མི་རྣམས་ཕྱི་རོལ་སྣོད་ལ་བརྟེན།། སྣོད་ཁམས་སྲུང་བ་མི་ཡི་འགན།།

ཚུལ་ཁྲིམས་རྡོ་རྗེ་དང་ཀླུ་རྒྱལ་ཚེ་རིང་། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།རྔ་བའི་བོད་སྐད་བརྙན་འཕྲིན། སྤེལ་དུས། 01-04



མི་རྣམས་ཕྱི་རོལ་སྣོད་ལ་བརྟེན།། སྣོད་ཁམས་སྲུང་བ་མི་ཡི་འགན།།
——རྔ་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གནས་ཚུལ་རགས་ཙམ་བཀོད་པ།


      ཁྲ་ཆུང་མིག་གིས་བལྟས་ཚེ། མཐོ་བརྗིད་ཀྱི་རི་བོ་བསྟར་ལ་བརྒྱུས་པར་སྤྲིན་པ་སྟུག་པོ་ལང་ལོང་དུ་གཡོ་ཞིང་། དྭངས་བསིལ་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ་ཆེན་པོ་དག་ཤང་ཤང་སྐད་སྙན་སྣ་ཚོགས་དང་བསྡེབས་ནས་རི་ལུང་བགྲངས་ལས་འདས་པར་འབབ་པས། ཧོབ་ཀྱིས་བལྟས་ན་སྤྲུལ་ཆེན་པོ་དག་གྱ་མ་གྱུར་འཁྱུགས་པ་དང་ཀུན་ནས་མཚུངས།
      དྲོན་མོ་སེམས་ཀྱིས་མྱངས་ན། ཕྱི་རོལ་གྱི་སྣོད་ཁམས་ཀུན་མཛེས་ཤིང་ཡིད་དུ་འོངས་པ་དང་། སྐྱེ་དངོས་ཕྲ་རགས་ཀུན་ལ་སྔར་མེད་ཀྱི་གསོན་ཤུགས་རབ་ཏུ་རྒྱས་པ་ངོ་མཚར་སུམ་རྩེན་ཡུལ་དང་འགྲན་པའི་དོ་སྡོ་བཞིན་གདའ། རི་ལུང་ནགས་ཤིང་མཐུག་ས་དག་ཏུ་གཅན་གཟན་དང་རི་དྭགས་སྣ་ཚོགས་རང་དབང་བདེ་སྐྱིད་ཀྱིས་འཚོ་ལ། མཚོ་དང་མཚེའུ་མང་པོ་དྭངས་གསལ་ཤེལ་གྱི་མེ་ལོང་དང་ཡོངས་སུ་མཚུངས་པར་རྙོག་པའི་དྲི་མ་དང་བྲལ་ཏེ། ཆུ་གནས་ཀྱི་སྲོག་ཆགས་ཆེ་མ་ཆུང་གསུམ་བགྲངས་ལས་འདས་པ་བག་ཡངས་སུ་རྒྱུ།
      འཆམ་མཐུན། མི་དང་མིའི་དབར་གྱི་འཆམ་མཐུན། མི་དང་སྣོད་ཁམས་དབར་གྱི་འཆམ་མཐུན། མི་དང་སྲོག་ལྡན་གཞན་དག་གི་དབར་གྱི་འཆམ་མཐུན་ཏེ། རྔ་ཡུལ་སྒེག་ལྡན་ཕྱུག་མོའི་ཡུལ་ཁམས་སུ་འཆམ་མཐུན་མཉམ་གནས་དང་། དཔལ་ཡོན་ཀུན་བཞད་ཀྱི་རྣམ་པ་མངོན་སུམ་མིག་གི་སྤྱོད་ཡུལ་དུ་གྱུར་དང་འགྱུར་བཞིན་པ་འདི། དགའ་བ་འབུམ་དང་སྤྲོ་བ་ཁྲི་ཡིས་བསུ་བར་འོས་པ་ཞིག་ག་ལ་མིན་ཏེ། ངེས་པར་ཡིན་ནོ།།
      ཉེ་བའི་ལོ་ཤས་རིང་། རྔ་བ་ཁུལ་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བཟུང་ཞིང་། ཕྱོགས་ཡོངས་དང་། ཁོངས་ཡོངས། བརྒྱུད་རིམ་ཧྲིལ་པོ་བཅས་སུ་སྐྱེ་ཁམས་འཛུགས་སྐྱོང་བྱས་ཏེ། མགྱོགས་མྱུར་ངང་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་རྔ་ཁུལ་གྱི་སྐྱེ་ཁམས་དཔེ་སྟོན་ཁུལ་བསྐྲུན་པ་དང་། འབད་པ་ཆེན་པོས་སྐྱེ་ཁམས་ཉམས་ཞན་ས་ཁུལ་གྱི་ཕྱོགས་བསྡུས་ཉམས་གསོ་དང་བཅོས་སྐྱོང་གི་མིག་དཔེ་དང་། སི་ཁྲོན་ནུབ་བྱང་རྒྱུད་ཀྱི་ས་མཐོའི་སྐྱེ་ཁམས་མ་ལག་སྲུང་སྐྱོང་ལེགས་གཏོང་གི་མིག་དཔེ་དང་། འཛམ་གླིང་གི་རང་བྱུང་ཤུལ་བཞག་ས་ཁུལ་གྱི་གནོད་རྗེས་སླར་གསོ་དར་རྒྱས་ཀྱི་མིག་དཔེ་བཅས་བསྐྲུན་ཏེ། སྐྱེ་ཁམས་ལ་མུ་མཐུད་ཤུགས་སྣོན་དང་། ཁོར་ཡུག་མུ་མཐུད་ལེགས་བཅོས། དཔལ་འབྱོར་རྒྱུན་ལྡན་ངང་འཕེལ་བའི་ལམ་བུ་གསར་བ་འཚོལ་ཞིབ་བྱས།


