག་པར་བྱེད་ཅིང་།མཐོང་སྣེ་དེས་ཆེས་དམིགས་བཙུགས་ཀྱི་མིང་དེར་ཡང་བསྐྱར་ཡིད་འཇོག་བྱེད་པ་ཡིན་ཏེ།”[3]བརྩམས་སྒྲུང་འདིར“ངའི”མཐོང་སྣེ་ལས་གཏམ་རྒྱུད་ཀྱི་སྐུད་སྣེ་ཕྱོགས་སོ་སོར་གྱེས་ཡོད་ལ།“ང”ནི་གཏམ་རྒྱུད་ཀྱི་རྒྱུན་ཐག་གཅིག་ཏུ་ངེས་ཤིང་།གཏམ་རྒྱུད་ཀྱི་མགོ་རྐང་གི་སྒྲིག་གཞིའི་ཕྲེང་ཐག་ལྟ་བུར་གྱུར་ཡོད།“ངའི”མཐོང་སྣེ་ལས་མཐོ་སྒང་གི་གྲོང་ཁྱེར་གཅིག་ཏུ་གཞིས་ཆགས་པའི་ཁྱིམ་ཚང་གང་དེའི་སྒེའུ་ཁུང་གི་གུད་དུ་བཞག་པའི་འབོལ་ཁྲི་རྙིང་བ་དེའི་ཁ་གཏད་ཀྱི་རྩིག་ལྡེབས་སུ་བཀལ་བའི་མེ་ལོང་གཅིག་གི་བརྙན་ཤེལ་བརྒྱུད་དེ་གཏམ་རྒྱུད་ལ་བློས་བསླངས་བྱས་འདུག ཞོགས་པ་གང་དེར“ངའི”མཐོང་འོག་གི་མེ་ལོང་གི་བརྙན་ཡོལ་བརྒྱུད་དེ།ཚེ་འདས་ཀྱི“ཨ་ཕ”དང་།“ཨ་མ།”“ཆུང་མ།”ལས་གྲོགས“སྒྲོལ་མ”བཅས་ཀྱིས་བརྩམས་སྒྲུང་གྱི་སྐུད་སྣེ་ཕྱོགས་དུ་མར་གྱེས་ཤིང་།དེར་བརྟེན།རྩོམ་པ་པོས་ཡིད་ཀྱི་རྟོག་བཏགས་དང་འཆར་ཡན་གྱི་བགྱི་བ་ལྷུར་བླངས་ཏེ།གཏམ་རྒྱུད་ཀྱི་བྱུང་རིམ་ཧྲིལ་པོ་གྱ་གྱུ་འཛིང་པ་ཅན(交错)དུ་བཞེངས་སྐྲུན་བྱས་ཡོད་ལ།“དུས་ཚོད”ཅེས་པའི་མཐོང་མེད་འཛིན་རེག་བྲལ་བ་དེ་འཕྲེད་གཞུང་བསྣོལ་མར་བསྡབས་ཏེ།གཏམ་རྒྱུད་ཀྱི་གུང་བསྒྲིགས་སྟངས་དེའང་ཐར་ཐོར་དུ་མ་སོང་བར།སྒྲོམ་གཞི་གཅིག་ཏུ་ཚགས་སུ་ཆུད་ཅིང་།“བྱེ་བྲག་གི་སྒྲིག་བཀོད་དེ་འཚོ་བ་ལྟར་འགྱུར་བ་ཁྲི་ཕྲག་ལྷག་བྱུང་ཆོག་མོད།འོན་ཏེ།སྤྱིའི་རིག་ལམ་དེ་གསུམ་དུ་འདུ་སྟེ།དེའང་གཏམ་རྒྱུད་མགོ་བརྩམས་པ།དེ་ནས་མི་སྣ་ནས་མགོ་བརྩམས་པ། སེམས་ཁམས་ནས་མགོ་རྩམས་པ”[4]ལྟར་བརྩམས་སྒྲུང་གི་སྒྲིག་གཞི་ཆིག་སྒྲིལ་དུ་གྲུབ་པར་བྱས་ཡོད།

གཉིས། སྤྲོས་བརྗོད་ཀྱི་དབྱངས་འགྲོས།

        ཁོང་གི་ཞལ་ནས“བརྩམས་སྒྲུང་ནི་བྱུང་རིམ་གཏམ་རྒྱུད་དུ་མ་གྱུར་པ།སྤྲོས་བརྗོད་ངོ་སྤྲོད་དུ་མ་གྱུར་པ།སྒྲིག་གཞི་སྤྱི་འགྲོས་སུ་མ་གྱུར་པ།སྐད་ཆ་གསལ་བཤད་དུ་མ་གྱུར་པ།བརྗོད་པ་ཕྱོགས་ཞེན་དུ་མ་གྱུར་པ།སྤྲོས་རྗོད་མི་སྣར་མ་འཁྲུལ་པ།རྩོམ་པ་པོ་བརྩམས་ཆོས་སུ་མ་འདྲེས་པར།མཛེས་པའི་བདེ་བ་ངེས་ཅན་ཞིག་འཚོལ་ཞིང་སྙེག་གིན་པའི་སྒྱུ་རྩལ་གྱི་ཆོས་རྣལ་མ་ཞིག་ཏུ་མི་འགྱུར་གྲང་སྙམ་སྟེ།མཛེས་དཔྱོད་ཀྱི་རིན་ཐང་ནི་ད་གཟོད་བརྩམས་སྒྲུང་ཞིག་གི་རིན་ཐང་མཐར་ཐུག་པ་དེ་ཡིན་པའི་གདེང་རྙེད་པས་སོ། །དེས་ན་བརྩམས་སྒྲུང་རྩོམ་པའམ་ཀློག་པ།དཔྱད་པ་ལ་འཇུག་པ་སོགས་གང་ཡིན་ཡང་ཐོག་མར་དེ་ནི་སྒྱུ་རྩལ་གྱི་རྣམ་པ་བྱེ་བྲག་པ་འབའ་ཞིག་ཡིན་པའི་གནད་འདི་ཉིད་ཐོག་མཐའ་བར་གསུམ་དུ་ངེས་དགོས་སོ། །”[5]ཞེས་པ་ལྟར།འདི་ནི་ཁོང་གི་བརྩམས་སྒྲུང་ཐུན་མོང་ལ་མངའ་བའི་ཁྱད་ཆོས་དང་དམ་ཚིག་རང་ཁྱད་རྫོགས་པ་ཞིག་ཅི་ལ་མིན།《རྙིང་བ》ཞེས་པའི་བརྩམས་སྒྲུང་འདིར་ཁོང་གི་དེ་སྔའི་བརྩམས་ཆོས《གྱང》དང《ལྷག་མ》ཡི་ཁྲོད་ཀྱི་རྣོ་ལྕགས་ཨར་འདམ་ལས་གྲུབ་པའི་རྡོ་ཁང་གྲུ་བཞི་དང་།དེར་མངའ་བའི་འབོལ་ཁྲི་སོགས་སྔར་བཞིན་བརྩམས་ཆོས་འདིར་སྤྲོས་བརྗོད་བྱས་ཏེ།བརྩམས་སྒྲུང་ཁྲོད་ཀྱི་མི་སྣའི་ནང་སེམས་ཀྱི་འགལ་འདུ་དེའང་མདོ་ཐག་ནང་མའི(内聚焦)མཐོང་སྣེ་ནས་རྩོམ་གྱི་དོན་བརྗོད་སྒྲིག་གཞི་གྲུབ་པར་བྱས་ཡོད། “བརྩམས་སྒྲུང་ནང་གི་འགལ་བ་ནི་མི་སྣའི་གནས་སྡོད་དང་བྱུང་རིམ་འཕེལ་འགྱུར་གྱི་སྒུལ་ཤུགས་ཡིན་པས།སྤྱིར་བཏང་གི་བརྩམས་སྒྲུང་དུ་འགལ་བ་དེ་གཅིག་བསྡུས་དང་རྣོ་ངར་ཅན་གྱི་ངོས་ནས་