༄༅།། 2022ལོར་དགེ་རྒན་རྣམས་ལ་སྐད་ཆ་འགའ་ཞིག་ཕུལ་ན།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-21



        ལོ་གསར་པའི་ནང་ལ། ཁྱེད་ཀྱིས་སྔར་བཞིན་དགེ་རྒན་གྱི་ལས་གནས་བསྲུངས་ཏེ། མུ་མཐུད་དུ་སློབ་གསོའི་ལས་ལ་བརྩོན་འཆར་ཡིན་ན། འདིར་ཁྱེད་ལ་ཕུལ་འདོད་པའི་སྐད་ཆ་ཤིན་ཏུ་རྙིང་པ་འགའ་ཞིག་ཡོད་དེ།

དང་པོ། སེམས་ཁམས་སྤྲོ་སྣང་ལ་གོམས་ཤོག
        དགེ་རྒན་གྱི་བྱ་བ་ནི་རྙོག་དྲ་ཆེ་བ་ཞིག་ཡིན་པས་ལས་བསམ་ཐོག་ལ་མི་འགྲོ་དུས་མེད་མི་སྲིད། ཟླ་ཕོགས་མ་འཕར་བ། ལས་ཐོབ་མ་རེག་པ། སློབ་ཁྲིད་ལ་འབྲེལ་བ་མེད་པའི་འགན་ཁུར་མང་བ། སྤྱི་ཚོགས་ཀྱི་མི་ཁ་མང་བ་སོགས། གནད་དོན་གང་ལ་འཕྲད་ཀྱང་ངལ་བའི་དངན་པ་ཞིག་རང་བཞིན་དུ་འཐེན་དགོས་པར་ཐུག་འགྲོ། ཡིན་ནའང་། ལས་རིགས་གང་ལ་འཇུག་ཀྱང་། དབུལ་ཕྱུག་སུ་ལ་མཚོན་ཡང་། མངར་སྐྱུར་འདྲེས་མ་ནི་འཚོ་བའི་རང་མདངས་ཡིན་ལ། སྐྱིད་སྡུག་འདྲེས་མ་ནི་ཀུན་གྱིས་མྱོང་བྱ་འབའ་ཞིག་ལགས་པས། དགེ་རྒན་གྱི་འཚོ་བ་དེ་ལམ་བདེ་འགྲོ་བདེ་ཞིག་མིན་པའང་ཀུན་དང་གཅིག་འདྲ་ཡིན་ལ། འཁང་ར་དང་ལེ་བདའི་སྨྲ་བ་ཇི་ལྟར་མང་བ་མཐའ་དག་ནི་མདོར་ན་གནོད་བྱ་རང་ཉིད་ལ་འབབ་པའི་གནོད་བྱེད་རང་ལས་མ་འདས་པ་ཤེས་དགོས། མི་ཚེའི་དཀའ་ཁག་གང་ལ་འཕྲད་ཀྱང་། འུ་ཚོས་ནུས་པ་ནི་སེམས་ཁམས་སྤྲོ་སྣང་ལ་དཀྲིས་ནས་རང་སེམས་རང་གིས་གསལ་བར་བྱེད་ཆོག་པ་དེ་ཡིན་ལ། རང་གི་ལེགས་མཛད་ལ་ཁས་ལེན་གྱི་ཐོག་ནས་མཛེས་སྡུག་བཀྲ་བའི་ལས་སྐལ་ཐུང་ངུ་ཆུང་ངུ་དག་ཤིན་ཏུ་གཅེས་པར་བཟུང་ནས། སེམས་ཡག་པོས་རང་ལམ་གསལ་བ་ཞིག་ཨེ་ཡོང་ལ་འབད་དགོས། འཚོ་བའི་ངོ་གདོང་གསལ་ལེར་མཐོང་རྗེས། ཁྱེད་ཀྱིས་སྔར་བཞིན་ཐོག་མའི་འདུན་པ་དང་ཕུགས་བསམ་དེ་མི་གཏོང་བར་ཤོག བསྟོད་སྨད་གང་ལ་འཕྲད་ཀྱང་ཞི་དུལ་བག་ལྷོད་དང་བློ་བརྟན་འགྱུར་མེད་ཀྱིས་མ་འོངས་པའི་ལམ་ཁར་བགྲོད་པའི་གོམ་པ་ཡ་ཡོ་མེད་པར་སྨོན།

