—— སི་ཁྲོན་ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ཀྲའོ་ཅུའེ་རྫོང་སན་ཁྲ་ཧོ་ཤང་སན་ཧོ་གྲོང་ཚོའི་གྲོང་མི་ཅིས་ཧའོ་ཡེ་ཆིའུ་ཡི་ཁྱིམ་ལ་འཚམས་ལན་ཞུས་པ།
འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་དབྱང་དང་། སུང་ཧའོ་ཤིན། ཀྲེང་ཧའེ་ཨོའུ།
ངས་སྔ་ཕྱི་བར་གསུམ་དུ་དབྱིས་རིགས་མང་ཚོགས་སེམས་ལ་འཆང་གི་ཡོད། ཁྱེད་ཚོའི་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བ་མཐོང་དུས་ང་ཧ་ཅང་དགའ་པོ་འདུག ཕྲུ་གུ་ཚོ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་རེ་བ་ཡོད། —— ཞི་ཅིན་ཕིང་།
སི་ཁྲོན་ཞིང་ཆེན་ཤིས་ཁྲང་གྲོང་ཁྱེར་ནས་ཐོན་ཏེ་རླངས་འཁོར་བཏང་ནས་ཀྱག་ཀྱོག་གི་རི་ལམ་བརྒྱུད་སྤྱི་ལེ་70ཙམ་བསྐྱོད་དེ་སྨུག་སྤྲིན་འཁྲིགས་པའི་རི་བོ་ཞིག་བརྒལ་རྗེས་མྱུར་དུ་ལེའང་ཧྲན་དབྱིས་རིགས་རང་སྐྱོང་ཀྲོའུ་ཀྲའོ་ཅུའེ་རྫོང་སན་ཁྲ་ཧོ་ཤང་སན་ཧོ་གྲོང་ཚོར་འབྱོར་གྱི་ཡོད། གྲོང་ཚོའི་མདའ་རུ་སླེབས་སྐབས་མིག་ལམ་དུ་འཆར་བ་ནི་སྟར་པ་རེ་རེ་བཞིན་གྲལ་སྟར་འགྲིག་པའི་སྐྲུན་དངོས་གསར་པ་རེད། གྲོང་ཚོའི་མདའ་རུ་ཡོད་པའི་དུད་ཚང་ཞིག་གི་སྒོ་རའི་ནང་སེར་ལྷམ་ལྷམ་གྱི་མ་རྨོས་ལོ་ཏོག་མང་པོ་ཞིག་བཀལ་ཡོད་པ་དང་དེ་ནི་དབྱིས་རིགས་ཀྱི་ཕོ་གསར་ཅིས་ཧའོ་ཡེ་ཆིའུ་ཡི་ཁང་པ་གསར་པ་རེད།
2018ལོའི་ཟླ་2ཚེས་11ཉིན་ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སན་ཧོ་གྲོང་ཚོར་ཕེབས་སྐབས་ཅིས་ཧའོ་ཡེ་ཆིའུ་ཡི་ཁང་པ་རྙིང་པའི་ནང་ཕེབས་པ་རེད། ས་ཕག་ཁང་པ་དེའི་ཐོག་དཔངས་ཧ་ཅང་དམའ་ལ་སྒེའུ་ཁུང་ཡང་མེད། སྤྱི་ཁྱབ་ཧྲུའུ་ཅིས་སྒུར་སྒུར་གནང་ནས་ཁང་པའི་ནང་འཛུལ་ཏེ་ཅིས་ཧའོ་ཡེ་ཆིའུ་ནང་མི་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་སྟེ་ཁོང་ཚོར་སྔ་ཙམ་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུའི་སྐུལ་ལྕག་གནང་བ་རེད།
ཅིས་ཧའོ་ཡེ་ཆིའུ་སྡོད་སའི་ལེའང་ཧྲན་ཀྲོའུ་ནི་རྒྱལ་ཡོངས་ཀྱི་དབྱིས་རིགས་འདུས་སྡོད་ཁུལ་ཆེ་ཤོས་དེ་ཡིན་པ་དང་དབྱིས་རིགས་མི་འབོར་གྱིས་54.16%བཟུང་ཡོད། དེ་སྔ“ཁུལ་གསུམ་དང་ཀྲོའུ་གསུམ”གྱི་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་གྲས་ཤིག་ཡིན་པའི་ལེའང་ཧྲན་ཀྲོའུ་ནི་རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གཡུལ་ས་གཙོ་བོའི་གྲས་ཤིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལེའང་ཧྲན་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་བ་དང་ས་གནས་དེ་གའི་མང་ཚོགས་ལ་ཐུགས་ཁྲལ་ཆེན་པོ་གནང་གི་ཡོད།
