བློ་ཁ་ནང་དུ་བསྡུས་ནས་རྩིས་ཤིག་བརྒྱབ་ན། ང་དང་བརྩམས་སྒྲུང་གཉིས་ངོ་ཤེས་ནས་ལོ་ངོ་ཉི་ཤུ་ལྷག་འགོར་ཟིན། ངེད་གཉིས་ཐོག་དང་པོ་ངོ་ཤེས་དུས་ནི་དགུན་ཁ་ཞིག་ཡིན། ང་རང་ཐེངས་དང་པོ་ཕ་ཡུལ་དང་ཁ་བྲལ་ནས། ཞག་སྡོད་སློབ་གྲྭ་དབྱི་ཧྥུ་མི་རིགས་སློབ་འབྲིང་དུ་ཞུགས་ཏེ། གཟའ་འཁོར་གསུམ་ལས་འགོར་མེད་པའི་ཕྱི་དྲོའི་རང་སྦྱོང་སློབ་ཚན་ཞིག་གི་སྐབས་སུ། ངའི་གྲལ་མཚེས་ཀྱིས་དཔལ་དོན་གྲུབ་རྒྱལ་གྱི་བརྩམས་སྒྲུང་ཕྱོགས་བསྒྲིགས་ཅེས་པའི་དེབ་ཅིག་ང་ལ་གཏད་ཞོར། ལྟོས་དང་བལྟ་ཤེད་ཆེན་པོ་འདུག་ཟེར། དང་ཐོག་ངས་ཐེ་ཚོམ་དང་བཅས་ཀློག་མགོ་ཚུགས་མོད། ཡིན་ཡང་ཀློག་གིན་ཀློག་གིན་བརྩམས་སྒྲུང་ཁྲོད་ཀྱི་གསོན་ཉམས་ལྡན་པའི་དངོས་ཡོད་འཚོ་བའི་རི་མོའི་ཞིབ་འབྲི་དང་། བརྩེ་དུང་གིས་ཕྱུག་པའི་ཚིག་འབྲུ་དེ་དག་གིས་ངའི་ཡིད་དབང་རབ་ཏུ་བཀུག་ཅིང་། ཉིན་དེར་ནུབ་འཚལ་ཡང་འཐུང་རྒྱུ་བརྗེད་ནས། ཉལ་བརྡ་མ་བརྒྱབ་སྔོན་དུ། དབུགས་ཐེངས་གཅིག་གིས་ཡོངས་སུ་བཀླགས་གྲུབ་པ་ན། བརྩམས་སྒྲུང་ནང་གི་གཏམ་རྒྱུད་ཀྱིས་བསྐྱེད་པའི་བདེ་སྣང་ཞིག་ལུས་ཡོངས་སུ་སིམ་པའི་ཚོར་བ་ཞིག་བསྐྱེད་དེ། ཕ་ཡུལ་དྲན་པའི་གདུང་བ་ཡོངས་རྫོགས་ཀྱང་གར་སོང་ཆ་མེད་དུ་གྱུར་སོང་། དེ་ལྟར་བརྩམས་སྒྲུང་གིས་ཐོག་དང་པོར་ངའི་སེམས་གཅོང་སོས་པས། དེ་ཉིད་ངའི་དགའ་སྐྱོ་ཕྱི་རུ་འཕོ་སའི་སྙིང་ཉེ་ལྟ་བུར་གྱུར་སོང་ལ། དགུན་ཁ་དེར། བརྩམས་སྒྲུང་ཡོད་པས་དྲོད་ཁོལ་ལྡབ་ཅིག་ཁུགས་སོ། །
