མེས་པོའི་ཕྱག་རྗེས་མཇལ་བའི་མཐོང་སྣང་གསོང་པོར་བརྗོད་པའི་གཏམ།

ཨ་སྔགས་ཚེ་རིང་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-19


མདོ་སྨད་མཛེས་ལྗོངས་ཤར་ཁོག་ཏུ། །ཐེག་ཆེན་ཀློང་སྒོམ་མངོན་གྱུར་པའི། །

རྟོགས་པ་མཆོག་ལྡན་སྐྱེས་ཆེན་ཏེ། །བསྟན་པ་ཚུལ་ཁྲིམས་ཞེས་བྱ་བྱོན། །

གང་གི་ཤུགས་དྲག་ཐུགས་བསྐྱེད་ཀྱིས། །སྐྱང་གི་འདུས་སྡེའི་རྒྱལ་མཚན་བསྒྲེངས། །

དཔག་ཡས་སེམས་ཅན་བློ་འདྲེན་ཕྱིར། །བཀའ་རྟགས་བདེན་ཚིག་ཤུལ་དུ་བཀོད། །

གཉན་ཆེན་བདུད་གཞོམ་རི་དྲུང་དུ། །གྲུབ་པའི་དབང་པོ་ཨ་སྔགས་པའི། །

མཁའ་འགྲོ་གསང་གཅོད་འགྲིམ་པའི་ཡུལ། །ཀླུ་བཙན་རི་ཞེས་གནས་ཤིག་ཡོད། །

སྒྲུབ་ཕུག་ཉེ་འགྲམ་བྲག་གི་ངོས། །ཀླུ་བཙན་དམ་ལ་བཏགས་པའི་བརྡ། །

ཨ་ཧྲི་མ་ཧྲིང་ཡི་གེའི་འབྲུ། །གསལ་ལེར་དོད་ཅེས་ཀུན་ཏུ་གྲགས། །

བྱ་དུར་དང་ནི་སྐྱང་གི་དགོན། །ལོ་རྒྱུས་དཀར་ཆག་གླེགས་བམ་ཁྲོད། །

དེ་ལྟའི་ཡོད་ལུགས་མཐོང་གྱུར་ཀྱང་། །མཇལ་བའི་སྐལ་བ་རེ་ཞིག་ཕྲ། །

ཚ་བའི་སྡུག་བསྔལ་བྱོལ་བའི་ཕྱིར། །བསིལ་བའི་རང་ཡུལ་ཤར་ཁོག་འབྱོར། །

རྟོགས་ལྡན་ཕུར་ཁོའི་མདུན་དྲུང་དུ། །གནས་གང་མཇལ་བའི་གླེང་མོལ་བྱུང་། །

འདུན་པ་མ་གཏོང་བརྩོན་གྱུར་ན། །མི་འགྲུབ་བྱ་བ་མེད་གསུངས་བཞིན། །

ཡུན་རིང་སྨོན་པའི་དོན་དེ་ཡང་། །གློ་བུར་འགྲུབ་པའི་མཐུན་རྐྱེན་འཛོམས། །

1

སྔ་མོའི་ཆུ་ཚོད་བདུན་ཐོག་ཏུ། །དམ་པ་གང་གིས་སྣེ་ཁྲིད་དེ། །

ཟིམ་ཟིམ་སྦྲང་ཆར་བསིལ་མའི་ཁྲོད། །གནས་གང་མཇལ་བའི་ལམ་དུ་ཞུགས། །

ཆར་གོས་ཆར་གདུགས་ལ་བརྟེན་ཏེ། །གྱ་གྱུ་བགྲོད་ལམ་རིང་མོ་རུ། །

ཧུབ་ཧུབ་དབུགས་ཀྱི་འབྱིན་རྔུབ་ཁྲོད། །དལ་དལ་བླ་ཀའི་སྒང་ལ་ཕྱིན། །

དཀར་པོ་ཁ་བའི་ལྭ་ཐོད་འོག །བརྗིད་ཆགས་བཞིན་རས་མི་མངོན་པ། །

གཡུང་དྲུང་དགྲ་འདུལ་ཡུལ་གྱི་ལྷ། །ཏིང་འཛིན་ཞི་བའི་མལ་ལ་གཟིམས། །

ནགས་རི་སྤང་རི་རྫ་རི་སོགས། །གཙོ་བོའི་སྐུ་ཡི་ཉེ་བསྐོར་དུ། །