གཉིས་པ། ལས་ཀའི་ཐོབ་ཤོར་ལ་བཏང་སྙོམས་ཐུབ་པར་ཤོག
        སློབ་ཆེན་མཐར་ཕྱིན་ནས་དགེ་རྒན་གྱི་ལས་སྟེགས་ཐོག་མར་སྙེག་དུས། དགེ་རྒན་ནི་ཆེས་ཁྱད་དུ་འཕགས་པའི་ལས་རིགས་ཡིན་པ་དང་། དགེ་རྒན་ནི་མིའི་བླ་སྲོག་གི་བཟོ་སྐྲུན་པ་ཡིན་ཞེས་པ་ལྟ་བུའི་སྐད་ཆ་ཡག་ཤོས་དེ་དག་གིས་ང་ཚོའི་ཡིད་དབང་རབ་ཏུ་བཀུག་མྱོང་ནའང་། དངོས་སུ་དགེ་རྒན་གྱི་ཁྲིད་སྟེགས་སུ་བུད་རྗེས། ང་ཚོས་དངོས་ཡོད་གནས་ཚུལ་གྱི་ཡག་བཙོག་ལམ་སང་མཐོང་ཡོང་བ་མིན་ནམ། ང་ཚོའི་ལས་རིགས་ནི་ལས་རིགས་སུམ་བརྒྱ་དྲུག་ཅུའི་ནང་གི་ལས་རིགས་ཕལ་བ་ཞིག་ཡིན་པས། ཁྱད་དུ་འཕགས་མི་འཕགས་ཀྱི་རྒྱུ་མཚན་གླེང་དགོས་མེད་ལ། བླ་སྲོག་བཟོ་མི་བཟོ་ཡང་རེ་ཞིག་གཞོགས་སུ་གཡུག་ཞོག ང་ཚོས་ཤེས་དགོས་པ་ནི་ལས་རིགས་འདི་ནི་འུ་ཚོས་ཁ་རྒྱབ་གསོ་བ་དང་བུ་ཕྲུག་སྙོར་བ་སོགས་ཀྱི་འཚོ་ཐབས་དཀྱུས་མ་ཞིག་ཡིན་པར་མ་ཟད། ལས་རིགས་གཞན་དང་གཞན་ལ་བསྡུར་ན་ལྷག་པར་རྒྱུ་དང་གོ་གནས་ཀྱི་ངོ་ཐང་ཆེས་དམན་པ་ཞིག་ཡིན་པ་དེ་རེད། དེ་བས་ལས་རིགས་འདི་ལ་བཅངས་པའི་རེ་བ་དང་། ལྷག་པར་ལས་རིགས་འདིའི་འཐོབ་བྱ་ལ་བཟུང་བའི་འདུན་པ་དེ་ཇེ་དམའ་རུ་བཏང་ནས། རང་གི་ལག་སྣེའི་ལས་ཀ་རེ་རེ་གོ་རིམ་ནན་བཅག་གིས་བསྒྲུབ་ཐུབ་པར་ཤོག