2017ལོའི་ཟླ་3ཚེས་8ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས་ལེའང་ཧྲན་ཀྲོའུ་ནས་ཡིན་པའི་འཐུས་མིའི་ས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་འཕེལ་རིམ་མཁྱེན་རྟོགས་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅིས་རྒྱལ་ཡོངས་ཀྱི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་མང་ཆེ་བར་ང་ཕྱིན་པ་ཡིན། སླེབས་མེད་པའི་ལུའེ་ལེའང་དང་ལེའང་ཧྲན་དུ་ང་གང་མགྱོགས་ཡོང་གི་ཡིན་ཞེས་གསུངས་པ་རེད།
དེ་ནས་ལོ་གཅིག་ཀྱང་མ་སོང་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལེའང་ཧྲན་གྱི་སན་ཧོ་གྲོང་ཚོར་ཕེབས་པ་རེད།
ལོ་3ལྷག་ཙམ་གོང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་ཉིད་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བའི་རྣམ་པ་ཕྱིར་དྲན་བྱེད་སྐབས། ཅིས་ཧའོ་ཡེ་ཆིའུ་ཡིས་སྔར་བཞིན་སེམས་འགུལ་ཚད་མེད་ཐེབས་བཞིན་དུ“དེ་ཉིན་གངས་བབས་རྗེས་ཀྱི་ཉི་འོད་ཧ་ཅང་དྲོ་པོ་འདུག སྤྱི་ཁྱབ་ཧྲུའུ་ཅི་ཞབས་ཐང་མར་གངས་བབས་རྗེས་ཀྱི་འདམ་བག་ལམ་དེ་བརྒྱུད་ནས་ཕེབས་བྱུང་། སྤྱི་ཁྱབ་ཧྲུའུ་ཅིས་ང་ཚོ་དང་བྱམས་བརྩེའི་ངང་ཕྱག་བཏང་གནང་བ་དང་། ཅི་འཕྲོས་མོལ་འཕྲོས་གནང་བཞིན་སྒོ་རའི་ནང་གཟིགས་ཞིབ་གནང་བ། རང་འབབ་ཆུ་ཀ་ལ་འཁྲིད་ཐུབ་མིན་ལ་ཐུགས་ཁུར་གནང་བ། མལ་ཆས་ལ་རེག་ནས་མཐུག་པོ་ཡོད་མེད་དང་དྲོ་པོ་ཡོད་མེད་བཀའ་འདྲི་གནང་བ། ང་ཚོར་ཟས་གོས་གང་འདྲ་ཡོད་མེད་དང་ཕྲུ་གུ་སློབ་གྲྭར་བསྐྱོད་ཡོད་མེད་ལ་སོགས་པ་བཀའ་འདྲི་གནང་བྱུང”ཞེས་བཤད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོ་ནང་མི་ཚོར་ངས་སྔ་ཕྱི་བར་གསུམ་དུ་དབྱིས་རིགས་མང་ཚོགས་སེམས་ལ་འཆང་གི་ཡོད། ཁྱེད་ཚོའི་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་བ་མཐོང་དུས་ང་ཧ་ཅང་དགའ་པོ་འདུག ཕྲུ་གུ་ཚོ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་བྱུང་། ཅིས་ཧའོ་ཡེ་ཆིའུ་ཡིས“སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མོལ་ཉན་རྗེས་ང་དགའ་ཚོར་ཆེན་པོ་སྐྱེས་བྱུང”ཞེས་བཤད།
