མཐོ་སྒང་གི་ཕོ་རྒོད་ཁག་ཅིག་གིས་ནང་ལོགས་ས་ཁུལ་ནས་ལས་གཞི་གསར་གཏོད་བྱས་པའི་བགྲོད་ལམ།
བོད་མི་རིགས་ནི་ལོ་རྒྱུས་རིང་ཞིང་འོད་སྟོང་འཕྲོ་བའི་ཤེས་རིག་ལྡན་པའི་མི་རིགས་ཤིག་ཡིན། བོད་མིས་ལོ་ངོ་1400ལྷག་ཙམ་གྱི་གོང་ནས་རྩེར་སོན་གྱི་ལག་ཤེས་བཟོ་རྩལ་ཁོང་དུ་ཆུད་པ་དང་།
འཕེལ་རྒྱས་ཀྱི་བརྒྱུད་རིམ་རིང་པོའི་ནང་མགར་བཟོའི་ཐོན་རྫས་དང་། ཐང་ག །འཇིམ་བཟོ། ཡོ་བྱད། རྒྱན་ཆས། མཆོད་རྫས་སོགས་ཐོན་སྐྱེད་དང་འཚོ་བའི་དངོས་རྫས་སྣ་ཚོགས་སུ་བོད་རིགས་མི་དམངས་ཀྱི་ལས་ལ་བརྩོན་ཞིང་བློ་རིག་བཀྲ་བའི་ཉིང་བཅུད་འདུས་ཡོད་པར་མ་ཟད། ལོ་རྒྱུས་ཀྱི་ནང་དོན་ཟབ་མོ་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཉམས་འགྱུར་ཡང་མངོན་ཡོད། ལོ་ངོ་སྟོང་ཕྲག་གི་རིང་ལ། ལོ་རྒྱུས་ཀྱི་བསྲེག་བཅད་བརྡར་གསུམ་བརྒྱུད་པའི་ལག་ཤེས་བཟོ་རྩལ་གྱི་གྲུབ་འབྲས་དེ་དག་ནི་འཛམ་གླིང་སྐྱེ་བོ་ཀུན་ཧ་ལས་དགོས་པའི་ཀྲུང་ཧྭའི་འོད་སྟོང་འཕྲོ་བའི་རིག་གནས་འགྲེམས་ཚོགས་ཁྲོད་རྨད་བྱུང་ངོ་མཚར་གྱི་གསེར་ཏོག་ལྟ་བུར་གྱུར་ཡོད།དེབ་འདིར་བཀོད་པའི་ལས་གཏོད་མཁན་ཚོར་ཐུན་མོང་གི་ཁྱད་ཆོས་ཤིག་ཡོད་པ་ནི། ཐང་ག་དང་།མགར་བཟོ། འཇིམ་བཟོ། རྡོ་བཟོ། ཤིང་བཟོ། ཁྱིམ་ཆས། མི་རིགས་ཀྱི་རྒྱན་གོས་སོགས་རིག་གནས་ཐོན་རྫས་རྨང་གཞི་བྱས་ནས། ཕ་ཡུལ་གྱི་ལག་ཤེས་མཁས་པ་དང་ལས་ཀ་མེད་པའི་གཞོན་ནུ་བསྡུ་རུབ་བྱས་ཏེ། ཚང་མའི་བློ་གྲོས་དང་སྙིང་རུས། སྤོབས་སེམས་བཅས་ཀྱི་ཐོག་ནས་ངོ་མཚར་ཆེ་བའི་མི་ཚེ་མཚོན་པར་བྱས་ཏེ། བོད་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་ཀྱི་ཕུལ་བྱུང་བཟོ་རྩལ་སླར་ཡང་མངོན་པར་བྱས་པར་མ་ཟད། ལོ་རེའི་ཐོན་འབོར་སྒོར་ཁྲི་བརྒྱ་ཕྲག་ཁ་ཤས་དང་ཁྲི་སྟོང་ཕྲག་ཁ་ཤས། དུང་ཕྱུར་ཁ་ཤས