ན་བུན་དར་དཀར་བཟུང་ནས་ནི། །གཟིམས་ལས་བཞེངས་པ་རེ་སྒུག་བྱེད། །

སྒང་ཀའི་མཐོང་སྣང་གསལ་ལེ་རུ། །རི་ལུང་ཡུལ་ཁོག་སྨུག་སྤྲིན་གྱིས། །

ཞོ་དཀར་སྤུངས་འདྲའི་མཛེས་པ་ཡིས། །སྐབས་གསུམ་ཡུལ་གྱི་འཁྲུལ་སྣང་སྟེར། །

རྐང་ལམ་ཕྲ་མོ་ཆར་ཞོད་ཁྲོད། །རྒྱུ་བའི་གྲང་རེག་ངལ་དུབ་བཅས། །

རྒྱང་གཟིགས་མཛེས་བརྗིད་བྱེད་ནུས་ཀྱིས། །དམིགས་མེད་དབྱིངས་སུ་ཅིག་ཅར་དེངས། །

2

རྡེའུ་མོད་པའི་བགྲོད་ལམ་ནས། །ཐུར་དུ་བབས་པའི་ལ་རྩ་རུ། །

མར་གད་ཞུན་འདྲའི་སྤང་ཐང་སྟེ། །ལུང་གི་འདབས་ན་གདན་ལྟར་གཏིང་། །

ཤག་ཤག་འབབ་པའི་རྫ་ཆུ་དང་། །ལྡེམ་ལྡེམ་གཡོས་པའི་ལྕུག་ཕྲན་གྱིས། །

ཚོམ་ཚོམ་ལྷ་ཤིང་མོད་པའི་ཡུལ། །མྱུར་མྱུར་ཕེབས་པར་བསུ་མ་འདྲ། །

བ་མ་ཐབ་ཆས་རྩམ་མར་སོགས། །རྒྱབ་ཀྱི་ཁུར་པོ་སྡོང་རྒན་ལ། །

བཅོལ་ནས་དལ་འབབ་རྒྱུན་དེད་དེ། །ཀླུ་བཙན་རི་ལ་གོམ་ཁ་བསྒྱུར། །

མཁའ་དབུགས་དྭངས་པས་ལུས་སེམས་སྐྱིད། །འཇོལ་མོའི་གྲེ་འགྱུར་སྙན་དབང་གསོས། །

ལྗོན་ལོའི་ངོས་ཀྱི་ཟིལ་ཆུ་ཡིས། །ངལ་དུབ་སངས་པའི་ཁྲུས་ཆབ་གསོལ། །

བྲག་སྐྱིབས་ཆུ་ཐིགས་མུ་ཏིག་ཕྲེང་། །མཁའ་ནས་འཐོར་བའི་ངང་ཚུལ་ཏེ། །

རྡོ་ལེབ་ཁེབས་པའི་སྡོད་ཁང་དུ། །འགེབས་ཆུ་འབབ་པའི་སྣང་བ་སྟེར། །

དགུན་ཟླ་གསུམ་གྱི་འཁྱག་རླུང་གིས། །འབབ་པའི་ཆུ་ཐིགས་དར་དུ་ཆགས། །

ཅུ་གང་བ་མོའི་ནུ་མགོ་ནས། །བདུད་རྩི་འོ་ཐིགས་འབབ་ཅེས་གྲགས། །

གཡས་ཀྱི་བྲག་གི་ངོས་ཐད་དུ། །སྐྱང་འཕགས་གྱེར་མི་ཆེན་པོ་ཡིས། །

སྒྲུབ་རྔ་སྒྲིལ་བའི་ཤུལ་རྗེས་སོགས། །མི་འགྱུར་བཀའ་རྟགས་གསལ་ལེར་ཡོད། །

ལྷུང་ལྷུང་འབབ་ཆུ་ལུང་བ་རུ། །གྱ་གྱུ་འགྲོས་ཀྱིས་བཞུར་བ་དང་། །

གྲམ་ཁའི་ཉི་ལྡེ་རྡོ་ཧྲུག་ཀྱང་། །མི་མངོན་ཆུ་ཡི་རུམ་དུ་གཟིམས། །

ཆར་པ་ཆུ་གྲོགས་གྱུར་པ་སྟེ། །སེར་འབྲུག་ལྡིང་འདྲའི་རླབས་འཕྲེང་གིས། །

སྟབས་བདེའི་ཟམ་དག་བརླག་ཚར་བས། །ལྷམ་གོག་གྱོན་བཞིན་བརྒལ་དགོས་བྱུང་། །

ལམ་གཡོན་རི་འདབས་གསོམ་སྡོང་འོག །དྭངས་ཤིང་བསིལ་བའི་ཆུ་མིག་ཅིག །

ན་རྩྭས་ཁེབས་པའི་རྡོའི་བར་དུ། །ཤུར་ཤུར་སྒྲ་བཅས་བཞུར་བ་མཐོང་། །

སྐབས་རེ་ཆུ་རྒྱུན་ལྷུང་ལྷུང་འབབ། །མཚམས་རེར་ཐིགས་པ་ཙམ་ཡང་མེད། །

བདུད་གཞོམ་རི་ཡི་ཁོག་པ་ན། །འབབ་ཕྱིར་ཀུན་གྱིས་ངོ་མཚར་བྱེད། །

བསིལ་བའི་རང་བཞིན་གཏེར་གྱི་ཆུ། །དད་པས་གསོལ་ན་སྒྲིབ་པ་དང་། །

ནད་རིགས་དག་ཀྱང་འཇོམས་པས་ན། །བདུད་གཞོམ་སྨན་ཆུ་ཞེས་སུ་གྲགས། །

དེ་ནས་ཅུང་ཙམ་ཕྱིན་པ་ན། །ལྷ་ཤུག་སྔོན་མོས་བརྒྱན་གྱུར་ཞིང་། །

གཡུ་ཡི་མཎྜལ་བཤམས་འདྲ་བའི། །ཀླུ་བཙན་བྲག་རི་མིག་སྔར་ཤར། །

གྲུབ་དབང་ཨ་སྔགས་རྟོགས་ལྡན་གྱིས། །ཀླུ་བཙན་དམ་ལ་འདོགས་པའི་གནས། །

འདི་ཉིད་ཡིན་ཞེས་ཨ་ཁུ་ཡིས། །ཕྱག་མཛུབ་ཀེར་ནས་སྟོན་པར་བྱེད། །

ཅུང་ཙམ་ཕྱིན་པའི་གཡོན་ཕྱོགས་སུ། །གཡུ་ལོ་ཐགས་འདྲའི་རི་རྩ་ན། །

ཚང་ཚིང་རྩི་ཤིང་རྒྱས་པའི་ཁྲོད། །ཉམས་དགའི་ཀེའུ་ཚང་ཞིག་ཀྱང་མཆིས། །

ཉེ་བར་ཕྱིན་ནས་བལྟས་པའི་ཚེ། །དུད་དྲེག་ཆགས་པའི་བྲག་ཕུག་ཅིག །

རྣལ་འབྱོར་བསྟི་བའི་གནས་མལ་ཏེ། །འདུ་འཛི་དབེན་པའི་མཚམས་ཁང་ཞིག །

འདི་ནི་ཨ་སྔགས་རྟོགས་ལྡན་སོགས། །རི་ཁྲོད་པ་ཡི་ཕུག་པ་སྟེ། །

ཉམས་དང་རྟོགས་པ་འཕེལ་གྱུར་བའི། །བྱིན་གནས་ཡིན་ཞེས་ངོ་སྤྲོད་མཛད། །

ཡར་ལ་ཅུང་ཙམ་སོང་ནས་ནི། །མདོག་ཁྲའི་ཇོ་དར་ལྷབ་ལྷུབ་ཏུ། །

གཡོས་པའི་བྲག་རྩ་ཞིག་ཏུ་སླེབས། །ཨ་ཧྲི་མ་ཧྲིང་དེར་ཡོད་ཟེར། །

རྩི་ཤིང་འཁྲུག་པའི་སྒོ་འཕར་འབྱེད་བྱས་ཏེ། །ནང་དུ་སོང་ཕྱིན་མིག་གི་མཐོང་ལམ་དུ། །

ནག་པང་ངོས་ལ་ཡི་གེ་བྲིས་པ་བཞིན། །སྨུག་ནག་བྲག་ངོས་དཀར་པོའི་ཡིག་རིས་གསལ། །

ཕར་ལ་བརྐོས་པ་མ་ཡིན་བརྐོ་ཤུལ་དབེན། །མཚོན་གྱིས་བྲིས་པ་མ་ཡིན་འཇིག་རྒྱུ་མེད། །

རྡོ་དཀར་ཚུར་ལ་སྐྱེས་འདྲའི་ངོ་མཚར་དེས། །སོ་སྐྱེ་བློ་རུ་གོམས་པའི་གཏན་ཚིགས་ལྡོག །

སྣང་སྲིད་སྒྱུ་མར་གཟིགས་པའི་རྟོགས་ལྡན་གྱིས། །མཁའ་འགྲོ་གསང་གཅོད་ཞུགས་པའི་ཉམས་སྣང་དུ། །