གསུམ་པ། རང་གི་དུས་ཚོད་བཀོད་སྒྲིག་ཡག་པོ་བྱེད་ཐུབ་པར་ཤོག
        མི་རེ་རེའི་སྐྱེས་ཁུངས་དང་བརྒྱུད་རིམ་སོགས་མི་འདྲ་སོ་སོ་ཡིན་རུང་། མི་རེ་ལ་ཉིན་གཅིག་གི་དུས་ཚོད་ཉེར་བཞི་ནི་ཁྱབ་མཉམ་དུ་དབང་བ་ཡིན། ཆུ་ཐིགས་བསགས་པས་རྒྱ་མཚོ་དང་། གྲུབ་འབྲས་ཡོད་ཚད་ཉིན་བསགས་ཟླ་བསགས་ཀྱིས་བྱུང་ཚུལ་གྱི་ལེགས་བཤད་མང་ལ། རང་ཉིད་ཀྱི་དུས་ཚོད་ཇི་ལྟར་གཅེས་ཤིང་སྤྱད་ཤེས་ན་དེ་ལྟར་འབྲས་བུ་ཡག་པོ་ཡོང་ཐུབ་པར་ཡང་ཀུན་གྱིས་སྨྲ་བས། དགེ་རྒན་རྣམས་ཀྱང་བྲེལ་ཟིང་འབའ་ཞིག་གི་ཀློང་ནས་མགོ་འཐོམ་པར་མི་འགྱུར་བར། འཆར་གཞི་ཡག་པོ་དང་དུས་ཚོད་དམ་འཛིན་གྱིས། ངལ་དུབ་ཀྱི་ལས་ཀའི་བར་ནས་ཐོན་འབྲས་ཡག་པོ་ལེན་ཐུབ་པར་ཤོག རང་ཉིད་དགའ་བའི་ལས་ཀ་དང་རང་ཉིད་མཐོར་འདེགས་ལ་ཕན་པའི་ལས་ཀའི་ཕྱོགས་ལ་དུས་ཚོད་མང་ཙམ་བཙིར་ཐབས་བྱས་ན། ནམ་ཞིག་དེ་ནི་ཁྱེད་ཀྱི་དྲན་ཐོ་ངོས་ཀྱི་དུས་ཚོད་ཡག་ཤོས་ཤིག་ཏུ་འགྱུར་ངེས།

བཞི་པ། རང་གི་མིག་ནང་གི་སློབ་མ་སྡུག་ཤོས་དེ་ལ་ནམ་ཡང་མཐོང་ཆུང་མི་བྱེད་པར་ཤོག
        མ་གཞི་འཇིག་རྟེན་ན་སློབ་མ་སྡུག་ཤོས་ཟེར་བ་ཞིག་མེད་དེ། དེ་ནི་ང་ཚོར་དཔྱད་འཇོག་གི་ཚད་གཞི་ཞིག་བྱུང་བ་ལས་ཐོན་པའི་ཟེར་སྒྲོས་ཤིག་ཡིན། ཡིན་ནའང་། ང་ཚོས་ནམ་ཡང་མིག་མདུན་གྱི་སློབ་མ་སྡུག་ཤོས་ཟེར་བ་དེ་ལ་མཐོང་ཆུང་བྱེད་མི་རུང་། ཞིབ་ཏུ་སོམས་དང་། སློབ་མ་སྡུག་ཤོས་དེ་དག་ནི་ཁྱོད་ཀྱི་སློབ་ཁྲིད་དང་སློབ་མ་གཞན་དག་གི་སློབ་གཉེར་ལ་བར་ཆད་བཟོ་མཁན་ཨེ་རེད། ཡིན་ན་བར་ཆད་ག་འདྲ་ཞིག་བཟོ་ཐུབ་བམ། དེ་ལས་ཀྱང་། ཁོ་ཚོའི་མ་འོངས་པ་ནི་ཁྱོད་ཀྱི་གནས་སྐབས་ཀྱི་ལྟ་སྟངས་ཤིག་གིས་སྡོམ་ཚིག་བཀོད་ཆོག་པ་ཞིག་ཨེ་རེད། དེ་ཡོད་ཚད་ངེས་པ་མེད་པ་ཤ་སྟག་ཡིན་པས། ཁྱོད་ཀྱིས་ཟུར་ཟའི་ཚིག་མཚོན་བཏབ་ནས་ཁོ་ཚོའི་ཞེ་འཁོན་སློང་བའི་དགོས་པ་ཞིག་མེད་ལ། ཡོད་ཀྱང་དེ་ནི་དགེ་མཚན་ཅི་ཡང་མེད་པའི་ཐབས་ཤེས་འབའ་ཞིག་ཡིན་སྲིད། རང་ཐོག་ལ་དཔེ་རེ་བླངས་ན། སློབ་འབྲིང་དང་སློབ་ཆེན་གྱི་སློབ་གྲོགས་དག་ལ་བསྡུར་ན། ཁྱོད་ནི་ཕུལ་དུ་བྱུང་བའི་རིགས་དེ་ཨེ་ཡིན་ནམ། ནམ་ཡང་ཁྱོད་ལས་རྒྱུ་དང་གོ་གནས་ཀྱིས་ལྷག་ལ། ཡོན་ཏན་དང་གྲུབ་འབྲས་ཀྱིས་ལྷག་པའི་སློབ་གྲོགས་འགའ་ཞིག་མེད་མི་སྲིད་པས། སུས་སུ་ལ་མཐོང་ཆུང་བྱེད་དམ། སུས་སུ་ལ་ཕྲག་དོག་བྱེད་དམ། ཁྱོད་ཀྱིས་ཤེས་དགོས་པ་ནི་ཁྱོད་ནི་གྲུབ་འབྲས་ཆེས་བཟང་བའི་མི་དེ་མིན་ནའང་། གྲུབ་འབྲས་ཅི་ཡང་མེད་པའི་མི་ཞིག་ཡིན་མི་སྲིད་པས། མཐོ་ས་མཐོང་ན་སེམས་ཞུམ་པ་དང་དམའ་ས་མཐོང་ན་མཐོང་ཆུང་བྱེད་པའི་སེམས་ཁམས་འདི་གནས་བབ་གང་ལའང་སྤངས་བར་རིགས།

ལྔ་པ། ཁྱེད་ཀྱིས་དོ་སྣང་བྱེད་ཀྱིན་པ་དེ་སློབ་མར་ཤེས་སུ་འཇུག་པར་ཤོག
        ཁྱོད་ནི་རང་ཉིད་ཀྱི་སློབ་མ་ལ་མཐའ་གཅིག་ཏུ་དགའ་བའི་ངེས་པ་ཡོད་རྒྱུ་མ་རེད། ཡིན་ནའང་། ཁྱེད་ཀྱིས་ལས་གནས་འདི་ཟིན་ཆད་ནས་དེ་ལ་ཡོད་པའི་འགན་ཁུར་དག་འཁུར་འོས། ཁྱེད་ཀྱིས་སློབ་མའི་སློབ་སྦྱོང་དང་འཚར་སྐྱེ་ལ་དོ་སྣང་བྱེད་དགོས་པར་མ་ཟད། དོ་སྣང་དེ་ནི་སེམས་ཁམས་རྐྱང་བའི་ངོས་ནས་མི་འཇོག་པར། སློབ་མ་ཚོའི་མཐོང་རེག་ལ་འཆར་བར་བྱེད་དགོས། སློབ་མའི་ཐང་ལ་ལྷུང་བའི་བསུབ་འགྱིག་ཡར་སྒྲུག་པ་དང་། སློབ་མའི་དྲི་བར་ངང་རྒྱུད་རིང་པོ་ཡོད་པའི་སྒོ་ནས་ལན་འདེབས་པ། སློབ་མ་རེ་འགར་རྟག་ཏུ་སེམས་གཏམ་བགྲོ་བ། ཐ་ན་ལམ་ནས་ཐུག་དུས་འཚམས་འདྲི་ཞིག་བྱེད་པ་ཡིན་ཡང་། སྦྱོར་བ་དེ་རིགས་ལས་སློབ་མས་ཁྱོད་ཀྱི་སེམས་ཁུར་དང་དོ་སྣང་ཡོད་ཚད་ལམ་སང་ཚོར་ཐུབ་པ་ཡིན།