་ཟིན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་ཁེ་ལས་མང་པོ་རིམ་བཞིན་སྟོབས་ཆེ་རུ་གྱུར་ནས། བོད་རིགས་དམངས་ཁྲོད་ཀྱི་ལག་ཤེས་བཟོ་རྩལ་ཐོན་ལས་དེ་ས་ཆ་གཞན་ནས་དར་རྒྱས་བཏང་ཡོད་ལ། ཁོང་ཚོའི་ཐོན་རྫས་ཀྱིས་བོད་འབྲེལ་ས་ཁུལ་གྱི་ཁྲོམ་རའི་དགོས་མཁོ་བསྐངས་ཐུབ་པ་མ་ཟད་ནང་ལོགས་ས་ཁུལ་གྱི་འཛད་སྤྱོད་པའི་ཁྱིམ་དུ་ཡང་སླེབས་ཐུབ་ཡོད། ད་དུང་ཨ་རི་དང་། རྒྱ་གར། བལ་ཡུལ། ཕ་ཁི་སི་ཐན། སུའེ་ཙེར་སོགས་རྒྱལ་ཁབ་དང་ཀྲུང་གོའི་ཞང་ཀང་སོགས་རྒྱལ་ཕྱི་ནང་ཀུན་ལ་བྲིན་ཚོང་བྱེད་བཞིན་ཡོད།
མི་རིགས་ལག་ཤེས་བཟོ་རྩལ་དེ་གཞན་ཡུལ་ནས་དར་བ།
ཚོད་ལྟ་བྱེད་ཕོད་པ་དང་ཕུགས་འདུན་ལྡན་པའི་བོད་རིགས་ཁེ་ལས་པ་འདི་ཚོས། རི་ཆུ་སྟོང་ཕྲག་བརྒལ་ནས་ས་ཆ་གཞན་དུ་ལས་གཏོད་བྱེད་པའི་ལམ་བུ་བདམས་ཕོད་ཅིང་། དཀའ་བ་ཚད་མེད་སྤྱད་དེ་རྒྱུན་ཆད་མེད་པའི་སྦྱོང་བརྡར་དང་། འབད་འཐབ། དོན་གཉེར་བྱེད་པའི་དུས་མཚུངས་སུ། ཁོང་ཚོས་དྲིན་ཚོར་གྱི་བསམ་པ་བཅངས་ནས་ཕྱུག་འགྱུར་གྱི་ལམ་བུའི་ཐོག་མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་སྤྱི་ཚོགས་ལ་རང་འགུལ་ངང་དྲིན་ལན་འཇལ་ཏེ། སྔ་རྗེས་སུ་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་བཞག་ལ་ཞལ་འདེབས་སྒོར་ཁྲི་བརྒྱ་ཕྲག་ཕུལ་བ་དང་། ཁེ་ལས་ཀྱི་གཟུགས་བརྙན་དང་སྤྱི་ཚོགས་ཀྱི་བསྔགས་བརྗོད་བཟང་པོ་ཐོབ་ཡོད་པས་ཕྱུག་འགྱུར་ལས་བརྩོན་གྱི་དཔེ་མཚོན་ཞིག་ཡིན་པ་སྨོས་མེད་རེད།
ཀརྨ་བི་ཤྭའི་བཟོ་རྩལ་རིག་གནས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་གི་ལས་བཟོ་པས་ལྷ་སྐུ་བཞེངས་བཞིན་པ།