དང་པོ། སྲུང་སྐྱོང་།
      རྔ་ཁུལ་དུ། རྒྱལ་ཁབ་ས་ཁྱོན་གྱི་ཕྱེད་ཀར་ཉེ་བ་རི་སྐྱེས་སྲོག་ཆགས་ཀྱི་དགའ་ཚལ་དུ་གྱུར་ཡོད།
      ཉེ་བའི་ལོ་ཤས་རིང་། རང་ཁུལ་གྱིས“སྐྱེ་ཁམས་སྲུང་སྐྱོང”རྩ་བར་བཟུང་བ་རྒྱུན་འཁྱོངས་དང་། སྐྱེ་ཁམས་ཀྱི་བཀོད་པ་ཚན་རིག་དང་མཐུན་པའི་ངང་ལེགས་སུ་བཏང་སྟེ། རྩྭ་ཐང་དང་། ནགས་ཚལ། བརླན་ས། གངས་རི་དང་འཁྱགས་རོམ། རི་སྐྱེས་སྲོག་ཆགས། རྩི་ཤིང་། གནམ་རི་ཆུ་གསུམ་བཅས་སྲུང་སྐྱོང་གི་འགུལ་སྐྱོད་ཆེན་པོ་བདུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཞིང་། རྔ་ཁུལ་འདི་ཉིད་མི་དང་རང་བྱུང་ཁམས་འཆམ་མཐུན་དང་། མི་དང་སྤྱི་ཚོགས་འཆམ་མཐུན། མི་དང་མི་འཆམ་མཐུན་བཅས་ཀྱི“དོམ་ཁྲའི་ཁྱིམ་གཞིས། དག་གཙང་གི་རྔ་ཁུལ”དུ་དངོས་སུ་འགྱུར་བར་བྱས། གྲངས་གཞི་ལས་མངོན་པར། མིག་སྔར་རྔ་ཁུལ་དུ་རང་བྱུང་སྲུང་སྐྱོང་ཁུལ་25དང་། ནགས་ཚལ་སྤྱི་གླིང་10། བརླན་སའི་སྤྱི་གླིང་6། ཡུལ་ལྗོངས་གྲགས་ཅན་ཁུལ་10། ས་གཤིས་སྤྱི་གླིང་5། རང་བྱུང་ཤུལ་བཞག་ས་ཚིགས་6བཅས་བསྐྲུན་ཡོད་པ་དང་། དེ་དག་གི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི360ཡོད་ལ། དེས་ཁུལ་ཡོངས་ཀྱི་རྒྱལ་ཁབ་ས་ཁྱོན་གྱི་བརྒྱ་ཆ་42.73ཟིན་ཡོད། ཡང་གཅིག་བཤད་ན། རྔ་ཁུལ་གྱི་རྒྱལ་ཁབ་ས་ཁྱོན་གྱི་ཕྱེད་ཀར་ཉེ་བ་ཙམ་ནི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ནགས་གསུམ་གྱི་སྤྲོ་སྐྱིད་གླིང་དུ་གྱུར་ཡོད།
      ནགས་སྲུང་པ་མའོ་ཡུ་ཀའོ་ན་རེ།“ཁོངས་གཏོགས་ས་ཁུལ་དུ་མེ་ཡི་ཉེན་ཁ་དང་། ཤིང་ནགས་གཅོད་པ། རི་དྭགས་རྔོན་པའི་སྤྱོད་པ་སྣ་གཅིག་ཀྱང་མེད། འདི་དག་ནི་ང་ཚོ་ཆེས་དགའ་བའི་དོན་དག་ཅིག་ཡིན། བྱ་བའི་སྐབས་སུ། ང་ཚོས་མང་ཚོགས་རྣམས་ལ་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་ཤེས་བྱ་ཁྱབ་གདལ་བཏང་སྟེ། རི་སྐྱེས་སྲོག་ཆགས་སྲུང་སྐྱོང་གི་འདུ་ཤེས་སེམས་ཀྱི་ཟབ་སར་འཇོག་ཐུབ་མིན་ལྟ་བཞིན་ཡོད”ཅེས་ཟེར་ལ། ཁོ་ནི་ལྷ་རྒྱལ་གླིང་གྲོང་རྡལ་གྱི་ནགས་ལས་དང་རྩྭ་ཐང་ལས་དོན་ས་ཚིགས་ཀྱི་ནགས་སྲུང་པ་ཞིག་ཡིན།
      ཁོ་དང་ཁོ་ལྟ་བུའི་ནགས་སྲུང་པ་རྣམས་ཀྱི་འབད་བརྩོན་ལ་བརྟེན་ཅིང་། རང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་བས་ཇེ་བཟང་དུ་འགྱུར་བ་དང་བསྟུན་ཏེ། རྒྱལ་ཁབ་ཀྱི་རིམ་པ་གཉིས་པ་ཡན་གྱི་སྲུང་སྐྱོང་རི་དྭགས་རིགས142ལ་ཡར་འཕར་ཡོད་པ་དང་། སྔོན་མའི་རིགས76ལ་ལྟོས་ན་རིགས66ཡར་འཕར་ཡོད་ལ། ཁ་གྲངས་ཀྱང་ཇེ་བས་ཇེ་མང་དུ་འགྲོ་བཞིན་ཡོད།