སན་ཧོ་གྲོང་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ང་ཚོས་སྤྱི་ཚོགས་རིང་ལུགས་སྤེལ་བ་ནི་མི་རིགས་ཁག་གི་མི་དམངས་ལ་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་དུ་འཇུག་རྒྱུ་དེ་ཡིན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་དཀའ་ཚེགས་ཆེ་ཤོས་དང་ལྗིད་རྫོབ་ཆེ་ཤོས་ཀྱི་ལས་འགན་དེ་དབུལ་ཕོངས་ས་ཁུལ་དུ་ཡོད་པ་དང་། ལྷག་པར་དུ་ཤིན་ཏུ་དབུལ་བའི་ས་ཁུལ་དུ་དཀའ་ཚེགས་ཇི་ཙམ་ཆེ་ནའང་ངེས་པར་དུ་ཁྱད་བསད་བྱེད་དགོས་པ་དང་འགག་སྒྲོལ་དམག་འཐབ་དེར་དཀའ་ངལ་ཇི་ཙམ་ཡོད་ཀྱང་ངེས་པར་དུ་རྒྱལ་ཁ་བླངས་ཏེ། ཕྱོགས་ཡོངས་འབྱོར་འབྲིང་གི་ལམ་བུའི་ཐོག་མི་རིགས་མི་རེ་ངོ་རེ་དང་ཁྱིམ་ཚང་མི་རེ་ངོ་རེ་བརྗེད་མི་རུང་ཞེས་གསུངས། སྤྱི་ཁྱབ་ཧྲུའུ་ཅིས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རི་ཁུལ་དུ་སྡོད་པའི་དབྱིས་རིགས་སྤུན་ཟླ་རྣམས་བདེ་འཇགས་དང་སྐྱིད་སྣང་དོད་པའི་སྡོད་ཁང་གསར་པའི་ནང་སྤོ་བ་དང་ཁོང་ཚོའི་འགྲིམ་འགྲུལ་འགྲོ་སྐྱོད་ཀྱི་དཀའ་གནད་སེལ་དགོས་པའི་ནན་བཤད་གནང་བ་རེད།
མིག་སྔར། སན་ཧོ་གྲོང་ཚོར་བསྐྲུན་ཟིན་པའི་ཡུལ་གཞན་དུ་གནས་སྤོས་བཀོད་སྒྲིག་བྱ་ཡུལ་དུ་དུད་ཚང་253གྱི་མི་གྲངས་1294སྡོད་ཁང་གསར་པར་སྤོས་པ་རེད། ཅིས་ཧའོ་ཡེ་ཆིའུ་སྨི་ངོས་གྲུ་100ཟིན་པའི་ཁང་པ་གསར་པར་སྤོས་པ་དང་དེ་ནི་སོ་ཕག་དང་ལྕགས་སྒྲོམ་ཟུང་འབྲེལ་གྱི་གྲུབ་ཆ་ཡིན་ཞིང་། གྲལ་འགྲིག་ལ་གཙང་བ་དང་། རྒྱ་ཆེ་ལ་དཀར་ཆ་དོད་པ། དྲོ་སྐྱིད་ལྡན་ལ་སྐྱིད་སྣང་དོད་པ་བཅས་ཡོད། ཚོམས་ཆེན་དང་། ཉལ་ཁང་། ཐབ་ཚང་། གསང་སྤྱོད་བཅས་ཚང་མ་ཡོད་པ་མ་ཟད། སྲིད་གཞུང་གིས་སྤྲད་གནང་བའི་བརྙན་འཕྲིན་དང་། འཁྱགས་སྒམ། གོས་འཁྲུའི་འཕྲུལ་འཁོར་སོགས་ཡོད། ཁོང་གིས་ད་དུང་ཁང་པ་ཞིག་བེད་སྤྱད་ནས་སྒོ་རྩིས་ཚོང་ཁང་གཉེར་བས་འཚོ་བ་ཧ་ཅང་སྐྱིད་པོ་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སན་ཧོ་གྲོང་ཚོར་རྟོག་ཞིབ་གནང་སྐབས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དང་ཡུན་རིང་བརྟན་ལྷིང་དང་ཕྱུག་འགྱུར་ཡོང་བ་བྱེད་པར་ཤེས་ལྡན་མི་སྣ་དགོས་ཀྱི་ཡོད། ས་གནས་དེ་གའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དང་། རྒྱ་ཆེའི་གྲོང་མིར་རིག་གནས་སློབ་སྦྱོང་དང་། ནུས་རྩལ་སྦྱོང་བ། འཇོན་ཐང་ཆེ་རུ་གཏོང་བ་བཅས་ལ་ཁྲིད་སྟོན་བྱེད་པ་དང་གོམས་སྲོལ་བསྒྱུར་ནས་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ཏེ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བ་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