དུས་དེ་ནས་བཟུང་། ངས་རང་ལ་དབང་བའི་དངུལ་ཙག་ཙིག་རྣམས་བསགས་ནས། ངལ་གསོའི་དུས་ཚོད་རྫོགས་ཏེ། གཟའ་ཉི་མའི་ཕྱི་དྲོར་ཕྱིར་སློབ་གྲྭར་ལོག་ཐེངས་རེར། ཁུལ་ཐོག་གི་ཞིན་ཧྭ་དཔེ་ཁང་དུ་སོང་ནས་«སྦྲང་ཆར»དུས་དེབ་དང་བརྩམས་སྒྲུང་གི་དཔེ་དེབ་བཙོང་རྒྱུ་ཡོད་མེད་ལ་བལྟ་བ་ནི་གཟའ་ཉི་མའི་གོམས་སྲོལ་ཞིག་ཏུ་གྱུར། བརྩམས་སྒྲུང་གི་དེབ་རེ་ཉོ་ཐུབ་ཚེ། དེ་མ་ཉིད་དུ་ཀློག་པ་དང་། འབྱར་ཤོག་གིས་དཔེ་ཐུམ་བརྒྱབ་རྗེས་ཉར་ཚགས་ཡག་པོ་བྱས་པ་ཡིན། སློབ་ཕྱིའི་ལྟ་ཀློག་དཔེ་དེབ་དཀོན་པའི་སྐབས་དེ་དུས། སློབ་གྲོགས་རྣམས་ཀྱིས་བརྩམས་སྒྲུང་བལྟ་འདོད་དུས་ཐོག་མར་ཡིད་ལ་དྲན་པ་ནི་ང་ཡིན་ལ། གཡར་མཁན་ནི་ནམ་ཡང་པང་བསྒྲིགས་ཡོད། ངས་ལག་སོན་བྱུང་བའི་བརྩམས་སྒྲུང་གི་དེབ་དེ་དག་གནམ་སར་བཟུང་ནས་ལུས་དང་འབྲལ་མེད་དུ་ཁྱེར་ཏེ། ཡང་དང་བསྐྱར་དུ་ལྟ་ཀློག་བྱས་པ་ཡིན་ཞིང་། གང་ཐུབ་ཅི་ཐུབ་ཀྱིས་རང་ཉིད་དགའ་བའི་བརྩམས་སྒྲུང་གྲངས་མེད་པ་ཞིག་ཀྱང་ཕྱོགས་ཡར་མར་ནས་གཡར་ཏེ་བལྟས་མྱོང་ལ། སྒྲུང་རིང་«ལྷིང་འཇགས་ཀྱི་རྩྭ་ཐང་»གཡར་ནས་ཀློག་ཆེད་རང་གི་ལྕགས་སྨྱུག་འདང་ཆེན་དེའང་བློས་བཏང་མྱོང་། ད་ལྟ་ཕྱིར་དྲན་བྱེད་དུས། མཁའ་དབུགས་དྭངས་ཤིང་དུས་ཚོད་བཟང་བའི་ཞོགས་པ་རེ་རེར་སློབ་གྲྭའི་མེ་ཏོག་ལྡུམ་རའི་འགྲམ་ནས། དགེ་རྒན་ལ་གཡོལ་གྱིན་ཁ་རོག་གེར་བརྩམས་སྒྲུང་ཀློག་པ་ནི། སློབ་མའི་འཚོ་བའི་དུས་ཀྱི་ལོངས་སྤྱོད་ཆེ་ཤོས་དེ་ལས་མ་འདས།
ངའི་སློབ་ཆེན་གྱི་འཚོ་བ་ནི་བརྩམས་སྒྲུང་ཡོད་པས་མངར་མོ་ཞིག་ཡིན་ཏེ། སློབ་ཚན་མང་པོ་མེད་ཁར། དཔེ་ཀློག་གི་མཁའ་དབུགས་ཀྱང་ཧ་ཅང་ཡག ང་ཚོའི་སློབ་གླིང་དུ་དཔེ་མཛོད་ཁང་ཆེན་པོ་ཞིག་ཡོད་པ་མ་ཟད། འཁྲིས་སུ་ད་དུང་རྒྱལ་ཁབ་དཔེ་མཛོད་ཁང་ཆེན་མོ་ཡང་ཡོད་པས། སྔོན་ཆད་ལྟར་རང་ཉིད་གང་སར་བརྒྱུགས་ནས་བརྩམས་སྒྲུང་གི་དེབ་བཙལ་དགོས་པའི་དཀའ་ཁག་མེད་ལ། བལྟ་འདོད་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་བརྩམས་སྒྲུང་གྲགས་ཅན་རྣམས་གང་འདོད་དུ་གཡར་ཆོག་པས། རང་ཉིད་དགའ་བའི་ལས་དེར་གཞོལ་བར་དུས་ཚོད་དང་ཆ་རྐྱེན་གྱིས་འདང་བ་ནི། མི་ཚེ་འདིའི་བདེ་སྐྱིད་ཉག་ཅིག་ཡིན་པའི་ངེས་པ་རྙེད་བྱུང་། སྐྱེད་ཚལ་ལྟ་བུའི་སློབ་རའི་གྲུ་ཟུར་ཀུན་ཏུ་ནུབ་ཕྱོགས་ཀྱི་མོ་པོ་སང་དང་ཆི་ཁོ་ཧྥུ། ཁབ་ཁཱ་ལྟ་བུའི་རྩོམ་རིག་འཛམ་གླིང་རྩོམ་རིག་མཁན་པོ་ཚོའི་བརྩམས་ཆོས་ལ་རོལ་མྱོང་བྱེད་བཞིན། འཆར་སྣང་གི་གཤོག་ཟུང་གང་དགར་རྐྱོང་མྱོང་། སློབ་ཆེན་དུས་ཀྱི་ང་ནི། ཁེར་འགྲོ་ཁེར་འདུག་བྱེད་རྒྱུར་དགའ་སྟེ། སློབ་གྲོགས་རྣམས་ནི་ལུས་རྩལ་ར་བའི་ནང་སྤོ་ལོ་འགྲན་བསྡུར་ལ་དབྱིངས་ཞུགས་དུས། ང་ནི་«ཧཱ་པ་གསོས་པའི་ཟིན་ཐོ»ནང་གི་ངོ་དགའ་སྤྲེལ་ལད་ལ་དགའ་བ་དང་།རང་ཉིད་ཀྱི་ཁེ་ཕན་གྱི་ཆེད་དུ་གཅེས་པའི་བསྐྱངས་པའི་བདག་པོ་ཡང་ཡལ་བར་འདོར་ནུས་པ། གཡོ་དང་རྫུན་གྱིས་ཕྲེང་བ་སྒྲིག་པ་ལ་ཡ་མི་ང་བའི་ཧཱ་པ་ལྟ་བུའི་མི་དེ་རིགས་ལ་ཞེ་མེར་བཞིན་ཡོད་ཅིང་། སློབ་གྲོགས་རྣམས་ནི་སློབ་གྲྭའི་སྤྲོ་ཚོགས་ལ་ཞབས་བྲོ་སྦྱངས་བར་བྲེལ་དུས། ང་ནི་«ཐག་རིང་གི་སྦྲ་ནག»ནང་གི་ཇག་པ་དང་ཕོ་རབ་ཀྱི་རང་གཤིས་མངའ་བའི་མི་སྣ་གཙོ་བོ་དབང་ཆེན་དང་འགྲོགས་ནས། ཡངས་ཤིང་རྒྱ་ཆེ་བའི་བྱང་ཐང་མྱུལ་བཞིན་ཡོད། དེ་དུས་རྒན་བཀའ་དྲིན་ཅན་བཀྲ་བྷ་ལགས་ཀྱི་རྩོམ་རིག་གསར་རྩོམ་གྱི་སློབ་ཁྲིད་ནི་ངའི་རེ་ལྟོས་འཆང་སའི་སློབ་ཁྲིད་ཁོ་ན་ཡིན། རྒན་ལགས་ཀྱི་སྐུལ་ལྕག་འོག་ངས་ཀྱང་བརྩམས་སྒྲུང་རེ་འབྲི་ཁུལ་བྱས་པ་ཡིན་ཡང་། འཚོ་བའི་ཉམས་མྱོང་དབེན་པ་དང་། བློ་སྦྱོང་གི་ནུས་པ་དམན་པ། ད་དུང་ཚོར་ཤེས་ཡག་པོ་མེད་པ་བཅས་ཀྱི་དབང་གིས་བརྩམས་སྒྲུང་རྩོམ་པའི་ལམ་དུ་ཞུགས་མ་ཐུབ་པར་རེ་ཞིག་བསྐྱུར་དགོས་བྱུང་མོད། འོན་ཀྱང་བརྩམས་སྒྲུང་ཀློག་པའི་གོམས་གཤིས་དེ་ལ་ནམ་ཡང་འགྱུར་བ་བྱུང་མྱོང་མེད་དེ། བརྩམས་སྒྲུང་ཀློག་པ་ནི་འཚོ་བ་རོལ་སྟངས་ཤིག་ཏུ་གྱུར།