དྲུག་པ། བསྟོད་བསྔགས་ཀྱི་ཚིག་ལ་སེར་སྣ་མེད་པར་ཤོག
        མི་རྒན་དར་མ་རྣམས་ཀྱང་གཞན་གྱི་བསྟོད་བསྔགས་ལ་ཆེས་ཆེར་དགའ་བ་ཡིན་ན། ནར་མ་སོན་པའི་སློབ་མ་རྣམས་ནི་ལྟ་ཅི། དེ་བས། ནར་སོན་འཚར་ལོངས་ཀྱི་གོ་རིམ་ཁྲོད་གནས་པའི་སློབ་མ་རྣམས་ལ། ཁྱོད་ཀྱིས་རེ་བ་མཐོ་ས་བཟུང་སྟེ་ལྟ་བ་རེ་ཞིག་བསྐྱུངས་ནས། སློབ་མའི་སྟེང་གི་ཁྱད་ཆོས་དང་ཡོན་ཏན་དེ་མཐོང་རྒྱུ་གལ་ཆེ་ལ། དེའི་ཐོག་ཁོ་ཚོའི་ཡོན་ཏན་ལ་ཡར་བལྟ་གཟེངས་བསྟོད་བྱེད་དགོས། དེ་དང་མཉམ་དུ། སློབ་མས་དྲི་བ་ཞིག་ལ་ལན་ཡང་དག་ཐོབ་པའམ། ཡང་ན་འཆར་སྒོ་ཡག་པོ་ཞིག་བཏོན་པ། ཐ་ན་དགེ་བའི་ལས་ཕྲན་བུ་ཙམ་ཞིག་བྱས་པར་ཡང་། ཁྱོད་ཀྱིས་སེམས་ལ་དགའ་བ་བསྒོམས་ནས་ཟོལ་དང་བྲལ་བའི་བསྟོད་བསྔགས་བྱེད་འོས་ཏེ། ཁྱོད་ཀྱིས་སློབ་མའི་བྱས་འབྲས་ལ་བསྟོད་པ་བྱས་ན། སློབ་མས་ཁྱོད་ལ་དེ་ལས་ལྷག་པའི་གྲུབ་འབྲས་ཤིག་མངོན་ཡོང་བ་ཡིན།

བདུན་པ། ཁྱིམ་བཟང་ཚང་ལ་སེམས་ཁུར་དང་རོགས་རམ་མང་དུ་བྱེད་ཐུབ་པར་ཤོག
        དགེ་རྒན་ནི་ལཱ་སྒྲོན་དང་མཚུངས་པར་རང་ཉིད་སྦར་ནས་གཞན་དག་སྣང་བར་བྱེད་ཅེས་ཀྱང་བཤད་མོད། དགེ་རྒན་ནི་འཕགས་པ་དང་དམ་པ་མིན་པར། ཁྱིམ་ལ་སླེབས་ན་ཕ་མའམ་བུ་ཕྲུག་ཡིན་ལ། ཁྱོ་གའམ་ཆུང་མ་ཡིན་ནོ། ། མི་རྣམས་ལ་མཚོན་ན། ནང་སེམས་ཀྱི་རྟེན་ས་གཤའ་མ་དེ་ནི་ནམ་ཡང་རང་གི་ཁྱིམ་མི་ཡིན་པས། དགེ་རྒན་ཞིག་གི་སེམས་སུ་ཁྱིམ་མིར་བཅངས་པའི་བརྩེ་བ་དང་ཁྱིམ་མིས་སྦྱིན་པའི་བརྩེ་བས་སྟོང་བར་གྱུར་ཚེ། ལག་སྣེའི་ལས་ཀ་འཁྱོངས་མི་སྲིད་ལ་སློབ་མར་ཡང་གཅེས་མི་ཐུབ། ང་ཚོས་ལས་ཀར་འབད་བརྩོན་བྱེད་པ་ཡང་དོན་དུ་ཁྱིམ་ཚང་གི་བདེ་སྐྱིད་དམིགས་པ་ཡིན་པས། བྲེལ་བ་ཅི་འདྲ་ཆེ་རུང་། རང་གི་ཕ་མ་བུ་ཕྲུག་བཟའ་ཟླ་སོགས་ལ་ནམ་ཡང་རྒྱང་མི་བཀྱེད་པར། ཁོ་ཚོར་སེམས་ཁུར་དང་འདུག་རོགས་བྱེད་དགོས། འཚོ་བ་ལ་རྨང་གཞིའི་དྲོད་ཁོལ་འཛོམས་ན་ད་གཟོད་ཡལ་ག་ལྟ་བུའི་ཕྱིའི་དོན་རྣམས་འགྲུབ་པ་ལ་རྒྱུ་ཚང་བ་ཡིན།

