སྤྱི་ཟླ་1པོའི་ཚེས་15ཉིན། གེ་སར་ཚད་དཔེའི་རི་མོའི་རིག་གནས་ལས་གྲྭ་འགོ་ཚུགས་པའི་ཆེད་མཁས་པའི་བློ་འདྲིའི་ཚོགས་འདུ་དང་གསར་རྩོམ་ཚོགས་པའི་ཆེད་དོན་གསོ་སྦྱོང་ཚོགས་འདུ་དེ་ཁྲེང་ཏུའུ་གྲོང་ཁྱེར་ཁྲི་ཀ་ཚང་མགྲོན་ཁང་དུ་འཚོགས། འདི་ནི་རྒྱལ་ཡོངས་གེ་སར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་དང་རྒྱལ་ཡོངས་གེ་སར་རིག་གནས་ཞིབ་འཇུག་ཆེད་མཁས་ཚོགས་པའི་གཙོ་ཁྲིད་དང་སྐུལ་འདེད་འོག །གསེར་རྟ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། གསེར་རྟ་རྫོང་ཡུལ་སྐོར་ཚད་ཡོད་འགན་འཁྲི་སྤྱི་གཉེར་ཁང་གིས་འགན་སྒྲུབ་བྱས་པ་རེད་འདུག །
གེ་སར་ཚད་དཔེ་རི་མོའི་རིག་གནས་ལས་གྲྭ་འགོ་ཚུགས་པའི་མཛད་སྒོའི་ཡུལ་དངོས།
ཚོགས་འདུ་རུ་རྒྱལ་ཡོངས་གེ་སར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་དང་ཀྲུའུ་རེན་གཞོན་པ་འཇམ་དབྱངས་ཆོས་སྒྲོན། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་འགོ་གཙོ་གཞོན་པ་ཀྲའོ་ཧུང་ཁྲོན། སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁའེ། སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་སྔོན་མའི་འགོ་གཙོ་གཞོན་པ་དང་སི་ཁྲོན་མི་རིགས་ཡར་སྐུལ་མཐུན་ཚོགས་ཀྱི་ཚོགས་གཙོ་ཚེ་པོ། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། གསེར་རྟ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཧོ་པིའོ། དཀར་མཛེས་ཁུལ་ཨུའི་སྔོན་མའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་། རིམ་པ་དང་པོའི་སྐོར་གཟིགས་པ་བྱམས་བློ། གསེར་རྟ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བློ་བཟང་ཚུལ་ཁྲིམས་སོགས་འབྲེལ་ཡོད་འགོ་ཁྲིད་དང་། ད་དུང་ཞིང་ཆེན་དང་གྲོང་ཁྱེར་སོ་སོ་ནས་ཕེབས་པའི་གེ་སར་རིག་གནས་ཀྱི་ཞིབ་འཇུག་པ་དང་ཆེད་མཁས་པ། མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུད་འཛིན་པ་སོགས་མི་དྲུག་ཅུ་ལྷག་དང་ཁྲེང་ཏུའུ་ལེགས་སྨོན་རི་མོའི་སྒྱུ་རྩལ་ལྟེ་གནས་ཀྱི་སློབ་མ་རྣམས་ཞུགས་འདུག །