གཉིས་པ། བཅོས་སྐྱོང་།
      རྔ་ཁུལ་དུ། ལྗང་མདོག་འཕེལ་རྒྱས་ཀྱི་ལྟ་བ་མི་སེམས་སུ་ཟུག་ཡོད།
      ཇི་སྐད་དུ། གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ། ཁང་ས་ཞིང་ས་ས་ཡི་དགེ། འཐུང་ཆུ་ཡུར་ཆུ་ཆུ་ཡི་དགེ། ཁང་རྡོ་འཐག་རྡོ་རྡོ་ཡི་དགེ། ཁང་ཤིང་བུད་ཤིང་ཤིང་གི་དགེ། ཞེས་པ་ལྟར། ཡུལ་ལུང་གི་དགེ་མཚན་འདི་དག་ནི་འགྲོ་བ་མིའི་རིགས་འཚོ་ཞིང་གནས་པ་དང་། དར་ཞིང་འཕེལ་རྒྱས་འགྲོ་བའི་རྨང་གཞིའང་ཡིན། དེ་བས་རྔ་ཁུལ་གྱི་མི་རྣམས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ཏུ་བསྟར་ཏེ། རྔ་ཁུལ་གྱི་རི་བོ་སྔར་བས་སྔོ་བ་དང་། ཆུ་བོ་སྔར་བས་དྭངས་པ་དང་། མཁའ་དབུགས་སྔར་བས་གཙང་བ་དང་། ཁོར་ཡུག་སྔར་བས་མཛེས་པར་གཏོང་བཞིན་གདའ།
      ཆུ་སྲུང་པ་འགའ་ཞིག་གཙང་འགྲམ་དུ་སྐོར་ཞིབ་ལ་འགྲོ་བཞིན་འདུག་ལ། མཛོད་དགེ་རྫོང་ཐང་སྐོར་གྲོང་རྡལ་གྱི་རྨ་ཆུའི་འགྲམ་ངོགས་སུ་ཁོང་ཅག་རྒྱུན་པར་མཐོང་ཐུབ། གཙང་སྲུང་ཡན་ལག་རུ་ཁག་དེ་ནི་རང་ཞིང་གི་རྨ་ཆུ་གཙང་སྲུང་ཡན་ལག་རུ་ཁག་དང་པོ་དེ་ཡིན་ཞིང་། ད་ལོའི་ཟླ5ཚེས20ཉིན་བཙུགས་པ་ཞིག་རེད།  ཁོ་ཚོས་རྒྱུན་དུ“མ་ཡུམ་ཆུ་བོ་འདི་སྲུང་སྐྱོང་བྱ་རྒྱུ་ནི་ང་ཚོའི་དམིགས་ཡུལ་ཡིན”ཞེས་སྨྲ།
      ཆུ་སྲུང་རུ་ཁག་གི་སྐོར་ཞིབ་དེ་ནི་རང་ཁུལ་གྱིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་བཅོས་སྐྱོང་གི་བསྡུས་གཟུགས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་ནས་བཟུང་སྟེ། རང་ཁུལ་གྱིས་འབྲུ་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་དེ“སྲུང་སྐྱོང་གཙོ་བོ་དང་། བཅོས་སྐྱོང་གཙོ་གནད། སྤུས་ཚད་མཐོ་བའི་འཕེལ་རྒྱས”ཀྱི་འདུ་ཤེས་ཁོང་དུ་ཆུད་པར་བྱས་ཏེ། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག” བརྟན་པོ་བསྐྲུན་པ་དང་། ཆུ་ཁུངས་མཁོ་སྤྲོད་བྱ་ཡུལ་གལ་ཆེན་སྲུང་སྐྱོང་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་གནད་ལ་སྐུལ་འདེད་གཏོང་བ་བཅས་ལ་དམ་པོར་དམིགས་ཏེ། སྐྱེ་ཁམས་སྔོན་ལ་འཇོག་པ་རྒྱུན་འཁྱོངས་དང་། ལྗང་མདོག་འཕེལ་རྒྱས་གཏོང་བ། སྟོད་རྒྱུད་ཀྱི་འདུ་ཤེས་བརྟན་དུ་བཏང་སྟེ། རང་མོས་ཀྱིས་འགན་ཁུར་བ་དང་། སྒྲིག་གཞི་དང་ལམ་ལུགས་གསར་གཏོད། སྐྱེ་ཁམས་ཀྱི་དམར་ཐིག་ནན་སྲུང་བྱེད་པ་དང་། ཐུན་མོང་གིས་སྐྱེ་ཁམས་མ་ལག་སྲུང་སྐྱོང་དམ་འཛིན་བྱེད་པ་དང་། རི་ཆུ་ནགས་གསུམ་དང་། མཚོ་དང་མཚེའུ།རྩྭ་ཐང་དང་བྱེ་མ་འཁྱགས་རོམ་བཅས་ཀྱི་མ་ལག་བཅོས་སྐྱོང་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། “སྲུང་སྐྱོང་ཆེན་པོ་བདུན་གྱི་འགུལ་སྐྱོད”དང་། “བཅོས་སྐྱོང་གི་ལས་གྲྭ་ཆེན་པོ་བདུན”དང་། “འཕར་གཅིག་དང་འཕྲི་གཅིག”བཅས་ཀྱི་ལས་དོན་གོང་དུ་སྤེལ་ཏེ། ནུས་པ་ཡོད་རྒུས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཀྱི་མ་ལག་རང་བཞིན་དང་། དོ་སྙོམས་རང་བཞིན། ཞི་མཐུན་རང་བཞིན་བཅས་སྲུང་སྐྱོང་བྱ་དགོས།

