༡ བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་མཚན་ཉིད་དང་ནང་དོན།
བོད་ཀྱི་རིག་གནས་ནི་བོད་མི་རིགས་ཀྱི་ལོ་རྒྱུས་དང་སྤྱི་ཚོགས། ཆབ་སྲིད། དཔལ་འབྱོར། ཆོས་ལུགས། འཚོ་བ། ཡུལ་སྲོལ་གོམས་གཤིས་དང་ས་བབས་ཁོར་ཡུག་སོགས་ཀྱི་ཁྱད་ཆོས་ཕྱིར་འདུ་ཤེས་འཛིན་སྟངས་ཀྱི་རྣམ་པར་འཕོས་པ་སྟེ་བོད་མི་རིགས་ཀྱི་བློ་རིག་གི་ཉིང་བཅུད་ཡིན། དེ་ལ་བོད་མི་རིགས་ཀྱི་བརྩེ་བ་དང་སྙིང་སྟོབས། སྙིང་དོན་འཚོལ་སྙེག་སོགས་འདུས་ཡོད་ལ། དེ་རུ་མི་རིགས་ཀྱི་འདུ་བསམ་བློ་མངོན་ཡོད། དེ་ནི་བོད་མི་རིགས་ཀྱི་བླ་སྲོག་དང་མཚོན་རྟགས་ཡིན།དེ་ཡང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གོ་དོན་ལ་སྒྲ་ཡངས་འཇུག་གི་གོ་དོན་དང་སྒྲ་དོག་འཇུག་གི་གོ་དོན་གཉིས་ཡོད། སྒྲ་ཡངས་འཇུག་ཏུ་ཆོས་ལུགས་རིག་གནས་དང་འཇིག་རྟེན་པའི་རིག་གནས།མང་ཚོགས་རིག་གནས། རྒྱུད་སྡེའི་རིག་གནས། ས་ཁོངས་རིག་གནས། ཞིང་ལས་རིག་གནས། འབྲོག་པའི་རིག་གནས། བཟའ་བཏུང་རིག་གནས། གྱོན་གོས་རིག་གནས།བཟོ་སྐྲུན་རིག་གནས། གཉེན་སྒྲིག་དང་འདས་མཆོད་ཀྱི་རིག་གནས། དུས་ཆེན་རིག་གནས། རི་ཆུའི་ས་བྲག་རྩི་ཤིང་སོགས་ཀྱི་རིག་གནས་འདུས་ལ། སྒྲ་དོག་འཇུག་གི་རིག་གནས་ནི་བོད་ཀྱི་སྲོལ་རྒྱུན་གྱི་དབྱེ་སྟངས་ལྟར་གོང་སྨྲས་ཀྱི་ནང་དོན་དག་རིག་གནས་ཆེ་ཆུང་བཅུའི་ནང་དུ་བསྡུ་བ་དེ་རེད། དེ་ལ་སྐད་དང་ཡི་གེ། ཆོས་ལུགས། ལོ་རྒྱུས་ཡིག་ཚགས། མཚན་ཉིད་རིག་པ། གནམ་རྩིས་རིག་པ། རིག་གནས་སློབ་གསོ། སྨན་བཅོས་འཕྲོད་བསྟེན། ཚན་རིག་ལག་རྩལ། རྩོམ་རིག་སྒྱུ་རྩལ། མི་ཆོས་ཀུན་སྤྱོད་སོགས་ཀྱི་ནང་དོན་འདུས། འདི་དག་ནི་བོད་མི་རིགས་ཀྱི་བསམ་པའི་རྒྱུ་ནོར་གྱི་གྲུབ་ཆ་གཙོ་བོ་ཡིན་པ་མ་ཟད། མིའི་རིགས་ཀྱི་རིག་གནས་ཤུལ་བཞག་གི་རྒྱུ་ནོར་གལ་ཆེན་ཀྱང་ལོས་ཡིན། དེ་བས་ག་དུས་ཡིན་ཡང་གཡེལ་བ་དང་བསྙེལ་བ་མེད་པའི་སྒོ་ནས་འཛིན་སྐྱོངས་སྤེལ་གསུམ་བྱེད་དགོས་པ་ནི་བསྙོན་དུ་མེད་དོ།།