ཆོ་འཕྲུལ་ཡོ་ལང་བཤམས་པར་དམིགས་མེད་དུ། །ཀླུ་བཙན་དམ་ལ་བཏགས་པའི་བཀའ་རྟགས་བཞག །

གྲུབ་མཐའི་ཁྱད་འཕགས་སྟོན་པའི་སླད། །གྲུབ་བརྙེས་རྟོགས་ལྡན་ཨ་སྔགས་པས། །

གྲུབ་པའི་བདེན་ཚིག་ཕྱི་རབས་པའི། །གྲུབ་གཟུགས་དད་པའི་གསོས་སུ་བཞག།

བསྙེན་འཛབ་གང་ཞིག་མཇལ་བའམ། །ངག་ཏུ་བཟླས་པའི་ཕན་ཡོན་ནི། །

བར་ཆད་བགེགས་ཀྱིས་མི་ཚུགས་ཤིང་། །ངན་སོང་སྒོ་ཡང་ཆོད་ཅེས་གསུངས། །

ཡང་མེས་གྱུར་བའི་སྐྱེས་མཆོག་གི། །རྗེས་བཞག་བཀའ་རྟགས་མཇལ་བའི་ཚེ། །

དད་པའི་སྤུ་ལོང་གཡོས་དང་ལྷན། །མིག་གི་མཆི་མའང་རབ་ཏུ་འཁྲུག །

དངོས་གྲུབ་བྱིན་རླབས་འཇོ་བའི་ཕྱིར། །དྲི་ཞིམ་སྤོས་དང་མར་མེ་སོགས། །

ཅི་འབྱོར་ཚོགས་ཀྱི་འཁོར་ལོ་སྟེ། །གནས་ཀྱི་མདུན་ནས་ལེགས་པར་ཕུལ། །

སྐྱེས་ཆེན་གང་ཞིག་འགྲོ་བའི་མགོན། །ཚེ་དབང་རིག་འཛིན་རྣམ་རོལ་དུ། །

ཡིན་གཤིས་རྟེན་འབྲེལ་ཆེ་བའི་ཕྱིར། །ཚེ་དབང་སྨོན་ལམ་ཚར་གཅིག་བཏོན། །

རྩ་བའི་བླ་མའི་འདས་མཆོད་དང་། །རྟེན་གསུམ་བྱིན་ཅན་སྒྲུབ་གནས་སོགས། །

ཚར་གཅིག་བཏོན་པའི་ཕན་ཡོན་ནི། །བསམ་གྱིས་མི་ཁྱབ་བརྗོད་ཀྱང་དཀའ། །

དེ་ཕྱིར་སྨོན་ལམ་དོན་འདུས་འཕྲེང་། །ཉམས་དགའི་གནས་ན་དད་པ་ཡིས། །

ངག་གི་རྩ་མདུད་འཁྲོལ་པ་འདི། །ཨེ་མ་བདག་ཅག་སྐལ་བ་བཟང་། །

ཁྲི་གདུགས་ཉི་མའི་འོད་ཟེར་བཀྱེ། །སྨུག་སྤྲིན་དཀར་པོ་དགུང་དུ་ཡལ། །

བདུད་གཞོམ་ཞལ་རས་དལ་དུ་མངོན། །དཀར་ཕྱོགས་དགྱེས་པའི་རྟགས་སུ་ངེས། །

སྐལ་བ་ལྡན་པའི་འུ་བུ་ཅག །ཚོགས་ཀྱི་དངོས་གྲུབ་བཞེས་པའི་རྗེས། །

ཨ་ཧྲི་མ་ཧྲིང་དོད་པའི་བྲག །གྱེས་ཕྱག་ཕུལ་ནས་ཕྱི་རུ་ལོག །

3

ཐབ་ཆས་བཞག་སའི་སྤང་གཞོང་ན། །སྒྱེད་པུ་རྡོ་གསུམ་བཙུགས་པའི་ཐོག །