བརྒྱད་པ། ཁྱིམ་བདག་གི་མདུན་ནས་སེམས་ལ་གནོང་མེད་པ་ཞིག་ཡོང་བར་ཤོག
        དགེ་རྒན་སུ་ཡང་འགན་ཁུར་མེད་པའི་ཁྱིམ་བདག་ལ་འཕྲད་སྲིད། ཁོ་ཚོས་རང་གི་བུ་བུ་མོར་བདག་སྐྱོང་ཡག་པོ་མི་བྱེད་པར། འགན་ཡོད་ཚད་དགེ་རྒན་ལ་དཀྲི་བར་བྱེད། སློབ་གསོའི་ལས་དོན་གཉེར་མཁན་ཞིག་ལ་མཚོན་ན་སེམས་ཁམས་ཡག་པོ་ཡོད་རྒྱུ་དེ་ཅི་ནས་ཀྱང་གལ་ཆེ། ང་ཚོས་གཞན་ལ་བསམ་ཤེས་དང་གུ་ཡངས་སྒོམ་ཤེས་དགོས་ལ། རང་ཉིད་ལའང་གུ་ཡངས་བྱེད་ཤེས་དགོས། སློབ་མ་ཕུལ་དུ་བྱུང་བ་ཞིག་འཁྱོངས་ཚེ། དེ་ནི་ང་ཚོའི་བྱས་རྗེས་ཁོ་ནས་མིན་ལ། སློབ་མ་ཡག་པོ་མ་འཁྱོངས་ཚེ། དེ་ཡང་ང་ཚོའི་བྱས་རྗེས་ཁོ་ནས་མ་ཡིན། ང་ཚོས་དཔེ་ཁྲིད་མི་སྐྱོང་གི་ལས་དོན་གཉེར་བ་ནི་ཁྱིམ་བདག་དགའ་རུ་འཇུག་ཆེད་མ་ཡིན་པས། གལ་ཏེ་སྟབས་མ་ལེགས་པར་ཁྱིམ་བདག་གི་ཉེས་འགེལ་དང་ཁ་གཡོགས་ཐེབས་པ་ཡིན་ཚེ། ང་ཚོས་རང་སེམས་ལ་གནོང་མེད་ན་གཤིན་རྗེ་ལའང་འཇིགས་དོན་མེད་པ་ཤེས་དགོས། ང་ཚོས་དགེ་རྒན་གྱི་ཚུལ་ཡག་པོ་བཟུང་ནས་སློབ་ཐུན་རེ་རེ་ནན་ཏན་གྱིས་ཁྲིད་པ་དང་སློབ་མ་རེ་རེ་རྣམ་དག་གིས་བསྐྱངས་པས་ཆོག་པ་ཡིན།

དགུ་པ། ཡར་སྐྱེད་མེད་པའི་སློབ་མ་དང་ལེན་བྱེད་པར་ཤོག

        སློབ་མ་ཡོངས་རྫོགས་ལེགས་ལམ་དུ་དཀྲི་ཐུབ་པའི་དགེ་རྒན་ནི་ཧ་ལམ་ཡོད་པ་མ་རེད། ང་ཚོས་ཇི་ལྟར་འབད་པ་བྱས་ཀྱང་སློབ་མ་ལ་ཤས་ལ་ནམ་ཡང་ཡར་སྐྱེད་འབྱུང་རྒྱུ་མེད། དགེ་རྒན་ཞིག་ལ་མཚོན་ན། ངང་རྒྱུད་རིང་པོས་སྒུག་བཟོད་ཡོད་པ་ཞིག་བྱས་ཏེ། འཁང་ར་དང་སྐྱོན་བརྗོད་ཉུང་དུ་གཏོང་བ་དང་། ཞི་དུལ་གཟབ་ཉན་གྱིས་སློབ་མའི་ཐོག་གི་ཁྱད་ཆོས་རྙེད་རྟོགས་བྱེད་པ་དང་། ཁོ་ཚོའི་ནར་སོན་གྱི་གོ་རིམ་ཁྲོད་ཀྱི་འབད་བརྩོན་ཕྲན་བུ་དག་ལ་བརྩི་བཀུར་བྱེད་རྒྱུ་ཧ་ཅང་གལ་ཆེ།