དབུལ་པོའི་གནས་ལས་བསྒྲལ་རྗེས་ཅིས་ཧའོ་ཡེ་ཆིའུ་ཡིས་རྩལ་ནུས་གསར་པ་སློབ་སྦྱོང་ཧུར་ཐག་བྱས་ནས་བསམ་རྒྱ་ཡངས་སུ་བཏང་ཡོད། ཁོང་གིས་མཛུབ་རྩིས་ཤིག་བརྒྱབ་པར། ཉིན་10ཡི་ཨར་ལས་གསོ་སྦྱོང་ནང་ཞུགས་ནས་བཀོད་སྒྲིག་བྱ་ཡུལ་གྱི་ལས་ཡུལ་དུ་ཉིན་རེར་ཡོང་འབབ་སྒོར་200གསོག་ཐུབ་པ་དང་། སྒོ་རྩིས་ཚོང་ཁང་བཙུགས་ནས་ཟླ་རེར་ཡོང་འབབ་སྒོར་2000ལྷག་ཙམ་གསོག་ཐུབ་པ། ས་ཞིང་མུའུ་20ནང་བཤུག་བཏང་ནས་དགུན་ཁམ་བཏབ་པར་ལོ་རེར་ཡོང་འབབ་སྒོར་ཁྲི་1ཟིན་པ། ཤིང་འབྲས་ལྡུམ་རར་གླ་པ་རྒྱུག་ནས་ཉིན་རེར་ད་དུང་གླ་ཆ་སྒོར་120ཡོད་པ་སོགས། “ད་ཆ་ང་ཚོའི་ཁྱིམ་ཚང་གི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.2ཟིན་གྱི་ཡོད”ཅེས་བཤད། ཅིས་ཧའོ་ཡེ་ཆིའུ་བློ་ཡིད་ཧ་ཅང་ཚིམ་པོ་བྱུང་བ་དང་ངོ་གདོང་ནས་བདེ་སྐྱིད་ཀྱི་སྤྲོ་སྣང་མངོན་བཞིན་མཆིས།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སན་ཧོ་གྲོང་ཚོར་རྟོག་ཞིབ་གནང་སྐབས་གལ་ཆེ་ཤོས་ནི་སློབ་གསོ་ངེས་པར་དུ་རྗེས་ཟིན་ཐུབ་པ་བྱས་ནས་ཕྲུ་གུ་ཚོ་འགོ་འཛུགས་ས་ནས་ཕམ་དུ་འཇུག་མི་རུང་ཞེས་གསུངས་པ་རེད།
བཅར་འདྲི་བྱེད་རིང་གསར་འགོད་པས་སྤྱི་སྐད་ཐོག་ནས་ཅིས་ཧའོ་ཡེ་ཆིའུ་ལ་དྲི་བ་བཏོན་པ་དག་ཁོང་གིས་སྤྱིའི་ཆ་ནས་གོ་ཐུབ་ཀྱི་འདུག སྔོན་ཆད་དབྱིས་རིགས་མང་ཚོགས་ཕལ་ཆེ་བས་དབྱིས་རིགས་ཀྱི་སྐད་ཡིག་ལས་ཤེས་ཀྱི་མེད་པས་ཁོང་ཚོ་དང་ཕྱི་ཕྱོགས་དབར་སྤེལ་རེས་བྱ་རྒྱུར་ཚོད་འཛིན་ཕོག་སྟེ་ལས་ཞུགས་བྱེད་དཀའ་བ་དང་འཕེལ་རྒྱས་ལ་འགོག་རྐྱེན་འཕྲད་ཡོད། ཉེ་བའི་ལོ་ཤས་རིང་ལེའང་ཧྲན་ཀྲོའུ་ཡིས། “གྲོང་ཚོ་རེར་བུ་བཅོལ་ཁང་རེའི”སྲིད་ཇུས་སྤྱད་དེ་གྲོང་ཚོ་ཚང་མར་བུ་བཅོལ་ཁང་རེ་བཀོད་སྒྲིག་བྱས་ནས་ཕྲུ་གུ་ཚོར་སློབ་ཞུགས་གོང་གི་སློབ་གསོའི་དུས་ནས་སྤྱི་སྐད་སློབ་གསོ་ཁྱབ་གདལ་བཏང་ཡོད།
དེའི་རྨང་གཞིའི་ཐོག་ལེའང་ཧྲན་ཀྲོའུ་ཡིས་འོས་འགན་སློབ་གསོའི་ཉམས་ཞན་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་བཏང་བ་དང་། སློབ་གསོའི་དབུལ་སྐྱོར་རིམ་སྤོར་འདུ་འགོད་སོགས་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་ནས་ཤང་དང་གྲོང་རྡལ་གྱི་ཚད་ལྡན་ལྟེ་བའི་སློབ་གྲྭ་667བསྐྲུན་པར་བརྟེན“ཚང་མ་སློབ་གྲྭར་འགྲོ་རྒྱུ་ཡོད་པ་དང་ཚང་མ་སློབ་གྲྭ་ཡག་པོར་འགྲོ་རྒྱུ་ཡོང་བའི”དམིགས་ཚད་རིམ་བཞིན་མངོན་འགྱུར་བྱུང་ཡོད།
ད་ཆ་ལེའང་ཧྲན་ཀྲོའུ་ཡི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ་དང་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་པོ་དང་དབུལ་པོ་དབུལ་ནག་གི་གནད་དོན་ཕྱོགས་ཡོངས་ནས་བསལ་ཡོད་པ་རེད།