ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-26



   《ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའི་ལས་དོན་སྙན་སེང་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ལས་དོན་སྙན་སྒྲོན་གྱི་ཕྱོགས་བསྡུས་གནས་ཚུལ་ཉན་པ་དང་ཞིབ་འཇུག་བྱས་པའི་སྙན་སྒྲོན》དང《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》ལ་གྲོས་ཞིབ་བྱས་པ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་1ཚེས་24ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས་ཏེ། 《ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའི་ལས་དོན་སྙན་སེང་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ལས་དོན་སྙན་སྒྲོན་གྱི་ཕྱོགས་བསྡུས་གནས་ཚུལ་ཉན་པ་དང་ཞིབ་འཇུག་བྱས་པའི་སྙན་སྒྲོན》དང《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》ལ་གྲོས་ཞིབ་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
   ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་2021ལོའི་ལས་དོན་ལ་ཁས་ལེན་གང་ལེགས་བྱས་པ་དང་འབྲེལ། ཚན་པ་དེ་དག་གི་2022ལོའི་ལས་དོན་བཀོད་སྒྲིག་ལའང་མོས་མཐུན་བྱས་པ་རེད། ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། འདས་ཟིན་པའི་ལོ་གཅིག་རིང་ཏང་ཙུའུ་ལྔ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ། གཡོ་འགུལ་སྤུ་ཙམ་མེད་པའི་སྒོ་ནས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱས་པ། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ལ་གཞིགས་ནས་འགན་འཁྲི་གཙང་སྒྲུབ་བྱས་པ། ཏང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་བཅས་ཀྱི་ཐོག་ནས། “ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཡག་པོ་འཛུགས་རྒྱུར་ལེགས་སྐྱེས་གང་ལེགས་ཕུལ་བ་དང་། ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་བར་ཁོར་ཡུག་བཟང་པོ་ཞིག་བཏོད་ཡོད་ལ། ཕྱོགས་ཁག་གི་ལས་དོན་ལ་ཕན་འབྲས་གསར་པའང་ཐོན་ཡོད། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ལྟར་རང་འགན་གཙང་སྒྲུབ་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། ཏང་ནང་ཁུལ་གྱི་བཅའ་ཁྲིམས་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ། མང་ཚོགས་ཚོགས་པའི་ལས་དོན་དང་དེའི་སྒྱུར་བཅོས་ལ་མཛུབ་ཁྲིད་བྱ་རྒྱུ་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད།
   ཚོགས་འདུའི་ཐོག་ནན་བཤད་བྱས་དོན། 2022ལོ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་དཔུང་སྐྱོད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་པའི་ལོ་གལ་ཆེན་ཞིག་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལོན་པར་བྱེད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས་ཤིང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་འཐབ་ཇུས་ཁྱོན་ཡོངས་དང་འཛམ་གླིང་ལ་ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་བློ་ལ་འཆང་བ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་རྒྱུའི་གྲ་སྒྲིག་དང་འཚོག་རྒྱུར་དམ་པོར་དམིགས་ཏེ་ནུས་ཤུགས་ཡོད་རྒུ་འདོན་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། ལོ་རྒྱུས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ལོ་རྒྱུས་ཀྱི་རང་འགུལ་མཐའ་འཁྱོངས་བྱེད་པ། སྙིང་སྟོབས་ཆེར་སྐྱེད་དང་བྱ་སྤྱོད་ཏན་ཏིག་སྤེལ་བ་བཅས་ཀྱི་སྒོ་ནས་ལས་དོན་ཁག་ཏན་ཏན་ཏིག་ཏིག་ངང་སྒྲུབ་དགོས་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ནམ་ཡང་ཚར་དུས་མེད་པ་མཐའ་འཁྱོངས་དང་། དམ་ནན་གྱི་དགོངས་གཞི་གཙོ་བོ་དེ་མཐའ་འཁྱོངས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལག་བསྟར་ནན་པོ། རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞི”ཡོ་བསྲང་། རུལ་སུངས་ཀྱི་གནད་དོན་མཐའ་གཅིག་ཏུ་ཞིབ་བཤེར་ཐག་གཅོད་བཅས་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་གཏོད་དགོས། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡིས་སྣེ་ཁྲིད་དེ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་བྱེད་དགོས་ཤིང་། ཀྲུང་དབྱང་ཆབ་སྲིད་ཅུས་དང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀོད་སྒྲིག་བླང་བྱར་དམ་པོར་དམིགས་ཁར། རང་ཉིད་ཀྱི་འགན་འཁྲིའི་ངེས་གནས་ལ་གཞི་ཚུགས་ཏེ་གཙོ་གནད་འབུར་ཐོན་གྱིས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་དང་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས་ཏང་ཀྲུང་དབྱང་གིས་བསྒྲུབ་རྒྱུར་རྩིས་སྤྲད་པའི་ལས་འགན་ཁག་ཡག་པོ་སྒྲུབ་དགོས།
   ཚོགས་འདུའི་ཐོག་བསྟན་དོན། ཡིག་འབུལ་ཞུ་བཅར་ལས་དོན་ནི་ཏང་གི་མང་ཚོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་བསམ་འདུན་ཤེས་རྟོགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་རེད། 《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》བཟོས་ཏེ་ང་ཚོའི་ཏང་གིས་དུས་ཡུན་རིང་པོའི་ནང་ཡིག་འབུལ་ཞུ་བཅར་ལས་དོན་ལ་འགོ་ཁྲིད་དང་སྤེལ་བའི་ཉམས་མྱོང་དང་། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་ལམ་ལུགས་ལ་སྒྱུར་བཅོས་བྱས་པའི་གྲུབ་འབྲས་ཕྱོགས་སྡོམ་བྱས་ཡོད། དེ་ཏང་གིས་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་། ཡིག་འབུལ་ཞུ་བཅར་ལས་དོན་གྱི་སྒྲིག་སྲོལ་ལམ་སྲོལ་གསེད་བཀྲོལ་བྱ་རྒྱུ། དུས་རབས་གསར་པའི་ཡིག་འབུལ་ཞུ་བཅར་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་རྒྱུ་དང་ཤུགས་སྣོན་རྒྱག་རྒྱུ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
   ཚོགས་འདུའི་ཐོག་དུས་རབས་གསར་པའི་ཡིག་འབུལ་ཞུ་བཅར་ལས་དོན་གྱི་རྩ་དོན་དང་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་ནས་ཡིག་འབུལ་ཞུ་བཅར་ལས་དོན་གྱི་འགན་འཁྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་ཡིག་འབུལ་ཞུ་བཅར་ལས་དོན་གྱི་ལམ་ལུགས་སྒྱུར་བཅོས་ཀྱི་གྲུབ་འབྲས་བེད་སྤྱོད་ཡག་པོ་གཏོང་དགོས་པ་དང་། ཏང་གིས་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་བརྒྱབ་སྟེ། ཏང་ཨུད་ཀྱིས་གཅིག་གྱུར་ཐོག་འགོ་ཁྲིད་བྱེད་པ་དང་། སྲིད་གཞུང་གིས་སྒྲིག་འཛུགས་བྱས་ནས་དོན་འཁྱོལ་བྱེད་པ། མཉམ་འབྲེལ་ཚོགས་འདུས་མཐུན་སྦྱོར་བྱེད་པ། ཡིག་འབུལ་ཞུ་བཅར་སྡེ་ཚན་གྱིས་སྐུལ་འདེད་གཏོང་བ། ཕྱོགས་སོ་སོས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་པ་བཅས་ཀྱི་ལས་ཀའི་རྣམ་པ་འཐུས་སྒོ་ཚང་དུ་གཏོང་དགོས། སྲོལ་ཡིག་སློབ་སྦྱོང་དང་གསོ་སྦྱོང་དང་། དྲིལ་བསྒྲགས་དང་འགྲེལ་བཤད། དོན་འཁྱོལ་བྱས་ཚུལ་བཅས་ལ་ལྟ་སྐུལ་ཞིབ་བཤེར་ཡག་པོ་བྱས་ནས། སྤྱི་ཚོགས་ཡོངས་སུ་ལས་དོན་སྒྲུབ་དུས་ཁྲིམས་གཞིར་བཟུང་བ་དང་། གནས་ཚུལ་འཕྲད་དུས་ཁྲིམས་ཁུངས་འཚོལ་བ། དོན་ཐག་གཅོད་དུས་ཁྲིམས་ལ་བསྟུན་པ། འགལ་ཟླ་ཐུག་དུས་ཁྲིམས་བཞིན་སེལ་བ་བཅས་ཀྱི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས། ཡིག་འབུལ་ཞུ་བཅར་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུ་དང་ཡིག་འབུལ་ཞུ་བཅར་ལས་དོན་སྡེ་ཚན་གྱིས་འགན་འཁྲི་དང་ལས་འགན་ཡིད་ལ་བརྟན་པོར་བཅངས་ཏེ། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་ཤུགས་ཆེ་རུ་གཏོང་བ། རང་འགུལ་ངང་ལས་དོན་སྒྲུབ་པ་བཅས་བྱས་ནས་རྒྱུན་ཆད་མེད་པར་ལས་ཀའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་ནན་བཤད་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1