      མིག་སྔའི་བར། རྔ་བ་ཁུལ་གྱི་ནགས་ཚལ་རྩྭ་ཐང་ཕྱོགས་བསྡུས་ཁྱབ་ཚད་བརྒྱ་ཆ་85.5ཡན་ཟིན་ཡོད་པ་དང་། འབྲི་ཆུ་དང་རྨ་ཆུར་ལོ་རེར་ཆ་སྙོམས་བྱེ་མ་འདྲེན་ཚད་སོ་སོར་ཏུན་ཁྲི15.2དང་ཏུན་ཁྲི1.2ཉུང་དུ་ཕྱིན་ཏེ། གཞི་ཁྱོན་ཡན་གྱི་རྩིས་གཞིའི་བཟོ་ལས་འཕར་ཐང་གི་ནུས་རྒྱུ་ཟད་གྲོན་བརྒྱ་ཆ་18ཡར་མར་ཞིག་ཉུང་དུ་ཕྱིན་ཡོད། ཁུལ་ཡོངས་སུ་སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་སྤྱི་ལེ་གྲུ་བཞི་མ3.96ལེགས་སྒྲིག་གཏན་འཁེལ་བྱས་པ་དང་། རྒྱལ་ཁབ་ཀྱི་གྲོང་ཚོ་གཙང་བཟོའི་བྱ་སྤྱོད་ཀྱི་སྔོན་ཐོན་རྫོང1དང་། “རི་བོ་གཉིས་ཀྱི་རིགས་པའི་གཞུང་ལུགས”ཀྱི་ལག་ལེན་རྟེན་གཞི1གསར་བསྐྲུན་བྱས་ཡོད། ཞིང་ཆེན་རིམ་པ་དང་དེ་ཡན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་རྫོང2དང་། སྐྱེ་ཁམས་ཡུལ་ཚོ་དང་གྲོང་རྡལ64བཅས་གསར་བསྐྲུན་བྱས་ཡོད། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་གྱི་སྟོན་གྲངས་དེ་རིམ་པ་བཟང་པོར་སླེབས་ཡོད། འབབ་ཆུ་གཙོ་བོའི་བཅད་ཁའི་ཆུ་སྤུས་དང་། གཅིག་སྡུད་རྣམ་པའི་བཏུང་ཆུའི་ཆུ་འགོ་ཡི་ཆུའི་སྤུས་ཚད་གཉིས་པོ་བརྒྱ་ཆ100ཟིན་ལ། ཁོར་ཡུག་དང་མཁའ་དབུགས་ཀྱི་སྤུས་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དང་། ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།