ཞིམ་པའི་བོད་ཇ་སྐོལ་ནས་ནི། །ཉིན་གུང་གསོལ་བ་དེ་ནས་གྲུབ། །

རི་སྐྱེས་སྲོག་ཆགས་བག་ཡངས་རྒྱུ། །བྱ་བྱེའུ་མང་པོས་གྲེ་འགྱུར་འཐེན། །

སྣ་ཚོགས་སྟེང་འཐུང་དྲི་བསུང་འཐུལ། །དྭངས་གཙང་རྫ་ཆུ་སིལ་སིལ་འབབ། །

མར་གད་ཞུ་འདྲའི་སྤང་གི་དཀྱིལ། །སྔོན་མོའི་དུ་བ་འཕྱུར་བའི་ཁྲོད། །

ཇ་ལོ་ཁོལ་བའི་དྲི་བསུང་གིས། །ལྟོགས་པའི་མི་ལ་བསོད་ནམས་སྟེར། །

སྦྲང་དཀར་རྩམ་པར་ཕྱུ་ར་འདེབས། །འབྲི་མར་སེར་པོ་ཐོག་ཏུ་གཡེང་། །

རྒྱ་ཇ་སྨུག་པོ་བླུགས་ནས་བཏུང་། །ཕ་ཡུལ་ཤར་ཁོག་འཐུང་ཇའི་སྲོལ། །

ཟས་ཀྱི་ཕུད་དེ་ལྷ་ལ་མཆོད། །ལྷ་སྲུང་དགའ་བས་སྡོང་གྲོགས་མཛད། །

ཟས་ཀྱི་ལྷག་མ་བསུར་དུ་བསྔོ། །དྲི་ཟ་ཚིམས་པས་སྦྱིན་པ་རྫོགས། །

དད་པ་ཅན་གྱི་མི་རིགས་ཀྱི། །ཟས་སྤྱོད་གོམས་སྲོལ་དབེན་གནས་འདིར། །

ཐེངས་གཅིག་མྱོང་བའི་དགའ་སྐྱིད་ཀྱང་། །ལེགས་བྱས་སྔོན་དུ་སོང་བའི་རྟགས། །

4

ཉིན་བྱེད་དགེ་བའི་གཟི་བྱིན་གྱིས། །བཞེད་དོན་གྲུབ་པའི་པད་འདབ་བཞད། །

རྟེན་ཅིང་འབྲེལ་བའི་དྲི་བསུང་གིས། །སྐལ་ལྡན་བུང་བས་དར་དིར་སྒྲོག །

དད་པས་བློ་ཁ་དྲངས་པ་དང་། །དུང་བས་འདུན་པར་བརྩོན་པ་སོགས། །

མེས་པོའི་གཤེགས་ཤུལ་འཚོལ་བ་ཡིས། །རེ་ཞིག་ལུས་སྐྱིད་སེམས་པའང་བདེ། །

རང་ཡུལ་སྔོན་བྱོན་སྐྱེས་ཆེན་འགའི། །ངོ་མཚར་མཛད་པ་གླེང་བའི་ངང་། །

མཁྱེན་ཡངས་དྲང་སྲོང་རྗེས་འབྲངས་ཏེ། །རང་ཁྱིམ་དྲོན་མོར་གོམ་ཁ་བསྒྱུར། །

ཚེ་རབས་རིང་མོར་དམ་པའི་ཤུལ། །བཀྲ་ཤིས་ལམ་བཟང་བགྲོད་བྱས་ནས། །

ཨ་དཀར་གསང་ཆེན་སྔགས་ཀྱི་དོན། །ཐིག་ལེ་ཉག་གཅིག་མངོན་གྱུར་ཤོག ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1