༢ བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས།
1 བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་རྟགས།
བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་གཤམ་གྱི་ཁྱད་ཆོས་ལྔ་ལྡན་པ་སྟེ། གཅིག བོད་ཀྱི་སྲོལ་རྒྱུན་རིག་གནས་ནི་ས་སྐྱེས་རྡོ་སྐྱེས་ཀྱི་བོན་པོའི་ཆོས་ལུགས་ཀྱིས་རྩ་བ་དང་འབྱུང་ཁུངས་བྱས་པ་དང་། ཕྱི་ནས་དར་བའི་སངས་རྒྱས་ཆོས་ལུགས་ཀྱིས་དེ་ལ་ཁ་སྣོན་དང་མཛེས་རྒྱན་བྱས་པ་མ་ཟད་སྣེ་ཁྲིད་ཀྱི་ནུས་པ་བཏོན་པའི་ལོ་རྒྱུས་རྒྱུན་རིང་ཞིང་།ནང་དོན་ཕུན་སུམ་ཚོགས་ཤིང་ཁ་དོག་སྣ་ཚོགས་མཆིས་པ། ཁྱད་ཆོས་མངོན་པར་དོད་པའི་གངས་ལྗོངས་རིག་གནས་དེ་ཡིན། གཉིས། དེ་ནི་མི་རིགས་ཀྱི་ཐོན་སྐྱེད་འཕེལ་རྒྱས་དང་བསྟུན་ནས་གྲུབ་པའི་ཚེ་སྲོག་གི་གསོན་ཤུགས་བརྟས་པའི་བོད་མི་རིགས་ཀྱི་རིག་གནས་སྟེ། དེའི་འཕེལ་རྒྱས་ནི་ཐེོག་མའི་བསྐལ་བ་ཡ་ཐོག་གི་སྤྱི་ཚོགས་ནས་གདོད་མའི་སྤྱི་ཚོགས། དེ་ནས་ཉེ་རབས་དང་དེང་རབས་སྤྱི་ཚོགས། མཐར་མིའི་རིགས་སྟོང་ཁམས་ཉུལ་བའི་དེ་རིང་གི་སྤྱི་ཚོགས་བར་བརྒྱུད་ནས་ཡོང་བ་ནའང་། དེ་སྔར་བཞིན་འཛམ་གླིང་རིག་གནས་ཀྱི་ལྡུམ་ར་ཆེན་མོའི་ཁྲོད་རྩ་བ་བརྟན་ཞིང་སྐྱེ་སྟོབས་དང་གསོན་ཤུགས་ཀྱི་ལེར་ཡོད་པ་རེད། བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་མིའི་རིགས་ཀྱི་རིག་གནས་ཀྱི་ཐུན་མོང་གི་ཁྱད་ཆོས་དེ་ཡོད་པ་མ་ཟད། ད་དུང་ཐུན་མིན་གྱི་ཁྱད་རྟགས་བརྒྱད་མཛོམས་པ་སྟེ། མི་རིགས་རང་བཞིན། ས་ཁོངས་རང་བཞིན། སྣ་མང་རང་བཞིན།ཁྱད་མཚར་རང་བཞིན། བརྟན་བརླིང་རང་བཞིན། དཀྱེལ་ཡངས་རང་བཞིན། ཕྱོགས་སྟོན་རང་བཞིན་དང་རྒྱལ་སྤྱི་རང་བཞིན་བཅས་རེད། གསུམ། བོད་ཀྱི་རིག་གནས་ནི་མུ་ནས་མུར་རིགས་རྒྱུད་མི་འདྲ་བ་དང་། རྒྱལ་ཁབ་མི་འདྲ་བ། མི་རིགས་མི་འདྲ་སོགས་ཀྱིས་དགའ་མོས་བྱེད་ཡུལ་དང་བཀོལ་སྤྱོད་བྱེད་ཡུལ། དཔྱད་མྱོང་བྱེད་ཡུལ་དང་ཚད་མཐོན་པོས་མཉམ་སྤྱོད་བྱེད་ཡུལ་བཅས་སུ་འགྱུར་བཞིན་པ་འདི་རེད། བཞི། བོད་མི་རིགས་ཀྱི་རིག་གནས་དང་རིག་གནས་ཐོན་ལས་ལ་འཛམ་གླིང་རང་བཞིན་གྱི་དཔྱད་གླེང་སྒྲོག་སྤེལ་འཕེལ་རྒྱས་ཀྱི་བར་སྟོང་དང་དཔལ་འབྱོར་ཁེ་ཕན་རྩོལ་ལེན་གྱི་གོ་སྐབས་ཡོད་པ། ལྔ། བོད་མི་རིགས་ཀྱི་རིག་གནས་ལ་ཉིན་རེ་བཞིན་རྒྱལ་ཕྱི་ནང་གི་སྟོབས་ལྡན་རིག་གནས་ཀྱིས་རྡུང་རྡེག་དང་སིམ་འདྲེས་ཐེབས་བཞིན་ཡོད་པས་སྐབས་བསྟུན་གྱི་མྱུར་སྐྱོབས་དང་འོས་ལུགས་མཐུན་གྱི་བེད་སྤྱོད་དགོས་པ་བཅས་རེད།
2 བོད་ཀྱི་སྲོལ་རྒྱུན་རིག་གནས་དང་ཆོས་ལུགས་བར་གྱི་འབྲེལ་བ།
ཆོས་ལུགས་རིག་གནས་ནི་སྲོལ་རྒྱུན་རིག་གནས་ཀྱི་གལ་ཆེའི་གྲུབ་ཆ་ཡིན། དེ་བས་ཆོས་ལུགས་རིག་གནས་མ་ཤེས་ན་བོད་ཀྱི་རིག་གནས་ཆ་ཚང་ཞིག་ཤེས་མེད་ཞེས་བཤད་ཆོག དེ་ནི་བོན་ཆོས་དང་སངས་རྒྱས་ཆོས་ལུགས་ཀྱིས་བོད་མི་རིགས་ཀྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་དང་སློབ་གསོ། ཕྱི་འབྲེལ་དང་རྩོམ་རིག སྒྱུ་རྩལ་དང་མི་ཆོས་ཀུན་སྤྱོད། སྤྱི་ཚོགས་སེམས་ཁམས་དང་བསམ་གཞིག་གཏོང་སྟངས། རིན་ཐང་ལྟ་བ་ལ་སོགས་པའི་ཕྱོགས་ལ་ཤུགས་རྐྱེན་ངེས་ཅན་ཐེབས་པས་ཡིན་ལ།ཆོས་ལུགས་བསྟན་བཅོས་ཁྲོད་དུ་ལོ་རྒྱུས་དང་རྩོམ་རིག སྒྱུ་རྩལ་དང་མཚན་ཉིད་རིག་པ། གནམ་དཔྱད་དང་སྐར་རྩིས། གསོ་རིག བཟོ་སྐྲུན། བརྐོས་རིས་ལག་རྩལ། རི་མོ།ཟློས་གར་སོགས་ཀྱི་འདུས་ཡོད།