དེ་ལྟར་བརྩམས་སྒྲུང་ནི་ངའི་འཚོ་བའི་ཟ་འཐུང་གི་བཅུད་དང་། ངའི་ཚེ་སྲོག་ལ་མཁོ་བའི་མཁའ་དབུགས་བཞིན། ངའི་འཚོ་བ་དང་སྐད་ཅིག་ཙམ་ལ་ཡང་ཁ་བྲལ་མ་མྱོང་ཟེར་ནའང་ཆོག་སྟེ། བརྩམས་སྒྲུང་ཀློག་མི་ཐུབ་པའི་ནམ་ཟླ་ནི། ཟས་ལ་བཅུད་དང་སྤང་ལ་མེ་ཏོག་མེད་པ་ལྟར་འཚོ་བར་བྲོ་བ་མེད་པའི་སྣང་བ་ཞིག་སྟེར། ཞིབ་འཇུག་སློབ་མའི་འཚོ་བའི་མཇུག་མཐའི་སློབ་སྐབས་དེར། གཞུང་ཞབས་པའི་ཡིག་ཚད་དང་དཔྱད་རྩོམ་གྱི་ཁུར་བོ་གཉིས་ཀྱིས་མནན་ཏེ། བརྩམས་སྒྲུང་ཀློག་པའི་དུས་ཚོད་ནི་ཕར་བཞག གཉིད་ཡག་པོ་ཞིག་ཁུགས་པའི་དུས་ཚོད་མེད་ཀྱང་། ངས་སྲིང་བལ་ནང་གི་ཆུ་བཙིར་བ་བཞིན། སློབ་སྦྱོང་གི་བྲེལ་ཟིང་ཁྲོད་ནས་དུས་ཚོད་བཙིར་ཏེ་བརྩམས་སྒྲུང་ཀློག་པ་ཡིན་ལ། སྐབས་ཐོག་དེར་ང་ལ་མཚོན་ནས་བཤད་ན། བརྩམས་སྒྲུང་ནི་ལྷུང་ལྷུང་འབབ་པའི་ཆུ་མིག་གི་རྒྱུན་དང་འདྲ་བར་གནོན་ཤུགས་ཀྱིས་མནར་བའི་ངའི་སྐོམ་གདུང་གི་སེམས་ཁམས་དེ་བརླན་པར་བྱས་སོང་། རྗེས་སུ་ལས་ཀར་ཞུགས་ནས་གཉེན་བསྒྲིགས་རྗེས་ཀྱང་། ལས་ཁུངས་ཀྱི་ལས་ཀ་འཐུས་ཤོར་མེད་པར་སྒྲུབ་པ་དང་། ཁྱིམ་ཚང་དང་བུ་ཕྲུག་སྐྱོང་ཞོར། རང་ལ་དབང་བའི་ལྷིང་འཇགས་ཀྱི་ཁོར་ཡུག་ཅིག་བཙལ་ཏེ། བརྩམས་སྒྲུང་གི་འཇིག་རྟེན་མྱུལ་བ་དང་། དུས་ཚོད་སྟོང་ཆའི་རྒྱུ་ནོར་ཡོད་ཚད་ཐོབ་རེ་བྱས་ནས། དུས་ཆེན་དང་ངལ་གསོའི་སྐབས་ཀྱང་ཁང་སྲུང་པའི་རྣམ་ཐར་བསྐྱངས་ཏེ་བརྩམས་སྒྲུང་བཀླགས་པ་ཡིན་ལ། བརྩམས་སྒྲུང་ཀློག་པ་ནི་མི་ཚེའི་སྐྱིད་དགའ་དང་མཛེས་ཆ་མཐའ་དག་ཉམས་སུ་མྱོང་བའི་གོ་སྐབས་ཤིག་ཡིན་པའི་ངོས་ཟིན་ཞིག་ཐོབ་བྱུང་།
