རིགས་གཅིག་མཁས་ཅན་ཚོས་ལོ་ངོ་ཉིས་སྟོང་ཙམ་གྱི་ལོ་རྒྱུས་ལྡན་པར་སྨྲ་བའི་སྣམ་བུ་ནི། བོད་ས་མཐོའི་མི་རྣམས་ཀྱིས་ཡུལ་གྱི་ཐོན་ཁུངས་དང་། གནམ་གཤིས་ཀྱི་ཁྱད་ཆོས། དམིགས་བསལ་གྱི་འཁེལ་འཐག་ལག་རྩལ་བཅས་སྤྱད་པའི་ཐོན་དངོས་ཤིག་རེད་ལ། བོད་རིགས་ཀྱི་རྒྱན་གོས་ཁྲོད་དུ་ཚབ་མཚོན་རང་བཞིན་ལྡན་པའི་གྱོན་གོས་ཤིག་དང་མི་རིགས་ཀྱི་ཁྱད་ཆོས་ལྡན་ཤོས་ཀྱི་གྱོན་གོས་ཤིག་ཀྱང་ཡིན་ཞིང་། ལོ་རྒྱུས་ཐོག་ལྷོ་ཁའི་གྲ་ནང་དང་། གཞིས་རྩེའི་རྒྱལ་རྩེ། བོད་ཤར་ཕྱོགས་ཀྱི་སྨར་ཁམས་བཅས་ནས་ཐོན་པའི་སྣམ་བུར་མིང་གྲགས་ཆེ་ཙམ་ཡོད།
སྣམ་བུ་ནི་ཐོག་མར་བལ་བྲེག་པ་དང་། འཁྲུ་བ། གསེད་པ། ཤད་ནས་མནལ་མ་འཁེལ་བ། འཐག་པ(ཐགས་ཁྲི་སྤྱད་ནས་འཐག་གི་ཡོད)བཅས་ཀྱི་བརྒྱུད་རིམ་བརྒྱུད་དགོས་པ་དང་། ལྷག་དོན་དུ་སྣམ་བུ་འཐག་སྐབས། དང་ཐོག་གནས་དང་ལྟག་གཉིས་གྲ་སྒྲིག་བྱེད་དགོས་པ་དང་། རིང་ཚད་ལྟར་རྒྱུ་དཀྲིས་གཏན་འཁེལ་གྱིས་རྡོ་ལེབ་བམ་སོ་ཕག་གཉིས་ཀྱི་ཐོག་ཏུ་ཁོད་སྙོམས་པོས་བཞག་རྗེས་གཞི་ནས་རམ་མ་བྲན་དགོས། དེ་ནི་དོན་དུ་རྒྱུ་གཏོང་རྒྱུ་དེ་ཡིན་ཞིང་། རྒྱུ་གཏོང་བའི་བརྒྱུད་རིམ་ནང་རྒྱུ་ཆད་སྲིད་པས་དུས་ཐོག་ཏུ་ཡིད་གཟབ་ཀྱིས་མཐུད་རྒྱག་དགོས། རྒྱུ་རྣམས་བཏང་ཟིན་རྗེས་ཕྱོགས་གཅིག་ཏུ་མ་བསྒྲིལ་བར་བྱས་ནས། རྒྱུ་དཀྲིས་ཐོག་སྙོམས་པོས་བསྒྲིལ་ནས་འཐག་ཁྲིའི་ཐོག་མགོ་མཇུག་མ་ལོག་པར་བཞག་སྟེ་རྐང་ཀྲབ་དང་མཐུད་རྗེས་ཁོག་སྤུན་གཡས་ནས་གཡོན་དུ་གཏོང་བ་དང་རྐང་ཀྲབ་གཡོན་ནས་གཡས་སུ་གནོན་དགོས། དེ་ཡང་གོམ་པ་ཐམས་ཅད་གཡས་སྤོ་ཡིན། འཐག་གོམ་ཐམས་ཅད་གཡོན་སྤོ་ཡིན་ཞེས་པ་ལྟར། ངེས་པར་དུ་རྐང་པའི་གདེགས་འཇོག་གཡོན་ནས་གཡས་སུ་སྤོ་དགོས། དེ་ལྟར་མིན་པར་རྐང་ལག་གི་གོ་རིམ་ནོར་ན་སྣམ་བུ་ཕྱི་ནང་ལོག་ནས་སྤུས་ཚད་ཞན་པོ་ཆགས་པ་དང་ཐ་ན་ཕན་འཕྲོ་བརླག་འགྲོ་སྲིད། ད་དུང་སྣམ་བུ་དངོས་སུ་འཐག་པའི་སྐབས་སུ་ཡང་རྒྱུ་ཆད་སྲིད་པས། དུས་ཐོག་ཏུ་མཐུད་རྒྱག་པ་ལས་སྣང་མེད་དུ་བཞག་ན་སྣམ་བུར་ཤུར་ཁ་དོན་ནས་སྤུས་ཚད་ལ་ཐད་ཀར་སྐྱོན་རྒྱག་གི་ཡོད། འོན་ཀྱང་རྒྱུ་རྣམས་མ་རྫོགས་བར་སྣམ་བུ་འཐག་སྲོལ་མེད་པར་ལྟག་རས་ཞེས་སྤུན་སྦོམ་ཙམ་བཏང་ནས་ལྷེབ་ཙམ་ཞིག་འཐག་གི་ཡོད། དེ་ནི་གནས་ཀྱི་སྐུད་པ་མི་འཁྲུག་པའི་ཆེད་དང་སྣམ་བུའི་སྣེ་མོ་མི་ཐོར་བའི་ཆེད་དུ་རེད། སྣམ་བུ་བཏགས་ཟིན་རྗེས། སྤུ་ཤད་ཀྱིས་སྣམ་བུ་ཐེངས་གཅིག་ཤད་ནས་སྤུ་རྣམས་བསངས་རྗེས་མི་གཉིས་ཀྱིས་བཏགས་ཟིན་པའི་སྣམ་བུ་མེ་ཆུང་ངུར་བཤེར་ནས་སྤུ་རྣམས་མེར་སྲེག་པའམ་ཡང་ན་ཇེམ་ཙེ་བརྒྱབ་ནས་འབྲེག་གི་ཡོད། དེ་རྗེས་ལྕགས་ལེབ་སོགས་སྤྱད་ནས་སྤུའི་ཚིག་རོ་རྣམས་གཙང་མ་བཟོ་དགོས། ད་དུང་རི་སྐྱེས་རྩི་ཤིང་གི་རྩ་བ་སུག་པའམ་ཤིང་ཡོམ་འབོག་གི་པགས་པ་སོགས་དག་རྫས་སྤྱད་ནས་གཙང་འཁྲུད་རྒྱག་དགོས། སྐབས་དེར་སྣམ་བུ་འཐག་ལས་ཡོངས་སུ་མཇུག་འགྲིལ་བས་བུབས་བསྒྲིལ་ནས་ཚོས་རྒྱག་པའི་དུས་སུ་སླེབས་པ་རེད། སྣམ་བུར་ཚོས་གང་ཡང་བརྒྱབ་ཆོག་ལ་དེ་སྔ་རམས་སོགས་བསྙལ་བཟོ་བྱེད་པ་དང་དེ་མིན་ཆུ་རྩ་དང་། ཤིང་སྐྱེར་པ། སྟར་ཁའི་པགས་པ་སོགས་རང་བྱུང་ལྷད་མེད་ཀྱི་རྒྱུ་ཆ་མང་པོ་སྤྱོད་ཀྱི་ཡོད་རུང་། ད་ཆ་རྫས་འགྱུར་གྱི་ཚོས་རྫས་སྤྱོད་ཤུགས་ཆེ་བ་ཡོད། སྤྱིར་བལ་རྒྱ་མ་20ཙམ་ལ་སྣམ་བུ་རྒྱ་མ་8ཙམ་ལས་དོན་གྱི་མེད་པ་དང་། སྣམ་བུའི་རིང་ཚད་ལ་སྤྱི་ཁྲེ་18ཡོད་པ་དང་ཞེང་ཚད་ལ་ལི་སྨི་20ཙམ་ཡོད་ཅིང་། དེ་ནི་བུའི་ཕྱུ་པའི་རིང་ཚད་ཡིན་པ་དང་གལ་སྲིད་བུ་མོའི་ཕྱུ་པ་ཡིན་ན། ཐུང་ཙམ་བྱ་ཆོག་གི་ཡོད། གང་ལྟར་ལས་སྣོན་ཞིབ་ཚགས་མིན་དང་རྒྱུ་ཆ་བཟང་ངན་དབང་གིས་ཐེར་མ་དང་། ཤད་མ། སྤུ་ཕྲུག སྤྱིར་བཏང་གི་སྣམ་བུ་བཅས་རིམ་པ་ཁ་ཤས་སུ་དབྱེ་ཆོག་གི་ཡོད།