གསུམ་པ། རྣམ་པ་གསར་བ།
      རྔ་ཁུལ་དུ། རི་ཆུ་ནགས་གསུམ་ནི་རོང་འབྲོག་མང་ཚོགས་ཀྱི“ལྗང་མདོག་དངུལ་ཁང”དུ་གྱུར་ཡོད།

      ནམ་མཁའ་ནི་ཆུས་བསངས་པ་དང་འདྲ་ལ། ཆུ་མོ་དྭངས་གསལ་ཆེ་བ་མེ་ལོང་དང་མཚུངས། ལྗོངས་ཁམས་ནི་རི་མོ་མཁན་གྱི་པུར་གྱིས་བྲིས་པ་དང་གཉིས་སུ་མེད། སྙུང་བུ་རྐྱལ་བར་བླུགས་པ་ན། དེ་ཡི་རྩེ་མོ་མྱུར་དུ་ཐོན་ཞེས་པ་ལྟར། སྐྱེ་ཁམས་ཀྱི་ཁོར་ཡུག་ལེགས་པོར་བརྟེན་ནས་ཝུན་ཁྲོན་རྫོང་ཁྱད་ལྡན་སྐྱེ་ཁམས་བདེ་གསོ་ལྗོངས་སྐོར་ཁྲོད་ནས་འབུར་དུ་ཐོན་པར་གྱུར། དབྱར་གྱི་དུས་སུ་ཚ་གདུགས་མི་ཆེ་བ་དང་། དགུན་གྱི་དུས་སུ་ཉི་འོད་ཡོད་པ་སྟེ།དུས་བཞི་སྙོམས་ཤིང་མེ་ཏོག་དང་ཤིང་འབྲས་སྣ་ཚོགས་ཀྱི་དྲི་བསུང་གང་སར་ཁྱབ་པས། དེ་རིང་གི་ཝུན་ཁྲོན་གྱིས་ཕྱོགས་ཀྱི་ལྗོངས་སྐོར་པ་མང་པོའི་ཡིད་དབང་འགུགས་བཞིན་གདའ།


