2022ལོའི་ཟླ་1ཚེས་1ཉིན་དཔེ་སྐྲུན་བྱས་པའི་འདི་ལོའི《བདེན་འཚོལ》དུས་དེབ་འདོན་ཐེངས་དང་པོའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན《ལོ་རྒྱུས་དཔྱད་གཞིར་བཟུང་ནས་འབྱུང་འགྱུར་གཏོད། དཀའ་སྤྱད་ལས་སྒྲུབ་ཞུམ་མེད་མདུན་སྐྱོད་བྱེད》ཅེས་པ་བཀོད་ཡོད་པ་རེད།
གསུང་བཤད་ནང་ནན་བཤད་གནང་དོན། རང་རེའི་ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་སྐབས་སུ། ཏང་ཀྲུང་དབྱང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གཅིག་འཚོག་རྒྱུའི་གཏན་འབེབས་བྱས་ནས་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་ཡོངས་ནས་ཕྱོགས་སྡོམ་བྱེད་པ་དེ་ནི་སྒམ་ནན་གྱི་འཐབ་ཇུས་རང་བཞིན་གྱི་ཐབས་ཇུས་ཤིག་ཡིན་ཞིང་། དེ་ཐོག་ནས་རང་རེའི་ཏང་གིས་ལོ་རྒྱུས་ཀྱི་ཆོས་ཉིད་ལ་མཐོང་ཆེན་དང་སྤྱོད་མཁས་པོ་བྱེད་པའི་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་། རང་རེའི་ཏང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་པ་དང་སྔ་འཛིན་ཕྱི་གཏོད་ཀྱི་གདེང་ཚོད་ཀྱི་འགན་འཁྲི་མངོན་ཡོད། ད་ཐེངས་ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་ཆོད》ནི་ཏང་གིས་གཏན་ལ་ཕབ་པའི་ལོ་རྒྱུས་ཀྱི་གྲོས་ཆོད་སྔ་མ་གཉིས་དང་འདྲ་བར། ཏང་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་། བློ་སྟོབས་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་། འབྱུང་འགྱུར་གསར་གཏོད། དཀའ་སྤྱད་ལས་སྒྲུབ། ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེ་བས་ལེགས་པའི་སྒོ་ནས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་གལ་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་ཤུགས་རྐྱེན་ཐེབས་ཡོད།
གསུང་བཤད་ནང་བསྟན་དོན། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱ་རྒྱུ་གཙོ་གནད་དུ་བཟུང་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་བརྟན་དུ་བཏང་ནས། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཀྱི་ཉམས་མྱོང་ཕྱོགས་སྡོམ་བྱེད་པའི་དོན་སྙིང་གལ་ཆེན་ཤེས་རྟོགས་གཏིང་ཟབ་དང་། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ཤེས་རྟོགས་གཏིང་ཟབ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་བསྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཤེས་རྟོགས་གཏིང་ཟབ། ཏང་གི་ལོ་བརྒྱའི་འབད་འཐབ་ལོ་རྒྱུས་ཀྱི་ཉམས་མྱོང་ཤེས་རྟོགས་གཏིང་ཟབ། ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་འབྱུང་འགྱུར་གསར་གཏོད་ཀྱི་བླང་བྱ་གལ་ཆེན་ཤེས་རྟོགས་གཏིང་ཟབ་བཅས་བྱེད་དགོས།
གསུང་བཤད་ནང་བསྟན་དོན། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་རང་རྟོགས་ངང་ཕུགས་བསམ་དང་དད་སེམས་བརྟན་པོར་སྲུང་དགོས། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི《གྲོས་ཆོད》ལས། རང་རེའི་ཏང་གི་ལོ་རྒྱུས་ཀྱི་གདེང་ཚོད་ཆེན་པོ་གང་ལེགས་མངོན་པར་མ་ཟད། ཏང་ཕྱི་ནང་དང་རྒྱལ་ཁབ་ཕྱི་ནང་ལ་ལོ་བརྒྱའི་ཏང་ཆེན་པོ་ཞིག་གི་རིག་པ་དྭངས་གསལ་དང་བྱང་ཆུབ་པའི་རྣམ་པ་ཡང་མངོན་པར་བྱས་ཡོད། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་པ་དང་། ཀྲུང་གོ་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་མེད་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མེད་པ་བཅས་ལོ་རྒྱུས་ཀྱིས་རྩོད་ཐབས་བྲལ་བའི་གསལ་བཤད་བྱས་ཡོད། ལོ་རྒྱུས་དང་མི་དམངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་བདམས་པ་དང་ཀྲུང་གོ་གུང་ཁྲན་ཏང་གིས་ཀྱང་ལོ་རྒྱུས་དང་མི་དམངས་ཀྱི་གདམ་ག་ཆུད་ཟོས་སུ་བཏང་མེད། ཀྲུང་གོ་གུང་ཁྲན་ཏང་མིའི་ལོ་རྒྱུས་ཀྱི་གདེང་ཚོད་ནི། འབད་འཐབ་གྲུབ་འབྲས་ཀྱི་གདེང་ཚོད་ཅིག་ཡིན་ལ། འབད་འཐབ་སྙིང་སྟོབས་ཀྱི་གདེང་ཚོད་ཅིག་ཀྱང་ཡིན།