ལས་གཞི་གསར་གཏོད་ཀྱི་ལག་ལེན་ཁྲོད་དུ། ཁོ་ཚོས་རང་ཡུལ་གྱི་ཚོང་རྟགས་གྲགས་ཅན་ཕྱི་རུ་སྤེལ་བར་འབད་པ་ལྷོད་མེད་བྱས་ཤིང་། དེའི་ཕྱིར་རྒྱ་ཆེ་བའི་ཁྲོམ་རའི་ནང་རང་ཉིད་ཀྱི་དངོས་ཚན་ཁེ་ལས་ཀྱི་འཇོན་ཐང་མངོན་ཐུབ་པར་མ་ཟད། ད་དུང་ཕ་ཡུལ་གྱི་ལས་མེད་གཞོན་ནུ་ཚོར་རོགས་རམ་བྱས་ཏེ། སྤྱི་ཚོགས་ཐོག་ལག་རྩལ་ལ་བརྟེན་ནས་ཕྱུག་འགྱུར་ཡོང་ཐབས་བྱེད་པ་དང་། རིན་མེད་ངང་རྩལ་ནུས་གསོ་སྦྱོང་བྱེད་པ། གཞོན་ནུ་ཚོའི་ཕུགས་བསམ་དང་ཁེ་ལས་ཀྱི་རིག་གནས་མཉམ་འདྲེས་ཡོང་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་ནས་ཡོན་ཏན་སྣ་གཅིག་ལྡན་པའི་ངལ་རྩོལ་ཤེས་ལྡན་པ་སྟོང་ཕྲག་མང་པོ་གསོ་སྐྱོང་བྱས་ཡོད། དེའི་ནང་ཕུལ་བྱུང་གི་མི་རིགས་ལག་ཤེས་རྒྱུད་འཛིན་པ་དང་དོ་དམ་པ་ཁག་ཅིག་འབུར་དུ་ཐོན་ནས་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ལ་ཁྲག་རྒྱུན་གསར་པ་བསྣན་ཏེ་སི་ཁྲོན་ཞིང་ཆེན་མི་རིགས་ས་ཁུལ་གྱི་དབུལ་གྲོལ་ཕྱུག་འགྱུར་དང་གྲོང་གསེབ་དར་རྒྱས་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
འཚེམ་དྲུབ་ཐང་ག་བཞེངས་བཞིན་པ།
དེ་མིན་ཤེས་རྟོགས་བྱུང་བ་ཞིག་ལ། གོང་དུ་བཀོད་པའི་དཔུང་སྡེ་དེ་ཡི་ནང་དུ་སྡེ་དགེ་དང་དཔལ་ཡུལ། ཆབ་མདོ། དར་མདོ། ཡུལ་ཤུལ་སོགས་གྲོང་ཁྱེར་དང་རྫོང་ནས་ཡོང་བའི་ལག་ཤེས་པ་མང་ཤོས་ཡིན་ལ། དེའི་ནང་ལག་རྩལ་ཡག་ཤོས་ཀྱི་ལག་ཤེས་པའི་ལོ་རེའི་ཡོང་འབབ་སྒོར་འབུམ་6ནས་འབུམ་7བར་ལོན་པ་དང་། ན་གཞོན་ལག་ཤེས་པ་ལའང་ཉུང་མཐར་ཡང་སྒོར་ཁྲི་6ཙམ་རག་གི་ཡོད་པ་རེད། ལས་བཟོ་པ་མང་པོ་ཞིག་གི་ལོ་རེའི་ཡོང་འབབ་སྒོར་འབུམ་1ཙམ་ཟིན་ནས་ས་གནས་དེ་གར་བསྔགས་བརྗོད་ཆེན་པོ་ཐོབ་པའི་ལས་བརྩོན་ཕྱུག་འགྱུར་གྱི་དཔེ་བཟང་མི་སྣར་གྱུར་ནས་ཁོང་ཚོས་ཕ་ཡུལ་གྱི་ལ་རྒྱ་བསྐྱངས་པར་མ་ཟད། དེ་ལས་མང་བའི་ཡུལ་མི་རྣམས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད།
གེ་སར་སྟོང་ཐང་ལ་མཐའ་ཤན་སྤྲས་བཞིན་པ།
ཁོང་ཚོས་སྤྱི་གཉེར་ཁང་དང་ཞིང་དུད། དྲ་སྦྲེལ་བཅས་ཟུང་དུ་འབྲེལ་བའི་གཉེར་སྐྱོང་རྣམ་པ་དང་འཕེལ་རྒྱས་གཏོང་སྟངས་བེད་སྤྱད་དེ་རྒྱུད་འཛིན་དང་དར་སྤེལ་བཅས་མཉམ་སྤྱོད་མཐའ་འཁྱོངས་ཀྱིས་གངས་ལྗོངས་ཀྱི་མི་ཁྲི་ཕྲག་མང་པོར་མི་རིགས་ལག་ཤེས་བཟོ་སྐྲུན་ལས་རིགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་ཁྲིད་བྱས་ཡོད་པར་མ་ཟད། མི་རིགས་གཞན་གྱི་ལས་ཞུགས་མི་སྣ་སྟོང་ཕྲག་ཡས་མས་བསྡུ་ལེན་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འགྱུར་ཡོང་བར་བྱས་རྗེས་མངོན་གསལ་དོད་པོ་བཞག་ཡོད།
ཡུན་ནན་བདེ་ཆེན་དུ་བཞུགས་པའི《དཀྱིལ་འཁོར》ཏེ། འཛམ་གླིང་ཅི་ཉི་སིའི་ཟིན་ཐོར་ཚུད
ཕར་བལྟས་ན་ཁེ་ལས་འདི་དག་དཔལ་འབྱོར་དང་འཚོ་བ་ཁོ་ནར་འབྲེལ་བ་འདྲ་མོད། དོན་དངོས་སུ་རིག་གནས་དང་སྤྱི་ཚོགས་ཀྱི་ངོས་ནས་བལྟས་ན། དེ་ནི་སྤྱིར་བཏང་གི་དཔལ་འབྱོར་བྱེད་སྒོ་ལས་བརྒལ་སྟེ་སྤྱིར་བཏང་གི་ཁེ་ལས་ཀྱི་བྱ་སྤྱོད་ཅིག་མ་ཡིན་པར་ཞི་མཐུན་ཡར་ཐོན་དང་འབད་བརྩོན་ལྷོད་མེད་ཀྱི་མི་རིགས་ཀྱི་སྙིང་སྟོབས་ཤིག་ཡིན་པ་དང་། བོད་རྒྱ་མི་རིགས་ཀྱིས་ལག་གདང་སྦྲེལ་ནས་འབྱོར་འབྲིང་ཕྱོགས་སུ་བསྐྱོད་དེ་གཟི་འོད་ལྡན་པའི་མཚོན་བྱེད་ཞིག་ཡིན་ལ། དྲང་བདེན་དང་ནུས་སྟོབས་ཀྱིས་ཁེངས་པའི་གསར་གཏོད་རང་བཞིན་གྱི་སྤྱི་ཚོགས་ཀྱི་མཛད་རྗེས་ཤིག་ཀྱང་རེད་འདུག །
རྒྱལ་ཁབ་ཆེན་མོའི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་ལག་ཤེས་པའི་མཚན་སྙན་ཐོབ་པའི་ཨོ་རྒྱན་རྡོ་རྗེས་གཉེར་བའི་ཐང་གའི་རྟེན་གཞི