      ཟུང་ཆུ་རྫོང་གི་ས་དམར་གྲོང་རྡལ་གྱི་སྡེ་མི་དབང་མོ་ན་རེ།“ནོར་གནག་ཚད་ལས་བརྒལ་བ་འཚོས་ན་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བཟོ་བས། རྩྭ་སར་མི་གནོད་པའི་ཆེད་དུ། ཚང་གསོ་བྱེད་བཞིན་ཡོད་ལ།ཚང་གསོ་བྱེད་པ་དེས་མ་རྩར་གྲོན་ཆུང་ཐུབ་པར་མ་ཟད། ཁོར་ཡུག་ལའང་སྲུང་སྐྱོང་ཐུབ།” ཅེས་ཟེར། ཐོན་ཁུངས་མཛེས་སྡུག་ལྡན་པ“སྐྱེ་ཁམས་དཔལ་འབྱོར”དུ་གྱུར་ཅིང་། འབྲོག་དམངས་རྣམས་ཀྱི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་རོལ་སྟངས་ལ་རིམ་གྱིས་འགྱུར་ལྡོག་འགྲོ་བཞིན་འདུག་ལ། དཔེ་མཚོན་འདི་དང་འདི་ལྟ་བུ་རང་ཁུལ་དུ་ཇེ་མང་ལ་འགྲོ་བཞིན་ཡོད། “ལྔ་འཆར་བཅུ་གསུམ་པའི”སྐབས་སུ། ཁུལ་ཡོངས་སུ་རྣམ་པ་གསར་བའི་ལས་གཉེར་གཙོ་བོའི་གསོ་སྐྱོང་སྐུལ་འདེད་ནུས་ལྡན་བཏང་སྟེ། ཞིང་ལས་མཉམ་ལས་ཁང་མུ་མཐུད་རྒྱ་བསྐྱེད་པ་དང་།“ཁྱིམ་ཚང་དང་ཐུན་མོང་དང་མཉམ་གཉེར”བཅས་ཀྱི་རྣམ་པས་མཉམ་དུ་འཕེལ་རྒྱས་བཏང་། ཁུལ་ཡོངས་སུ་ཞིང་ལས་མཉམ་ལས་ཁང་སྣ་ཚོགས5515འཕེལ་རྒྱས་སུ་བཏང་སྟེ། ཞིང་པའི་ཁྱིམ་ཚང་89978ལ་ཁེ་ཕན་བསྐྲུན།


      སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཆེས་འདྲ་མཉམ་གྱི་ཐུན་མོང་ཐོན་རྫས་ཡིན་ལ། དམངས་འཚོའི་ཕན་བདེ་ཀུན་ལ་ཁྱབ་པ་དེའང་ཡིན། ཞེས་པ་ལྟར། རྔ་ཁུལ་གྱིས་སྐྱེ་ཁམས་དམར་ཐིག་ནན་གྱིས་བསྲུངས་ཏེ།  “ལྗང་མདོག་ཡར་འཕར”དང་། “སྔོ་མདོག་སྲུང་སྐྱོང”དང་། “ཆུ་བསང་བ”བཅས་ཀྱི་འགུལ་སྐྱོད་ལ་བརྟེན་ཏེ། མང་ཚོགས་ཀྱི་འཚོ་བ་ལེགས་བསྒྱུར་དང་། མང་ཚོགས་ཀྱི་ཁེ་དབང་སྲུང་སྐྱོང་གིས། མི་དམངས་མང་ཚོགས་རྣམས“སྐྱེ་ཁམས་ཀྱི་ཁེ་བཟང”ལ་མཉམ་རོལ་དང་།  “ལྗང་མདོག་ཁེ་ཕན”བགོ་རོལ་བྱས་ཏེ། མུ་མཐུད་མི་དམངས་མང་ཚོགས་ཀྱི་འཚོ་བའི་སྤུས་ཀ་དང་བདེ་སྐྱིད་ཀྱི་སྟོན་གྲངས་ཇེ་མཐོར་བཏང་།

      དུས་དེ་རིང་། རྔ་ཁུལ་གྱི་ས་གཞི་ཆེན་མོར་དལ་གྱིས་བགྲོད་པ་ན། ལྗང་མདོག་གོས་སུ་བཀླུབས་ཤིང་། ལས་བྱེད་དང་མང་ཚོགས་རྣམས་རྡོག་རྩ་གཅིག་བསྒྲིལ་དང་། གཅིག་སེམས་གཅིག་གཏད། ལྷག་བསམ་ཟོལ་མེད་ཀྱིས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་འབད་པ་ལྷོད་མེད་གནང་བཞིན་པ་མིག་གི་མཐོང་ཡུལ་དུ་མངོན་པར་འགྱུར་རོ། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1