ཡོངས་འཛིན་འཚོལ་བཤེར་རྡེབ་ཚད་མི་ཐེངས་དུང་ཕྱུར་50བརྒལ་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-06



    ཟླ་12ཚེས་28ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཕྱོགས་བསྡུས་པུའུ་ཡི་ཀྲུའུ་རེན་ལྷ་སྐྱིད་སྒྲོལ་མ་ཡིས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། གོ་ལ་ཧྲིལ་པོའི་བོད་ཡིག་འཚོལ་བཤེར་མ་ལག་ཐོག་མ་སྟེ“ཡོངས་འཛིན”2016ལོའི་ཟླ་8པར་སྤྱོད་འགོ་ཚུགས་པ་ནས་མིག་སྔའི་བར་མཐེབ་རྡེབ་བྱེད་ཚད་མི་ཐེངས་དུང་ཕྱུར་50ལས་བརྒལ་བ་དང་། ཉིན་རེར་ཆ་སྙོམས་ལྟ་ཀློག་བྱེད་ཚད་མི་ཐེངས་ཁྲི་280ཟིན་ཡོད་ཅེས་བཤད། 
   ངོ་སྤྲོད་བྱས་པར་གཞིགས་ན། “ཡོངས་འཛིན”བོད་ཡིག་འཚོལ་བཤེར་མ་ལག་ནི་ཀྲུང་གོའི་རྒྱལ་ནང་གི་བོད་ཡིག་དྲ་ཚིགས་ཆེ་གྲས་ཁག་གི་གཅིག་གྱུར་གྱི་འཇུག་སྒོ་ཡིན་པ་དང་། དེ་བཞིན་དྲ་སྦྲེལ་གྱི་བོད་ཡིག་ཆ་འཕྲིན་ཡོང་ཁུངས་གཙོ་བོ་དང་ཐོན་ཁུངས་མཉམ་སྤྱོད་ལྟེ་གནས་ཡིན། ལས་སྟེགས་དེ་ནི་བོད་ཡིག་དྲ་བའི་ཆ་འཕྲིན་མཉམ་སྤྱོད་དང་འཚོལ་བཤེར་རྨང་གཞིར་བྱས་ནས།  “ཡོངས་འཛིན”སྐྱེ་འཕེལ་གྱི་ཆགས་སྟངས་ཤིག་འཚོལ་ཞིབ་ཧུར་ཐག་བྱས་ཤིང་། བོད་ཡིག་འཚོལ་བཤེར་མ་ལག་དང་། སྣེ་མང་བཀོལ་སྤྱོད། རྒྱལ་ཁབ་ཀྱི་ཚད་གཞི་ལ་གཞིགས་པའི་བོད་ཡིག་གི་རང་འགུལ་ཐ་སྙད་ལོགས་འབྱེད་དང་སྐད་བརྡའི་རིག་ནུས་དབྱེ་ཞིབ་མ་ལག་དང་རིག་ནུས་གོག་འབུ་བཅས་གཞི་གཅིག་ཅན་གྱི་བོད་ཡིག་དྲ་རྒྱའི་མ་ལག་ཆེ་གྲས་ཤིག་ཐོག་མར་ཆགས་ཡོད་ཅིང་། ཆབ་སྲིད་དང་། དཔལ་འབྱོར། རིག་གནས། ཚན་རྩལ་སོགས་ཁྱབ་ཁོངས་30ལྷག་གི་ཆ་འཕྲིན་འདུས་པ་དང་ལས་གཉེར་བའི་ཚོགས་པའི་ནང་བོད་རིགས་89%ཟིན་ཡོད་པ་རེད།
   ལྷ་སྐྱིད་སྒྲོལ་མས་ངོ་སྤྲོད་བྱས་པར་གཞིགས་ན།“ཡོངས་འཛིན”འཚོལ་བཤེར་མ་ལག་སྤྱོད་མཁན་ནི་ཀྲུང་གོའི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)34ཡི་བོད་ཡིག་དྲ་དམངས་ཡོད་པ་མ་ཟད། ད་དུང་ཨ་རི་དང་། ཧྥ་རན་སེ། ལྗར་པན། ཨུ་རུ་སུ། སིང་ཀ་ཕོར་སོགས་རྒྱལ་ཁབ་དང་ས་ཁུལ་70ལྷག་ལ་ཁྱབ་ཡོད་པ་རེད།
   གཞན་ཡང“ཡོངས་འཛིན”APPདེ་ཀུ་ཤུ་དང་། ཧྭ་ཝུའེ། ཞའོ་སྨི། OPPO VIVOཉེར་སྤྱོད་ཚོང་ཁང་དང་དེ་བཞིན་ཐེང་ཤུན་ཉེར་སྤྱོད་པའོ་སོགས་ནས་ཕབ་ལེན་བྱེད་ཚད་མི་ཐེངས་ཁྲི་100ལྷག་ཟིན་ཡོད་པ་རེད། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1