དེའི་ཐོག་ནས་གསལ་ཐུབ་པ་ཞིག་ནི། བོད་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཐོན་རྫས་དང་ཁེ་ལས་ཀྱིས་རྒྱ་གྲོང་ཆེན་མོ་ཁྲེང་ཏུའུ་སོགས་ཡུལ་གཞན་དུ་ཕན་ཚུན་འགྲན་རྩོད་བྱེད་བཞིན་ཡོད། དུས་རབས་ཀྱི་ཕྱེད་ཀ་ཙམ་ལ་གཉིད་དུ་ཡུར་བའི་སྲོལ་རྒྱུན་བཟོ་རྩལ་ལ་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བ་དེས་མི་རིགས་ས་ཁུལ་གྱི་མི་རབས་གསར་པའི་ལས་གཏོད་པར་སྐུལ་ལྕག་དང་བློ་སྒོ་འབྱེད་པའི་ནུས་པ་གལ་ཆེན་ཐོན་པར་མ་ཟད། མི་རིགས་ས་ཁུལ་གྱི་འབྱུང་འགྱུར་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་བཅས་ཀྱི་ཐད་ལ་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
མཐོ་སྒང་གི་བུ་ཕྲུག་དག་གིས་ཚོང་རར་འགྲིམས་པ་ལས་བོད་ཀྱི་རིག་གནས་ཐོན་ལས་གོང་འཕེལ་བཏང།
རྨད་དུ་བྱུང་བའི་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་གྱིས་མི་རིགས་ཤིག་གི་ལོ་རྒྱུས་རིག་གནས་འཕེལ་རྒྱས་ལ་ཚབ་བྱེད་མི་ཐུབ་པའི་ནུས་པ་ཆེན་པོ་ཐོན། མཐོ་སྒང་ནས་ཐོན་པའི་བོད་ཀྱི་ལག་ཤེས་བཟོ་རྩལ་སྐྲུན་མཁན་རྣམས་ཀྱིས་མི་རིགས་ཀྱི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པོར་བརྟེན་ནས། ལོ་ངོ་30ཡི་རིང་ལ་འཚོ་གནས་འགྲན་རྩོད་ཀྱི་གྲུབ་འབྲས་མང་པོ་ཐོབ་ཅིང་། ཁོང་ཚོས་མེས་པོས་བཞག་པའི་ལག་རྩལ་རྩ་ཆེན་རྣམས་བསྡུ་ལེན་དང་གསར་གཏོད་ཁྲོད་དུ་རྒྱུད་འཛིན་ཐུབ་པར་མ་ཟད། ཡར་ཐོན་གྱི་རྩེ་ལ་གཏུག་པ་འདི་ནི་རླབས་ཆེན་གྱི་དུས་རབས་དང་ཁ་འབྲལ་ཐབས་མེད་ལ། རླབས་ཆེན་མེས་རྒྱལ་གྱི་སྲིད་ཇུས་བཟང་པོ་དང་ཁ་འབྲལ་ཐབས་མེད། མི་རིགས་མཐུན་སྒྲིལ་གྱི་ཉིང་བཅུད་ལ་ཡང་ཁ་འབྲལ་ཐབས་དེ་བས་ཀྱང་མེད་པའོ། །
བོད་ཀྱི་བཟོ་རྩལ་ཐོན་རྫས་འགྲེམ་ཚོང་གི་ཡུལ་དངོས།