དགེ་རྒན་གྱི་འབད་རྩོལ་ནི་མ་གཞི་ནས་འབྲས་བུ་མྱུར་མོར་སྨིན་ཡོང་བ་ཞིག་མིན་ནའང་། ང་ཚོའི་དེ་རིང་གི་འབད་རྩོལ་ནི་ས་བོན་ཞིག་དང་འདྲ་བར་སློབ་མའི་སེམས་ཀྱི་ཞིང་ཁམས་སུ་འཚར་སྐྱེ་འབྱུང་བཞིན་ཡོད་ལ། ཁོ་ཚོ་ནར་སོན་པ་དང་བསྟུན་ནས་རང་བཞིན་གྱིས་མྱུ་གུ་འབུས་ཤིང་འབྲས་བུ་ཐོགས་ཡོང་བ་དང་། དེ་ནི་མི་ཚེ་གཅིག་ལ་སྐྱེ་རྒྱུ་ཡོད་པའི་ས་བོན་ཞིག་ཡིན་པར་ཐེ་ཚོམ་ཟ་མི་དགོས་པས། དགེ་བའི་ས་བོན་ལ་ནམ་ཡང་མཐོང་ཆུང་བྱ་མི་རིགས།


བཅུ་པ། ལུས་ཕུང་བདེ་ཐང་ནི་ནམ་ཡང་ཨང་དང་པོར་འཇོག་ཐུབ་པར་ཤོག

        དགེ་རྒན་གྱི་ལས་ཀ་ནི་ཤིན་ཏུ་ཚེགས་ཆེ་བས། སློབ་མའི་དོན་དུ་ལུས་ཀྱི་ན་ཚ་བསྲན་ནས་ཁྲིད་སྟེགས་སྲུང་དགོས་པའི་དུས་ཀྱང་ཡོད། དེ་འདྲའི་ལས་རིགས་ཀྱི་སྙིང་སྟོབས་ནི་བཀུར་བར་འོས་པ་འབའ་ཞིག་ཡིན་པ་གདོན་མི་ཟ་ཡང་། བདེ་ཐང་གི་ལུས་ཕུང་ནི་ནམ་ཡང་དཔེ་ཁྲིད་མི་སྐྱོང་གི་མ་རྩ་ཡིན་པ་བསྙོན་དུ་མེད་པས། རང་ཉིད་ཀྱི་ལུས་ཕུང་ལ་བདག་སྐྱོང་ལེགས་པོ་ཐོབ་པ་དང་། ལས་གནས་ཀྱི་ཐོག་ནས་བརྟན་པོར་སྡོད་པ་དེ་ཡང་སློབ་མའི་ཆེད་དུ་ཡིན་ནོ། ། ཐང་ཆད་དུས་ངལ་གསོ་དགོས་ལ། ན་བར་གྱུར་ན་སྨན་ཁང་དུ་འགྲོ་དགོས། གུང་གསེང་དུས་དང་བསྟུན་ནས་ངལ་གསོ་དང་སྦྱོང་བརྡར་འོས་འཚམ་བྱེད་རྒྱུ་གལ་ཆེ།