མང་མང་གི་བློ་ངོར་ཚན་རིག་དང་ཆོས་ལུགས་ནི་མེ་ཆུ་ལྟར་གདོད་ནས་མཉམ་དུ་གནས་ཐབས་མེད་པ་ཞིག་དང་། དེ་གཉིས་ཀྱི་བར་ལ་འདུམ་ཐབས་མེད་པའི་འགལ་ཟླ་ཞིག་ཡོད་པར་འདོད། ཡིན་ཙང་། དོན་དངོས་སུ་དེ་གཉིས་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་པ་སྟེ། འདི་ནས་དཔེ་བརྗོད་ལྔའི་ལམ་ནས་གསལ་བྱེད་ཅིག་བྱེད། གཅིག གནའ་ནས་ད་ལ་ཐུག་གི་བར་ཆོས་ལུགས་པ་མང་བོས་ཚན་རིག་ཐད་བྱས་རྗེས་རླབས་ཆེན་བཞག་མྱོང་བ་སྟེ། དཔེར་ན། ཀའོ་པེ་ཉི། ཅ་ལི་ལེ། རྒྱ་ནག་ཧ་ཤང་ཁ་ཤས། ཕྱོགས་གླང་། རྟ་དབྱངས། སྟོན་པ་གཤེན་རབ་མི་བོ་ཆེ། སློབ་དཔོན་པདྨ་འབྱུང་གནས། ལོ་ཙ་བ་རིན་ཆེན་བཟང་བོ། རྔོག་བློ་ལྡན་ཤེས་རབ། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།བུ་སྟོན་རིན་ཆེན་གྲུབ། ས་སྐྱ་ཀུན་དགའ་རྒྱལ་མཚན། རྒྱལ་དབང་སྐུ་ཕྲེང་ལྔ་བ་ངག་དབང་བློ་བཟང་རྒྱ་མཚོ། སྡེ་སྲིད་སངས་རྒྱས་རྒྱ་མཚོ། རྗེ་ཙོང་ཁ་བ། བཤད་སྒྲུབ་བཀྲ་ཤིས་རྒྱལ་མཚན། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇུ་མི་ཕམ་བསོད་ནམ་རྒྱ་མཚོ། སུམ་པ་ཡེ་ཤེས་དཔལ་འབྱོར། ལ་སོགས་པ། གཉིས། ཆོས་ལུགས་པ་རྣམས་ཀྱིས་ནང་བསྟན་བོད་བསྒྱུར་གྱི་དུས་མཚུངས་སུ། གསོ་རིག་དང་སྐར་རྩིས། བཟོ་རྩལ་དང་དང་མཛེས་རྩལ། རྩོམ་རིག་སྒྱུ་རྩལ་ལ་སོགས་པའི་ཕྱོགས་ཀྱི་བསྟན་བཅོས་འབོར་ཆེན་བོད་འགྱུར་གནངས་བས། བོད་མི་རིགས་ཀྱི་ཚན་རྩལ་འཕེལ་རྒྱས་ཕྱོགས་ལ་བྱས་རྗེས་མི་དམན་པ་བཞག་ཡོད། གསུམ། སྔོན་ཆད་བོད་མི་རིགས་ཀྱི་རིག་གནས་ཆེ་ཆུང་བཅུའི་ཚན་རྩལ་རིག་གཞུང་འབོར་ཆེན་ཡང་གྲྭ་བཙུན་རྣམས་ཀྱིས་བསྡུ་སྒྲིག་བྱས་ནས་བྱུང་བ་ཡིན། ཁོང་ཅག་གིས་བོད་མི་རིགས་ཀྱི་ཚན་རྩལ་འཕེལ་རྒྱས་འགྲོ་བར་བྱས་རྗེས་བསུབ་ཏུ་མེད་པ་བཞག་ཡོད་པ་རེད། བཞི། བོན་གཞུང་གི་དངོས་པོའི་གཟུགས་ཉིད་སྨྲ་བའི་བསམ་བློ་དང་འགལ་ཟླ་གཅིག་འདུའི་འཇིག་རྟེན་ལྟ་བ་དང་ནང་ཆོས་ཀྱི་རིག་གནས་ཆེ་ཆུང་བཅུ་ཚང་མ་ཕལ་ཆེར་ཚན་རིག་ལག་རྩལ་གྱི་གྲུབ་འབྲས་ཀྱི་ཁོངས་སུ་གཏོགས་པ་མ་གཏོགས་དེ་ནི་ཆོས་ལུགས་དང་ལྐོག་གྱུར་རིང་ལུགས་ཀྱི་ནང་དོན་མ་ཡིན། མ་ཟད་ཚན་རིག་བརྩམས་ཆོས་དེ་དག་ཆོས་ལུགས་དང་འདྲ་བར་ཚང་མ་དགོན་སྡེའི་གྲྭ་བཙན་དག་གིས་པར་འདེབས་དང་ཉར་ཚགས་བྱས་བརྒྱུད་ནས་ཡོང་བ་ཡིན། ལྔ། དགོན་སྡེ་ནི་བོད་ཀྱི་སྤྱི་ཚོགས་ཀྱི་སྲིད་འབྱོར་རིག་གསུམ་གྱི་ལྟེ་བ་དང་སློབ་གསོའི་གནས་གཞི། ཆེས་མཐོའི་སློབ་གླིང་སོགས་ཡིན་པས། དེ་རུ་ཆོས་ལུགས་པ་གསོ་སྐྱོངས་གནངས་བར་མ་ཟད། ད་དུང་ཆབ་སྲིད་པ་དང་སྤྱི་ཚོགས་ལས་འགུལ་མཁན། མཚན་ཉིད་རིག་པ་བ། ལོ་རྒྱུས་རིག་པ་བ། རྩོམ་རིག་པ། གནམ་དཔྱད་དང་སྐར་རྩིས་རིག་པ་བ། སྐད་བརྡ་རིག་པ་བ།གསོ་རིག་པ་དང་སྒྱུ་རྩལ་བ་སོགས་མང་བོ་གསོ་སྐྱོངས་གནང་ཞིང་། དེས་བོད་རིགས་ཀྱི་ཚན་རིག་རིག་གནས་འཕེལ་རྒྱས་འགྲོ་བར་བྱས་རྗེས་བསུབ་ཏུ་མེད་པ་བཞག་ཡོད་པ་རེད། ཆོས་ལུགས་རིག་གནས་དང་ཚན་རིག་ལག་རྩལ་ནི་ཕན་ཚུན་ཤུགས་རྐྱེན་ཐེབས་རེས་དང་ཕན་ཚུན་བགྲོ་གླེང་། ཕན་ཚུན་སིམ་འཛུལ་སོགས་བརྒྱུད་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་ལྡན་པའི་སྲོལ་རྒྱུན་རིག་གནས་སུ་གྱུར་ཅིང་། ཆོས་ལུགས་ཀྱིས་སྔོན་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་རྒྱུད་འཛིན་དར་སྤེལ་གྱི་ནུས་བ་ཡང་བླ་ལྷག་ཐོན་ཡོད་པ་རེད།
འོན་ཀྱང་། འདི་ནས་དམིགས་བསལ་གྱིས་ཞུ་དགོས་པ་ཞིག་ནི། ཆོས་ལུགས་ཟེར་ན་བོད་ཀྱི་རིག་གནས་ཡིན་པའི་མ་ཁྱབ་སྟེ། མི་ལ་ཤས་ཀྱིས་བོད་ཀྱི་རིག་གནས་ནི་ཆོས་ལུགས་ཡིན་པར་སྙམ་ཞིང་། ཆོས་ལུགས་ནི་བོད་ཀྱི་རིག་གནས་ཀྱི་ཡོད་ཚད་ཡིན་པར་སྙམ། ལྟ་བ་དེ་རིགས་འཛིན་མཁན་ནི་བོད་ཀྱི་རིག་གནས་ལ་རྒྱུས་མངའ་གསལ་བོ་མ་ཡོད་པའི་སྣང་ཚུལ་ཞིག་ཞིང་། ལོག་རྟོག་དེ་རིགས་ཀྱིས་མི་མང་བོའི་བོད་ཀྱི་རིག་གནས་ཀྱི་ངོས་འཛིན་ལ་སླད་བསྲེས་ཡོད་པ་རེད།སྲོལ་རྒྱུན་གྱི་རིག་གནས་རིག་གནས་ཆེ་ཆུང་བཅུའི་ནང་ན་ཆོས་ལུགས་རིག་གནས་ནི་ནང་དོན་རིག་པ་གཅིག་ལས་མེད་པ་གསལ་བོ་བསྟན་ཡོད་པ་རེད། དེ་ལས་དགུ་བོ་ནི་ཚང་མ་དམངས་ཕལ་བའི་རིག་གནས་སམ་དམངས་སྲོལ་རིག་གནས་ཡིན་ལ། མི་ཚང་མས་སློབ་སྦྱོང་བྱས་ཆོག་པ་རེད། ཆོས་ལུགས་དང་བོད་ཀྱི་རིག་གནས་ལ་འབྲལ་མེད་ཀྱི་ལས་འབྲེལ་ཞིག་ཡོད་པ་ནི། བོད་མི་རིགས་ཀྱི་དམིགས་བསལ་གྱི་སྤྱི་ཚོགས་འཕེལ་རྒྱས་ཀྱིས་ཐག་བཅད་ཡོད་པ་ཞིག་སྟེ། བོད་ཀྱི་རིག་གནས་ཀྱི་འཕེལ་རྒྱས། རྒྱུན་འཛིན་དང་དར་སྤེལ་སོགས་ཚང་མ་ཆོས་ལུགས་ཞེས་པའི་སྨྱན་བྱེད་དམ་ཐེག་གཟུགས་འདིར་བསྟེན་ནས་མངོན་འགྱུར་བྱུང་བ་ཡིན་ཞིང་།དེའི་ཁར་བོད་ཀྱི་ལོ་རྒྱུས་སྟེང་ཡོ་རོབ་ཀྱི་དུས་རབས་བར་མའི་རིག་རྩལ་བསྐྱར་དར་ལྟ་བུའི་ཆོས་ལུགས་དང་རིག་གནས་ཁ་བྲལ་གྱི་ལས་འགུལ་ཡང་བྱུང་མྱོང་མེད་པས་བོད་ཀྱི་རིག་གནས་དང་ཆོས་ལུགས་བར་འབྲལ་དུ་མེད་པའི་འབྲེལ་བ་ཞིག་ཡོད་པ་རེད།
༣ བོད་ཀྱི་སྲོལ་རྒྱུན་རིག་གནས་དུས་རབས་གསར་བའི་ཁྲོད་ཀྱི་བེད་སྤྱོད་ཕན་ནུས།
1 སྲོལ་རྒྱུན་རིག་གནས་ཀྱིས་མི་རིགས་ཀྱི་འདུ་ཤེས་དང་མི་རིགས་ཀྱི་གཤིས་ཀ་གྲུབ་ཡོད།
སྲོལ་རྒྱུན་རིག་གནས་ནི་མི་རིགས་ཀྱི་འདུ་ཤེས་དང་གཤིས་ཀ་གྲུབ་བྱེད་ཀྱི་ཕབ་རྩི་ལྟ་བུ་ཡིན་ལ། མི་རིགས་ཀྱི་འདུ་ཤེས་ནི་མི་རིགས་ཤིག་གནས་ཤིང་འཕེལ་བའི་བསམ་བློའི་སྲོག་ཤིང་ལྟ་བུ་ཡིན། མི་རིགས་ཀྱི་གཤིས་ཀ་ནི་མི་རིགས་ཤིག་གི་སྲོལ་རྒྱུན་ཀུན་སྤྱོད་དང་བསམ་པའི་ངོ་བོ་ཕྱིར་མངོན་སྟངས་ཤིག་ཡིན།