བྲིས་ཡོད་མོད།[6]དེའང་། བརྩམས་སྒྲུང་ཁྲོད་ཀྱི་གཏམ་རྒྱུད་ཀྱི་མཐོང་སྣེའི་ཁ་གཏད་ཡུལ་དང་སྤྲོས་བརྗོད་ཀྱི་འགྲོས་ལྟར་མི་སྣའི་འགལ་འདུའི་ཕུང་པོ་དེ་གཟེངས་སུ་ཐོན་པར་བྱེད་དགོས་ལ།བརྩམས་སྒྲུང་ཞིག་ལེགས་འགྲུབ་བྱུང་བའི་གལ་གནད་ཀྱང་ཡིན། 《རྙིང་བ》ཞེས་པའི་བརྩམས་སྒྲུང་གི་གཏམ་རྒྱུད་འཕེལ་རིམ་གྱི་འགྲོས་དང་སྤྲོས་བརྗོད་ཀྱི་དབྱངས་འགྲོས་དེ“ངའི”མཐོང་སྣེ་དང་ཁ་བརྡ།སེམས་ཁམས་འཕྱོ་འཇགས་ལྟར།གཏོལ་མེད་ཀྱི་གནད་དོན་ཞིག་འགལ་བའི་མཚམས་ཚིགས་ཀྱི་ངོར་གནས་ཤིང་།བརྩམས་སྒྲུང་དུ་གཏམ་རྒྱུད་ཀྱི་སྤྲོས་བརྗོད་དམ་སྐད་ཆའི་དབྱངས་འགྲོས་དེའང་ལན་རེར“ལོ་དུ་མའི་སྔོན་དུ་དང”ལོ་མང་པོ་ཞིག་གི་ཡར་སྔོན་དུ”ཞེས་སྡུད་སྟོབས(幅度)ཆེ་ཞིང་།དུས་ཚོད་ཀྱི་འགྲོས་ལྟར་གཏམ་རྒྱུད་ཀྱི་རྒྱུན་ལ་དྲངས་ཡོད།སྤྲོས་བརྗོད་ཀྱི་དབྱངས་འགྲོས་དེ་ཚིག་མཚམས་ཐུང་ལ།ཆེས་ཐུང་བ་དེ་ཡིག་འབྲུ་གཉིས་དང་ཆེས་རིང་བ་དེའང་ཡིག་འབྲུ་བཅུ་དྲུག་ཙམ་གྱིས་གྲུབ་ཅིང་།ཚིག་བབ་ཀྱི་གྲིམ་ལྷོད་རན་པའི་ཁྱད་ཆོས་དུ་མས་ཕྱུག་གོ ། །

        སྤྲོས་བརྗོད་དེ་བརྩམས་སྒྲུང་སྤྱིའི་སྤྲོས་བརྗོད་དང་སྒྲིག་གཞི།བརྗོད་སྙིང་བཅས་ཕན་ཚུན་དམ་པོར(密切联系)སྦྲེལ་ཡོད་ཅིང་།མི་སྣའི་ནང་སེམས་ཀྱི་འཕག་འཚག་ལས་བྱུང་བའི་འགལ་འདུའི་ཕུང་པོ་ཞིག་སྤྲོས་བརྗོད་ཀྱི་ཐབས་རྩལ་ལས་མངོན་པར་བསྟར་ཡོད།རེད་དེ།“དེས་ན་རྙིང་བ་ཞེས་པ་འདི་ཇི་ལྟར་བྱུང་བ་ཡིན་ནམ།ངས་ཅི་ཡང་ཚོར་མ་བྱུང་།དེ་ཉིད་འབྱུང་དུས་མཐའ་སྐོར་གྱི་ཡོད་ཚད་ལ་གྲག་འགུལ་ངེས་ཅན་ཞིག་བཟོས་ཡོད་དམ།”[7]ཞེས་རྩོམ་པ་པོས་གཏམ་རྒྱུད་ཀྱི་ལྟེ་ཐག་ལྟ་བུར་གྱུར་པའི“རྙིང་བ”དེ་རྩོམ་འགྲོས་སུ་བརྒྱུས་ཏེ།རྡོ་ཁང་གྲུ་བཞི་དེའི་འབོལ་ཁྲི་རྙིང་བའི་ཁ་གཏད་ཀྱི་མེ་ལོང་གི་བརྙན་ཤེལ་བརྒྱུད་དེ།རྩོམ་པ་པོས“ཚེས་འདས་ཀྱི་ཨ་ཕ”དང་།“ཨ་མ”ད་དུང“ང”ཞུ་པོ་གང་དེའི་འཆར་སྒོ་ལ་བརྟེན་ནས་མངོན་གསུམ་དང་།རྟོག་བཟོ་རྒྱུ་གསུམ་གཅིག་འདྲིལ(三元合一)གྱིས་གཏམ་རྒྱུད་ཁྲོད་ཀྱི་མི་སྣ་དག་ཕན་ཚུན་བསྣོལ་མར་བསྡེབས་ཏེ།ཞར་ལ།“ང”ཞུ་པ་པོ་གང་དེ་ལས་ཚོགས་སུ་ཕྱིན་ཏེ།ལས་གྲོགས“སྒྲོལ་མའི”ཁ་བརྡའི་ཁྲོད་ནས་ནང་སེམས་ཀྱི་འཆར་སྒོ་ཡངས་པར་ཕྱེ་སྟེ།བརྩེ་དུངས་ཀྱི་གསང་བར་སེམས་ཀྱི་རྫུ་བག་རྣོན་པས་བཅར་ཀྱང་།སླད་མར་ལས་གྲོགས་སྒྲོལ་མའི་བཟའ་འཐོར་གྱི་བསྐྱེད་འབྲས་ལས“ང”ཞུ་པ་པོ་གང་དེ་བསམ་གཞིག་གི་རྒྱ་ཡན་དུ་ཚུད་ཅིང་།སྤྲོས་བརྗོད་ཀྱི་དབྱངས་འགྲོས་དེའང་གཏམ་རྒྱུད་ཀྱི་བྱུང་རིམ་ལྟར་ཚིག་གི་སྲད་བུར་བརྒྱུས་ཡོད།

        སྒྲུང་ཐུང་འདིར“མ་གཞིར།རྙིང་བ་ཞེས་པ་འདི་གསར་པ་རུ་བརྗེ་རྒྱུ་ནི་འདི་འདྲའི་ལས་སླ་མོ་ཞིག་ཡིན་ནམ།གང་ལྟར།ཕྱུ་པ་ཞིག་ནས་ཕྱུ་པ་ཞིག་བརྒྱུད་རྗེས།ཨ་མ་གཞི་ནས་རྙིང་བ་ཞེས་པ་དེ་ནས་གསར་པ་ཞེས་པ་དེར་སླེབས་འདུག”[8]ཅེས“ཨ་མ”དང་མོའི་ཕྱུ་པ་གསར་རྙིང་།དེ་མིན།(རིང་ཐུང་དང་ཡང་ལྕི། དཀར་ནག དགེ་སྡིག ཆེ་ཆུང་། མངོན་ལྐོག བདེན་རྫུན། འཕྲལ་ཕུགས། གསར་རྙིང་།)རྙིང་ཞེན་བག་འཁུམ་དང་།ཚུལ་འཆོས།གསར་དར་གྱི་འདོད་པའི་ཕུན་ཚོགས་བར་གྱི་འགལ་བ།གསར་རྙིང་གི་འགལ་འབྲེལ་གྱི་ཆོས་ཉིད་སོགས་འགལ་འདུའི་ཕུང་པོ་གཏོས་ཆེ་བ་ཞིག་བརྩམས་སྒྲུང་འདིའི་ཟབ་སར་བསྐུངས་པའི་བརྗོད་བྱའི་སྲོག(主题思想)ཡན་གར་བ་ཞིག་ཏུ་འཁུམས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1