རྒྱལ་ཡོངས་གེ་སར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་གཏམ་བཤད་གནང་བཞིན་པ།
སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་འགོ་གཙོ་གཞོན་པ་ཀྲའོ་ཧུང་ཁྲོན་གྱིས་གཏམ་བཤད་གནང་བཞིན་པ།
དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། གསེར་རྟ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཧོ་པིའོ་ཡིས་ཤིས་ཚིག་འབུལ་བཞིན་པ།
གསེར་རྟ་རྫོང་གི་རྫོང་དཔོན་གཞོན་པ་བློ་བཟང་ཚུལ་ཁྲིམས་ཀྱིས་ལས་གཞི་འཛུགས་སྐྲུན་དང་ལག་བསྟར་བྱེད་ཚུལ་སྐོར་ངོ་སྤྲོད་བྱེད་བཞིན་པ།
འགོ་ཚུགས་མཛད་སྒོའི་ཐོག །སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གི་འགོ་གཙོ་གཞོན་པ་ཀྲའོ་ཧུང་ཁྲོན་གྱིས་གཏམ་བཤད་བྱས་པ་དང་། དཀར་མཛེས་ཁུལ་ཨུའི་རྒྱུན་ཨུ། གསེར་རྟ་རྫོང་གི་རྫོང་ཨུའི་ཧྲུའུ་ཅི་ཧོ་པིའོ་ཡིས་ཤིས་ཚིག་ཕུལ། དེ་བཞིན་གསེར་རྟ་རྫོང་གི་རྫོང་དཔོན་གཞོན་པ་བློ་བཟང་ཚུལ་ཁྲིམས་ཀྱིས་ལས་གཞི་འཛུགས་སྐྲུན་དང་ལག་བསྟར་བྱེད་ཚུལ་ངོ་སྤྲོད་བྱས། དེ་ནས་རྒྱལ་ཡོངས་གེ་སར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་ལ་“གེ་སར་ཚད་དཔེའི་རི་མོའི་གསར་གཏོད་ཞིབ་འཇུག་ལྟེ་གནས་”ཞེས་པའི་སྒོ་བྱང་བསྩལ་བ་དང་། གསེར་རྟ་རྫོང་ཨུ་རྫོང་སྲིད་གཞུང་གིས་ཀརྨ་སྒར་བྲིས་ཀྱི་རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་ལེགས་སྨོན་གྱིས་གཉེར་བའི་ཁྲེང་ཏུའུ་ལེགས་སྨོན་རི་མོ་སྒྱུ་རྩལ་ལྟེ་གནས་སུ་“གེ་སར་ཚད་དཔེའི་རི་མོའི་བཞེངས་སྐྲུན་རྟེན་གཞི་”བཙུགས།
རྒྱལ་ཡོངས་གེ་སར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གིས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་ལ་“གེ་སར་ཚད་དཔེའི་རི་མོའི་གསར་གཏོད་ཞིབ་འཇུག་ལྟེ་གནས་”ཞེས་པའི་སྒོ་བྱང་བསྩལ་བ།
གསེར་རྟ་རྫོང་ཨུ་རྫོང་སྲིད་གཞུང་གིས་ཁྲེང་ཏུའུ་ལེགས་སྨོན་རི་མོ་སྒྱུ་རྩལ་ལྟེ་གནས་སུ་“གེ་སར་ཚད་དཔེའི་རི་མོའི་བཞེངས་སྐྲུན་རྟེན་གཞི་”བཙུགས་པ།
དེ་ནས་ལས་གྲྭའི་འགོ་ཚུགས་པའི་མཛད་སྒོ་མཇུག་སྒྲིལ་རྗེས། འབྲེལ་ཡོད་ཆེད་མཁས་པས་བརྗོད་གཞི་དང་འབྲེལ་བའི་གསུང་གླེང་ལྷུག་པོར་གནང་བ་མ་ཟད། ཕྱི་དྲོ་ནས་དུས་ཡུན་ཉིན་བཞིའི་རིང་ཁྲེང་ཏུའུ་ལེགས་སྨོན་རི་མོའི་སྒྱུ་རྩལ་ལྟེ་གནས་སུ་ཆེད་དོན་གསོ་སྦྱོང་འཚོགས་འགོ་བརྩམས།
གེ་སར་རིག་གནས་ཀྱི་ཆེད་མཁས་པ་རྣམ་པས་གསུང་གླེང་གནང་བཞིན་པ།
རྒྱལ་ཡོངས་གེ་སར་ལས་ཀའི་འགོ་ཁྲིད་ཚོ་ཆུང་གཞུང་ལས་ཁང་གི་ཀྲུའུ་རེན་ནོར་བུ་དབང་ལྡན་གྱིས་གེ་སར་གྱི་གཟུགས་རིས་ཀྱིས་གེ་སར་རིག་གནས་རྒྱུད་འཛིན་ཐད་ཕན་ཆེན་པོ་ཐོགས་ཡོད་ཀྱང་། རིག་གནས་འདི་ཁྱབ་ཡུལ་ས་རྒྱ་ཆེ་བའི་རྐྱེན་གྱིས་གེ་སར་གྱི་སྣང་བརྙན་འདི་ས་ཆ་རེ་རེ་ལ་འདྲ་མིན་སྣ་ཚོགས་འདུག །འོན་ཀྱང་། གེ་སར་རྒྱལ་པོའི་རྟོགས་བརྗོད་དུ་འདི་ལ་ཚད་གཞི་ཡོད་ཅིང་། འདི་གཅིག་གྱུར་གཏོང་ན་གེ་སར་རིག་གནས་མི་རབས་ནས་མི་རབས་བར་དུ་རྒྱུད་འཛིན་བྱ་རྒྱུའི་ཐད་ཕན་ནུས་ཆེན་པོ་ཡོད། གལ་སྲིད་དེ་ལྟར་མིན་པར་གེ་སར་རིག་གནས་ཀྱི་གཟུགས་རི་འདྲ་མིན་སྣ་ཚོགས་འབྲི་བཞེངས་བྱས་ཚེ། གེ་སར་རིག་གནས་ཇི་བཞིན་ཁྱབ་སྤེལ་བྱ་རྒྱུའི་ཐད་གནོད་པ་ཆེན་པོ་ཡོད། དེ་བས་ཚད་ལྡན་དུ་གཏོང་བ་ནི་ཁ་ཚ་དགོས་གཏུགས་ཀྱི་དོན་ཆེན་ཞིག་ཡིན་པས། ད་ཐེངས་གསེར་རྟ་རྫོང་གིས་འདིའི་ཐད་མིག་དཔེ་འཇོག་རྒྱུའི་རེ་བ་ཆེན་པོ་ཡོད་ཅེས་ཟེར། ཀརྨ་སྒར་བྲིས་ཀྱི་རྒྱལ་ཁབ་རིམ་པའི་རྒྱུད་འཛིན་པ་ལེགས་སྨོན་གྱིས་ད་རེས་གེ་སར་ཚད་དཔེ་རི་མོའི་ཐད་ང་ལ་འགན་ཁུར་ལྕི་མོ་ཡོད་ཀྱང་། སྔར་གེ་སར་སྟོང་ཐང་བྲིས་པ་སོགས་ཉམས་མྱོང་མང་པོ་བསགས་ཡོད་པ་དང་གེ་སར་རིག་གནས་ཀྱི་ཆེད་མཁས་པ་རྣམས་ཀྱིས་མཛུབ་སྟོན་བྱས་དང་བྱེད་མུས་སུ་ཡོད་པས། ང་ཚོས་ཡག་པོ་འབྲི་ཐུབ་རྒྱུའི་ཡིད་ཆེས་དང་རེ་བ་ཡོད་ཅེས་ཟེར། གེ་སར་ཚད་དཔེ་རི་མོའི་རིག་གནས་གསར་གཏོད་ལས་གཞིའི་ལག་བསྟར་ཚོ་ཆུང་གི་འཐུས་ཚབ་པ་ཧྥང་ཧུང་ཡུས་ཀྱིས་ང་ཚོ་ལག་བསྟར་ཚོ་ཆུང་གིས་གསེར་རྟ་རྫོང་ཨུའི་འགོ་ཁྲིད་འོག །ཐོག་མའི་ཕུགས་འདུན་སེམས་སུ་བཅངས་ནས། མི་རིགས་རིག་གནས་དང་མངོན་མིན་ཤུལ་བཞག་རིག་གནས་དག་དམིགས་བསམ་ཅན་དང་འཛམ་གླིང་ཅན། ཚད་ལྡན་ཅན་གྱི་རིག་གནས་ཐོན་ལས་ལ་བསྒྱུར་རྒྱུ་དང་། འདིའི་གྲུབ་འབྲས་ཀྱིས་མི་དམངས་མང་ཚོགས་དང་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་རྒྱུ་ཡིན་ཞེས་ཟེར།
རྒྱུས་ལོན་བྱུང་བ་ལྟར་ན། གེ་སར་ཚད་དཔེའི་རི་མོའི་རིག་གནས་ལས་གཞིས་བོད་ཀྱི་སྲོལ་རྒྱུན་ཐང་ག་སུམ་བརྒྱ་ལྷག་ཙམ་གཞི་རྟེན་གཙོ་བོར་བྱས་ཏེ། གེ་སར་རྒྱལ་པོ་དང་འབྲེལ་ཡོད་མི་སྣའི་རྣམ་པ་དང་རྒྱན་གོས། མཚོན་ཆ། ས་ཁོངས་ཀྱི་ཁྱད་ཆོས་སོགས་ནང་དོན་གྱི་པར་རིས་ཚད་གཞི་ཚད་ལྡན་དུ་བཏང་ནས་གནད་འཁེལ་རང་བཞིན་དང་གཞི་ཁྱོན་ཅན། ཚད་གཞི་ཅན། གཟུགས་བརྙན་ཅན་བཅས་ཀྱི་སྒོ་ནས་ཆེད་ལས་རང་བཞིན་དང་དབང་གྲགས་རང་བཞིན་གྱི་ཚད་ལྡན་མ་ལག་ཅིག་ཆགས་པ་བྱ་རྒྱུ་རེད། གེ་སར་ཚད་དཔེ་རི་མོའི་རིག་གནས་ལས་གཞི་ནི་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་གནས་རྣམ་གྲངས་ཡིན་ལ། དེ་ནི་འཛམ་གླིང་ཁྱབ་ཁོངས་ནང་གི་གེ་སར་ལོ་རྒྱུས་སྙན་ངག་གི་གཟུགས་བརྙན་དང་རྣམ་པ་མང་པོ་ཞིག་ཐོག་མར་ཚད་ལྡན་ཅན་དང་སྒྲིག་ལམ་ཅན་དུ་ཞིབ་འཇུག་དང་གཏན་འབེབས་བྱས་པ་ཞིག་ཡིན། དེ་དང་ཆབས་ཅིག་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་རིང་དཀར་མཛེས་ཁུལ་གྱིས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་གྱི་འཐབ་ཇུས་ལས་འགན་སྒྲུབ་པའི་རིག་གནས་ཀྱི་མཐོ་ས་གསར་པ་ཞིག་ཀྱང་ཡིན་ལ། གསེར་རྟ་རྫོང་གིས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་ནས་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རིག་གནས་སྐྱེ་ཁམས་ཡུལ་སྐོར་ལ་ཤུགས་སྣོན་རྒྱག་པ། གྲོང་གསེབ་དར་རྒྱས་གཏོང་བ། ཨང་ཀིའི་རིག་གནས་ཡུལ་སྐོར་དང་ཨང་ཀིའི་གྲོང་གསེབ་འཛུགས་སྐྲུན་བྱེད་པའི་ནང་དོན་གལ་ཆེན་ཤིག་ཀྱང་ཡིན་པ་རེད། །
ཁྲེང་ཏུའུ་ལེགས་སྨོན་རི་མོའི་སྒྱུ་རྩལ་ལྟེ་གནས་སུ་གསོ་སྦྱོང་འགོ་བཙུགས་སྐབས།