བོད་མི་རིགས་ནི་སྲོལ་རྒྱུན་རིག་གནས་ཀྱི་ཤུགས་རྐྱེན་དང་བསྐྱེད་སྲིང་གི་བྱེད་ནུས་འོག འཚོ་གནས་ཁོར་ཡུག་དང་སྤྱི་ཚོགས་ཆབ་སྲིད། ཆོས་ལུགས་དད་མོས་སོགས་ཀྱི་བྱེད་ནུས་འོག དཀའ་སྤྱད་སྙིང་རུས་དང་ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པ། དཔའ་ཞིང་འཐབ་ལ་མཁས་པ། དཔའ་ངར་ཞུམ་མེད།དགྲ་འདུལ་གཉེན་སྐྱོངས། མཉམ་ལས་ཆིག་སྒྲིལ། ཁྱིམ་སྲུང་རྒྱལ་སྐྱོངས་སོགས་ཀྱི་མི་རིགས་ཀྱི་སྙིང་སྟོབས་ཆགས་པ་རེད། སྲོལ་རྒྱུན་རིག་གནས་ཀྱིས་མི་རིགས་འདིའི་སེམས་སྤྱོད་བག་ཡངས་དང་གཤིས་འཇམ་གཞུང་དྲངས། སྤྲོ་ལྡན་ལག་ཡངས། ཁ་ཞེ་གཉིས་མེད། དོན་རྟོགས་བསམ་ཤེས། ཁེངས་སྐྱོངས་བག་ཡོད། ཆོག་ཤེས་ལྡན་པ། རྒན་བཀུར་གཞོན་བྱམས། རྒན་བཀུར་ལུགས་བརྩི། བྱང་སེམས་གཙོར་འཛིན། མཛའ་བཤེས་གཙོ་འཛིན་དང་རྒྱུ་ནོར་ཕལ་བར་འཛིན་པའི་བློ། དབུལ་བོར་ནོར་སྦྱིན་སོགས་ཀྱི་མི་ཆོས་ཀུན་སྤྱོད་དང་མི་གཞིའི་ལྟ་བ་ཆགས་ཡོད་པ་རེད།
2 སྲོལ་རྒྱུན་རིག་གནས་ཀྱི་ཀུན་སྤྱོད་ཚད་ཤིང་དང་རིན་ཐང་ལྟ་བ་ནི་དཔལ་ཡོན་སྤྱི་ཚོགས་ཀྱིས་རེ་སྙེག་བྱེད་བཞིན་པའི་ཀུན་སྤྱོད་རིན་ཐང་ལྟ་བ་ཡིན།
བོད་མི་རིགས་ནི་ཀུན་སྤྱོད་གཙོ་བོར་འཛིན་པའི་མི་རིགས་ཤིག་ཡིན། མི་མང་ཆེ་བས་གྲོན་ཆུང་བག་ཡོད་དང་བྱམས་ལྡན་གཏོང་ཕོད། དམ་པར་བཀུར་ཞིང་གུས་ལུགས་བརྩི་བ། རང་བབས་སྲུང་ཞིང་བཀའ་ལ་བརྩི་བར་བྱེད། ལྷག་པར་ཆོས་ལུགས་རིག་གནས་ཁྲོད། དེའི་རང་གི་ཁྱད་མཚར་བའི་བྱེད་ནུས་དང་ཚད་མཐོ་བའི་སིམ་འདྲེས་ཀྱི་ནུས་བར་བསྟེན་ནས། རང་ཉིད་སྤྱི་ཚོགས་འཚོ་བ་དང་སྤྱི་ཚོགས་སེམས་ཁམས་སོགས་ཀྱི་ནང་ཞུགས་ནས། ཆོས་ལུགས་ཀྱི་ཚད་བཀག་དང་དམངས་སྲོལ་ཀུན་སྤྱོད་ནི་བོད་མི་རིགས་ཀྱི་མི་ཆོས་ཀུན་སྤྱོད་དང་ལུགས་སྲོལ་གོམས་གཤིས་ཀྱི་རྩ་བའི་ནང་བསྒྱུར་ཞིང་། ཚད་གཞི་ལྟར་སྤྱི་ཚོགས་ཀྱི་བདེ་སྐྱོངས་བྱས་ཤིང་། དེས་ཆེས་ཆེ་བའི་སྤྱི་ཚོགས་བྱེད་ནུས་ཀྱིས་སྤྱི་ཚོགས་བརྟན་བརླིང་འགན་བསྲུང་བྱས་ཤིང་། མི་རྣམས་ལ་ཆ་ཚང་བའི་སྤྱོད་ལམ་ཚད་གཞི་དང་རིན་ཐང་ལྟ་བ་ཞིག་འདོན་སྤྲོད་བྱས་པ་རེད།