ཁ་བའི་ལྗོངས་ནས་གཞན་ཡུལ་འགྲིམས་པའི་ལས་རིགས་གསར་གཏོད་པ་འདི་དག་གིས་ལོ་30ཡི་རིང་གི་ལས་གཞི་གསར་པའི་བགྲོད་ལམ་སྐོར་གླེང་སྐབས། རྟག་ཏུ་དོ་སྣང་བྱེད་པ་དང་སྐྱེ་བོ་ཀུན་ཧང་སངས་དགོས་པ་ཞིག་ནི། ཁོང་ཚོའི་ངོ་མཚར་ཆེ་བའི་གཏམ་རྒྱུད་ཀྱིས་མིག་སྔའི་ཕུགས་བསམ་ལྡན་པའི་སྤུན་ཟླ་ཁྲི་སྟོང་མང་པོའི་ཚབ་མཚོན་ལྟ་བུར་ཆགས་ཡོད་ལ། སྒྲུབ་ཕོད་པ་དང་ལམ་བུ་གསར་པ་གཏོད་ཕོད་པ། ཚད་བརྒལ་བྱེད་ཕོད་པའི་དཔའ་གདེང་དང་སྤོབས་པས་དུས་རབས་ཀྱི་སྙིང་སྟོབས་མཚོན་ཡོད་ཅིང་། ཁོང་ཚོས་དཀའ་བ་ཁྱད་བསད་དང་ངལ་བ་དང་ལེན་བྱས་པ་དེས་མཐོ་སྒང་གི་བུ་རབས་ཚ་རྒྱུད་ཚོར་རང་ཉིད་ལས་རྣམ་པར་རྒྱལ་ཏེ་ཞུམ་པ་མེད་པར་མདུན་སྐྱོད་བྱ་རྒྱུར་སྐུལ་ལྕག་ནུས་ལྡན་ཞིག་ཐེབས་ངེས་སོ།།
སི་ཁྲོན་ཞིང་ཆེན་རིག་གནས་ཐིང་གི་ཐིང་ཀྲང་གཞོན་པ་སྔོན་མ་ཚེ་པོ་སོགས་འགོ་ཁྲིད་ཀྱིས་དངོས་མིན་ཤུལ་བཞག་རིག་གནས་འགྲེམ་སྟོན་ལ་ལྟ་སྐོར་གནང་བཞིན་པ།
ཁོང་ཚོའི་གཏམ་རྒྱུད་ལས་ང་ཚོར་དུས་རབས་ཀྱིས་ལས་གཞི་གསར་གཏོད་པར་རྩ་ཆེའི་གོ་སྐབས་སྤྲོད་པ་མྱོང་ཚོར་ཐུབ་པ་དང་། ཁོ་ཚོས་དུས་རབས་ཀྱི་པར་རིས་ཁྲོད་དུ་རང་ཉིད་ལ་དབང་བའི་རྐང་རྗེས་གསལ་པོ་བཞག་ཡོད། དེ་དང་ཆབས་གཅིག་མེས་རྒྱལ་གྱི་ས་གཞི་ཆེན་མོ་ནི་མི་རིགས་ཁག་གི་ཐུན་མོང་གི་ཁྱིམ་གཞིས་ཡིན་པས། ས་ཆ་གང་དུ་གནས་ཀྱང་བདེ་གནས་ལས་གཉེར་བྱེད་ཐུབ་པ་ཡིན་ཕྱིར། རྒྱལ་ཁབ་ཀྱིས་ང་ཚོར་ཕུགས་འདུན་འགྲུབ་པར་བྱེད་པའི་གོ་སྐབས་ཚད་མེད་མཁོ་འདོན་བྱས་ཡོད་ལ། ལས་ལ་བརྩོན་པའི་མི་ཞིག་ཡིན་ན། གནས་མལ་གང་དུ་བཅས་ཀྱང་གྲུབ་འབྲས་བླ་ན་མེད་པ་ཐོབ་ཐུབ།
ལག་ལེན་དངོས་ཀྱིས་ར་སྤྲོད་བྱས་པ་ལྟར། ལས་གཞི་གསར་གཏོད་ཀྱི་ལམ་བུ་ནི་གེགས་མེད་བདེ་བགྲོད་ཀྱི་ལམ་བུ་ཞིག་གཏན་ནས་མིན་མོད། འོན་ཀྱང་ཐོག་མའི་བསམ་འདུན་དང་སྙིང་རུས་ཆེན་པོས་ལག་ལེན་བསྟར་ཚེ། འོད་སྟོང་འཕྲོ་བའི་འབྱུང་འགྱུར་གྱིས་ཁྱེད་རང་སྒུག་ཡོད་ངེས་ཡིན་པ་ར་སྤྲོད་བྱས་ཡོད། ཕུགས་འདུན་དོན་གཉེར་བྱེད་མཁན་གྱི་ལས་གཏོད་པ་ཚོ་སྔོན་ཆད་ནང་ལོགས་ས་ཁུལ་དུ་སླེབས་དུས་མང་ཆེ་བ་ནི་གཞི་ཁྱོན་ཆུང་བའི་ལས་སྣོན་ཚོང་ཁང་རེ་ལ་བརྟེན་ནས་ཁྲོམ་རར་ཞུགས་པ་ཡིན་ལ། ཁོང་ཚོས་རྒྱུན་མི་ཆད་པར་རང་ཉིད་ལ་འགྲན་སློང་བྱས་ནས། སྤྲོ་སེམས་དང་ལག་ལེན་ལ་བརྟེན་ནས་མི་ཚེའི་གྲུབ་འབྲས་ཐོབ་པའི་ལམ་བུ་གསོན་ཉམས་དོད་པོས་གསལ་འགྲེལ་བྱས་ཏེ། ཁེ་ལས་དར་ཞིང་རྒྱས་ལ། རྒྱུ་འབྱོར་ལོངས་སྤྱོད་འཛོམས་ཤིང་། མདུན་ལྗོངས་འོད་སྟོང་འབར་བའི་ཕྱོགས་སུ་བསྐྱོད་པ་རེད།
རེད་ཡ། གྲུབ་འབྲས་ནི་འབད་འབུངས་ཅན་ལ་ཐོབ་པ་ཡིན་ལ། དུས་རབས་ཀྱི་གཅེས་ཕྲུག་འདི་དག་གིས་མེས་པོའི་ཕུལ་དུ་བྱུང་བའི་རིག་གནས་རྒྱུད་འཛིན་བྱས་ནས། ལས་གཏོད་ཀྱི་དཔུང་ཚོགས་ལས་རང་ཉིད་རྣམ་པར་རྒྱལ་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ་དཀའ་སྤྱད་སྡུག་རུས་ཀྱིས་རྔུལ་ཆུ་དང་ཤེས་རབ་ལ་བརྟེན་ནས་ལས་དབང་ལ་ཁ་ལོ་བསྒྱུར། ཁོ་ཚོའི་མདུན་སྐྱོད་ཀྱི་གོམ་པ་རེ་རེར་ཡིད་ཆེས་ཀྱིས་ཁེངས་ཡོད་ལ། སྤོབས་པ་དང་སྟོབས་ཤུགས་ཀྱིས་འོད་སྟོང་འབར་བའི་གྲུབ་འབྲས་འདི་དག་བླངས་པ་རེད།
དེང་དུས་སུ་ཁོ་ཚོ་ནི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་གྲུབ་ཆ་གལ་ཆེན་དུ་གྱུར་ཡོད་ལ། རེ་བའི་ས་ཆེན་གྱི་སྟེང་ནས་བོད་ཀྱི་ལག་རྩལ་གྱི་རྣམ་པ་གསར་པའི་དུས་རབས་ཞིག་གཏོད་བཞིན་ཡོད།
མ་འོངས་པར་ང་ཚོས་ཁྱེད་ཚོ་ལ་རེ་བ་ཡོད་ལ་ཡིད་ཆེས་ཀྱང་ཡོད། མུ་མཐུད་དེ་དུས་རབས་ཀྱི་འགྲོས་དང་བསྟུན་ནས་རྒྱུད་འཛིན་དང་གསར་གཏོད་བྱས་ཏེ། གནའ་བོའི་ཤུལ་བཞག་རིག་གནས་དེ་སྤྱིའི་འཕེལ་རྒྱས་ཀྱི་རླབས་ཕྲེང་ཁྲོད་ནས་གསོན་ཤུགས་ཡང་ཡང་རྒྱས་སུ་བཅུག་ན། དེ་ཡིས་གངས་ཅན་ལྗོངས་འདིར་དེ་བས་མཚར་སྡུག་ལྡན་པ་ཞིག་ཏུ་གཏོང་ཐུབ་བོ། །