བརྩམས་སྒྲུང་ཀློག་པའི་ལོ་ངོ་ཉི་ཤུ་ལྷག་གི་རིང་ལ། ང་ལ་ཕྱོགས་གང་ཐད་ནས་འབྲས་བུ་འདི་ཐོབ་ཅིང་། ཡར་སྐྱེད་དེ་འདྲ་འོངས་ཡོད་ཅེས་གླེང་མི་ཕོད་མོད། བརྩམས་སྒྲུང་ཀློག་དུས་དེའི་གསང་བའི་ཕུགས་རྟོགས་འདོད་ཀྱི་བློ་ཡིས་བརྗོད་བྱ་རུ་བཀོད་པའི་སུན་འབྱིན་བྱེད་འོས་པའི་ཡ་མ་ཟུང་གི་བྱ་སྤྱོད་དང་། དགའ་སྐྱོ་ཆགས་སྡང་གི་སེམས་ཁམས་སོགས་གློག་བརྙན་ལྟར་མིག་ལམ་དུ་བཀྲལ་ཏེ། འགན་འཁྲི་དང་སྤྲོ་སྣང་ཟུང་ལྡན་གྱི་འཚོ་བའི་བརྙན་རིས་ལྟ་བུ་ཞིག་ལོངས་སུ་སྤྱོད་ཐུབ་ལ། ད་དུང་གཏམ་རྒྱུད་གང་ཞིག་སེམས་ཁོང་དུ་འཛུལ་ནས་བསམ་གཞིགས་གི་དབུགས་བྱུང་ཡང་གང་མང་སྦྱིན་མྱོང་། ད་དུང་བརྩམས་སྒྲུང་ཀློག་པ་ལས་འཐོབ་པའི་བསམ་བློའི་རྒྱགས་ཕྱེ་གྱ་ནོམ་པ་དེས། ངའི་སེམས་ཁམས་དང་འཚོ་བའི་རྣམ་འགྱུར་འཛིན་སྟངས་ལའང་འགྱུར་བ་བཏང་བྱུང་སྟེ། ང་ཡང་རིམ་གྱིས་འཚོ་བ་ལ་ནང་སེམས་ཀྱིས་ཚོར་སྣང་བྱེད་པར་དང་དོད་ནན་མོ་བྱེད་མཁན་ཞིག་ཏུ་གྱུར་ནས། ཕྱིའི་དངོས་བོའི་ལོངས་སྤྱོད་ལས་ནང་སེམས་ཀྱི་ལོངས་སྤྱོད་ལ་རེ་སྙེག་ཆེ་ཞིང་། བརྩམས་སྒྲུང་ནང་གི་འཇིག་རྟེན་དེས་བསྐྱེད་པའི་སེམས་ཚོར་དང་སད་རྟོགས་ཀྱི་ཚོར་བ་དེ་དག་ལ་བརྟེན་ནས། མངོན་སུམ་འཇིག་རྟེན་གྱི་གནད་དོན་དེ་དག་ལ་ཐག་གཅོད་བྱེད་པའི་རྣམ་འགྱུར་ཅིག་ཀྱང་གྲུབ་པ་དང་ཆབས་ཅིག སྟོབས་དང་ལྡན་པའི་ནང་སེམས་ཀྱི་འཇིག་རྟེན་ཞིག་ཆགས་ཡོད་དེ། འཚོ་བའི་ཁྲོད་ཀྱི་གནོན་ཤུགས་གང་མང་ཞིག་ལ་རང་ཉིད་གཅིག་པུས་གདོང་གཏོད་ཐུབ་པ་མ་ཟད། སེམས་ཀྱི་རྨ་ཁ་རྣམས་གཞན་བརྟེན་སྨན་བཅོས་བྱེད་མི་དགོས་པར་རང་ཤུགས་ཀྱིས་དྲག་བསྐྱེད་བྱུང་ཐུབ་པས། བརྩམས་སྒྲུང་ཀློག་པ་ནི་ངའི་མི་ཚེའི་བཞུད་ལམ་ཀྱི་དྲན་པའི་ཀློང་གི་མཛེས་སྡུག་ཉག་ཅིག་ཡིན།