བཅུ་གཅིག་པ། རང་ཉིད་ཀྱི་སེམས་ཁམས་ཚོད་འཛིན་ཐུབ་པར་ཤོག

        གལ་ཏེ་སློབ་མར་སྐྱོན་བརྗོད་བྱེད་དགོས་པར་ཐུག་ཚེ། ཁྱེད་ཀྱིས་རང་གི་སེམས་ཁམས་ལ་ཚོད་འཛིན་གང་ལེགས་བྱས་ཏེ། སྐད་ཆ་སེམས་ཁམས་ཡག་བཙོག་གི་རྗེས་སུ་འགྲོ་ལྡོག་མི་བྱེད་རྒྱུ་གལ་ཆེ། དོན་གྱིས་རང་ཉིད་ཀྱི་སེམས་ཁམས་ལ་ཚོད་འཛིན་ཡག་པོ་ཐེབས་ན་ད་གཟོད་རང་ཉིད་མི་དགའ་བའི་སློབ་མར་འགྲོགས་འདྲིས་མཁས་པོ་བྱེད་ཤེས། སེམས་ཁམས་ལ་ཚོད་འཛིན་ཡག་པོ་ཐེབས་ཚེ། ཁྱོད་ཀྱིས་ཁྲོ་བའི་རྣམ་པ་དང་སྡང་བའི་བཟོ་ལྟ་ཅི་རིགས་རང་དབང་གིས་འཁྲབ་ཐུབ་པ་ཡིན་ལ། སློབ་མར་ཡང་དེ་བསྟུན་གྱིས་གོ་བསྐོན་བློ་འགུག་གི་ནུས་པ་རང་བཞིན་གྱིས་ཐོན་པ་ཡིན། དེ་ནི་ཚུལ་འཆོས་ཀྱི་རྣམ་པ་ཞིག་མ་ཡིན་པར་སློབ་མ་བློ་ཐབས་ཀྱིས་སྐྱོང་ཐབས་ཤིག་ཡིན།


བཅུ་གཉིས་པ། སློབ་སྦྱོང་གི་རྒྱུན་སྐྱོང་བར་ཤོག

        དགེ་རྒན་ནི་དཔེ་ཁྲིད་མི་སྐྱོང་གི་ལས་རིགས་ཤིག་ཡིན་པས། རང་གི་སློབ་སྦྱོང་གི་རྒྱུན་བསྐྱངས་ནས་རང་གི་ཤེས་རབ་འཕེལ་བར་བྱས་ན་ད་གཟོད་ཁྲིད་སྟེགས་ཀྱི་སྟེང་ནས་བརྟན་པོར་འགྲེང་ཐུབ་པ་ཡིན། དུས་རབས་ཀྱི་འགྱུར་ལྡོག་དང་སློབ་ཐུན་དང་སློབ་དེབ་ཀྱི་འགྱུར་ལྡོག་ཇེ་རྒོད་ནས་ཇེ་རྒོད་དུ་འགྱུར་བ་ཡིན་པས། ང་ཚོས་དུས་རྟག་པར་སློབ་སྦྱོང་ལ་ལྷོད་གཡེང་བྱེད་མི་རུང་། དེ་ལས་ཀྱང་ང་ཚོ་ནི་སློབ་མའི་མིག་དཔེ་ཡིན་པས་རང་ཉིད་ཀྱི་སློབ་སྦྱོང་ནི་སློབ་མར་སློབ་གསོ་གཏོང་ཐབས་ཤིག་ཀྱང་ཡིན་ཏེ། ཁྱེད་ཀྱི་སློབ་སྦྱོང་ལ་བཟུང་བའི་རྣམ་འགྱུར་དང་འཚོལ་དཔྱོད་ཀྱི་སྙིང་སྟོབས་ཀྱིས་སློབ་མར་སྒོ་ཀུན་ནས་ཤན་ཤུགས་ཐེབས་པ་ཡིན། དེ་བས་སློབ་སྦྱོང་ནི་བསམ་བློའི་ཁ་ཟས་རང་དུ་འགྱུར་བར་འབད་དེ། སློབ་མར་ཕན་ཐོགས་པ་ཞིག་བྱེད་དགོས་པར་མ་ཟད། དེ་ལས་ཀྱང་རང་ཉིད་ལ་ཕན་ཐོགས་པ་ཞིག་ཡོང་དགོས།

        མཇུག་མཐར། ལ་ལུང་ཀུན་ལ་གྲགས་པའི་སྐད་ཆ་ཆེས་རྙིང་པ་འགའ་ཞིག་སྒྲུག་སྟེ་འདིར་སྤེལ་བ་ལ། ཕན་ཐོགས་རྟ་རྔ་ཙམ་ཞིག་འབྱུང་བའི་བློ་གདེང་ཅི་ཡང་མེད་མོད། ལོ་གསར་པའི་ནང་ལ་དགེ་རྒན་རྣམས་ཀྱི་སྐུ་ལུས་བདེ་ཞིང་བསམ་དོན་འགྲུབ་པའི་སྨོན་འདུན་ཁ་གཡང་གི་དོད་ཙམ་འཐུས་པར་ཤོག་ཞུས་པ་ཡིན། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1