གསུང་བཤད་ནང་བསྟན་དོན། ཏང་གི་ཆབ་སྲིད་འཛུགས་སྐྱོང་མཐའ་འཁྱོངས་དང་ཐོག་མཐའ་བར་གསུམ་དུ་ཏང་གི་མཐུན་སྒྲིལ་གཅིག་གྱུར་རྒྱུན་འཁྱོངས་བྱེད་དགོས། ཏང་གི་མཐུན་སྒྲིལ་གཅིག་གྱུར་ནི་ཏང་དང་མི་དམངས་ཀྱི་མདུན་ལམ་དང་ལས་དབང་དང་འབྲེལ་བ་ཞིག་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རྩ་བའི་ཁེ་ཕན་གནས་སའང་ཡིན་པས། དུས་གང་འདྲ་ཞིག་དང་གནས་ཚུལ་གང་འདྲ་ཞིག་གི་འོག་ཏུའང་ཟ་ཟིར་བྱེད་མི་རུང་བ་དང་གཡོ་འགུལ་གཏོང་མི་རུང་བ་ལོ་རྒྱུས་དང་དོན་དངོས་ལས་ར་སྤྲོད་བྱས་ཡོད།
གསུང་བཤད་ནང་བསྟན་དོན། བློ་བརྟན་འགྱུར་མེད་ངང་འགན་འཁྲི་ཁུར་ནས་འཐབ་རྩོད་རླབས་པོ་ཆེ་བྱེད་པའི་བློ་སྟོབས་དང་འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། རང་རེའི་ཏང་གིས་འཐབ་རྩོད་ལ་བརྟེན་ནས་ལོ་རྒྱུས་གསར་གཏོད་བྱས་པ་དང་དེ་བས་འཐབ་རྩོད་ལ་བརྟེན་ནས་འབྱུང་འགྱུར་ལ་རྒྱལ་ཁ་ཐོབ་པ་བྱས་ཡོད། ང་ཚོར་འཕྲད་པའི་འཐབ་རྩོད་སྣ་ཚོགས་ནི་དུས་ཐུང་ཙམ་མིན་པར་ཡུན་རིང་ཞིག་ཡིན་པས། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་མཉམ་དུ་འགྲོགས་རྒྱུ་རེད།
གསུང་བཤད་ནང་བསྟན་དོན། རང་ངོས་གསར་བརྗེ་མཐའ་འཁྱོངས་བྱས་ནས་ཏང་གི་ངོ་བོ་མི་འགྱུར་བ་དང་། ཚོན་མདོག་མི་འགྱུར་བ། བྲོ་བ་མི་འགྱུར་བ་བཅས་བྱེད་དགོས། རང་རེའི་ཏང་ནི་ལོ་རྒྱུས་རིང་བ་དང་། གཞི་ཁྱོན་ཆེ་བ། སྲིད་སྐྱོང་རིང་བ་བཅས་ཡིན་པས་ཟིང་བཅོས་དར་རྒུད་ཀྱི་ལོ་རྒྱུས་ཀྱི་དུས་འཁོར་ལས་ཇི་ལྟར་སྒྲོལ་ཐབས་ཐད་བློ་མཐུན་མའོ་ཙེ་ཏུང་གིས་ཡན་ཨན་གྱི་ས་ཕུག་ནས་ལན་དང་པོ་དེ་བསྐྱོན་ཡོད། དེ་ནི“མི་དམངས་ཀྱིས་སྲིད་གཞུང་ལ་ལྟ་སྐུལ་བྱས་ན། སྲིད་གཞུང་གིས་གཞི་ནས་ལྷོད་གཡེང་བྱེད་མི་ཕོད”ཅེས་པ་དེ་ཡིན། ལོ་བརྒྱའི་འབད་འཐབ་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལག་ལེན་གསར་པ་བརྒྱུད། རང་རེའི་ཏང་གིས་སླར་ཡང་ལན་གཉིས་པ་བཏབ་པ་དེ་ནི་རང་ངོས་གསར་བརྗེ་བྱ་རྒྱུ་དེ་ཡིན། རང་རེའི་ཏང་ལ་རང་ཉིད་ཀྱི་དམིགས་བསལ་གྱི་ཁེ་ཕན་གང་ཡང་མེད། འདི་ནི་རང་རེའི་ཏང་གིས་རང་ངོས་གསར་བརྗེ་བྱེད་ཕོད་པའི་བློ་སྟོབས་ཀྱི་འབྱུང་རྩ་དང་གཏིང་ཤུགས་གནས་ས་ཡིན། ཏང་དབུ་བརྙེས་ནས་ལོ་བརྒྱ་འཁོར་བའི་སྐབས་སུ། ང་ཚོས་བདེ་སྡོད་ཉེན་བསམ་བྱས་ཏེ་ང་ཚོའི་ལོ་བརྒྱའི་ཏང་ཆེན་པོ་འདི་ན་རྒས་རྫི་རྡིབ་དང་ནད་ཀྱིས་མནར་བ་ཞིག་ཏུ་འགྱུར་བར་དུས་རྟག་ཏུ་དོགས་ཟོན་བྱེད་དགོས། རང་ངོས་ཀྱི་གསར་བརྗེ་རླབས་པོ་ཆེས་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེར་ཁྲིད་སྟོན་བྱེད་པ་དང་སྤྱི་ཚོགས་ཀྱི་གསར་བརྗེ་རླབས་པོ་ཆེས་རང་ངོས་ཀྱི་གསར་བརྗེ་རླབས་པོ་ཆེར་སྐུལ་འདེད་བཏང་ནས་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཏང་འདི་ཉིད་ཐོག་མཐའ་བར་གསུམ་དུ་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་སྲོག་ཤིང་དུ་འགྱུར་བར་བྱེད་དགོས།