མྱུར་བགྲོད་གཞུང་ལམ་ལ་རིན་མི་དགོས་པའི་དུས་ཚོད་བསྒྲགས།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 01-29



          ཚེས་27ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུས་བཤད་དོན། 《འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་སྡེ་ཁག་གི་གལ་ཆེའི་དུས་ཆེན་དང་གུང་གསེང་རིང་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཀྱི་འགྲོ་སྐྱོད་གྲོན་དངུལ་མི་བསྡུ་བའི་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལག་བསྟར་ཇུས་གཞིར་མཆན་བཀོད་བརྒྱུད་སྤྲོད་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》ལ་གཞིགས་ན། 2022ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་རྒྱལ་ཡོངས་ཀྱི་གྲོན་བསྡུའི་གཞུང་ལམ་གྱིས་མུ་མཐུད་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་འདུག་སྟེགས་བདུན་ཡན(བདུན་ཚུད)དང་དེ་བཞིན་སྤྱིར་བཏང་གི་གྲོན་བསྡུའི་གཞུང་ལམ་ཐོག་བསྐྱོད་ཆོག་པའི་སྦག་སྦག་འཁོར་ལོར་གྲོན་དངུལ་བསྡུ་རྒྱུ་མ་རེད། ཞིབ་ཕྲའི་གྲོན་དངུལ་མི་དགོས་པའི་དུས་ཡུན་ནི་དུས་ཆེན་དང་གུང་གསེང་ཉིན་དང་པོའི(ཟླ་1ཚེས་31ཉིན)ཆུ་ཚོད་0ནས་འགོ་ཚུགས་ཏེ་དུས་ཆེན་དང་གུང་གསེང་གི་མཇུག་མཐའི་ཉིན་མོའི(ཟླ་2ཚེས་6ཉིན)ཆུ་ཚོད་24ལ་མཇུག་འགྲིལ་རྒྱུ་རེད། སྤྱིར་བཏང་གི་གཞུང་ལམ་ནི་སྔར་བཞིན་རླངས་འཁོར་གྲོན་བསྡུའི་ས་ཚིགས་བརྒྱུད་དེ་གྲོན་བསྡུའི་འཁོར་ལམ་གྱི་དུས་ཚོད་ཚད་གཞིར་འཛིན་རྒྱུ་དང་། མྱུར་བགྲོད་གཞུང་ལམ་ནི་སྔར་བཞིན་རླངས་འཁོར་འགག་སྒོའི་གྲོན་བསྡུའི་འཁོར་ལམ་ནས་ཁ་བྲལ་བའི་དུས་ཚོད་ཚད་གཞིར་འཛིན་རྒྱུ།

          གསལ་བཤད་བྱེད་དགོས་པ་ཞིག་ལ། རྒྱལ་ཁབ་ཕྱི་ནང་གི་རིམས་ནད་གནས་ཚུལ་གྱི་འགྱུར་ལྡོག་སོགས་རྒྱུ་རྐྱེན་གྱི་ཤུགས་རྐྱེན་ཕོག་པར་བརྟེན་ད་ལོའི་དཔྱིད་གསར་སྐྱེལ་འདྲེན་རིང་སྤྱི་དམངས་འགྲོ་སྐྱོད་བྱེད་དོན་གཙོ་བོ་ནི་ཐག་འབྲིང་ཐུང་གཙོ་བོ་ཡིན་པ་དང་། སྔོན་དཔག་བྱས་ན་ཉིན་རེར་ཆ་སྙོམས་རླངས་འཁོར་གཏོང་ཚད་ཁྲི་2800ཙམ་ཟིན་རྒྱུ་ཡིན་པ་དེ་ལོ་སྔོན་མའི་དུས་མཚུངས་དང་བསྡུར་ན་མཚུངས་ཀྱི་ཡོད་པ་རེད། བཞུར་ཚད་ཀྱི་འགྱུར་ལྡོག་ལ་བལྟས་ན། “དུས་ཆེན་གོང་བརྟན་པོ་དང་། དུས་ཆེན་བར་བསྐྱར་འཕར། དུས་ཆེན་རྗེས་འཕར་བ”བཅས་ཀྱི་ཁྱད་ཆོས་ལྡན་ཡོད། སྔོན་དཔག་བྱས་ན་གནམ་གང་ནི་བཞུར་ཚད་དམའ་ཤོས་དེ་ཡིན་པ་དང་ཟླ་དང་པོའི་ཚེས་6དང་ཟླ་དང་པོའི་ཚེས་16ཉིན་གྱི་སྔ་རྗེས་སུ་བཞུར་ཚད་མཐོ་ཤོས་གཉིས་ཐོན་རྒྱུ་རེད། གནམ་གཤིས་གནས་ཚུལ་ལ་བལྟས་ན། ད་ལོའི་དཔྱིད་གསར་དུས་ཆེན་རིང་རྒྱལ་ཡོངས་ཀྱི་གནམ་གཤིས་སྤྱིའི་ཆ་ནས་ཡག་པོ་ཡོད་པ་དང་ས་ཁུལ་མང་ཆེ་བའི་གནམ་གཤིས་ཀྱི་དྲོད་ཚད་གཞི་རྩའི་ཆ་ནས་རྒྱུན་གཏན་གྱི་ཆུ་ཚད་དང་འདྲ་པོ་ཡོད་པས་གཞི་ཁྱོན་ངེས་ཅན་གྱི་དྲོད་ཚད་དམའ་བའི་གངས་ཆར་གྱི་གནམ་གཤིས་ཐོན་སྲིད་པ་རེད། དེའི་ཕྱིར། རྒྱ་ཆེའི་ཁ་ལོ་བ་དང་གྲོགས་པོ་ཚོ་ཕྱིར་མ་བསྐྱོད་གོང“དོ་སྣང་གསུམ”ཐུབ་པ་བྱེད་དགོས་པའི་གྲོས་འགོ་བཏོན་པ་སྟེ།
          1 རིམས་ནད་བྱུང་ཚུལ་ལ་བལྟ་དགོས། 
          སྐྱོད་འགོ་ཚུགས་ས་དང་དམིགས་སའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་སྲིད་ཇུས་ཀྱི་འགྱུར་ལྡོག་ལ་དོ་སྣང་དམ་ཟབ་བྱས་ཏེ་སྔོན་ལ་རིམས་འགོག་ཞིབ་དཔྱད་ཀྱི་བླང་བྱ་ཤེས་རྟོགས་དང་རང་ངོས་ཀྱི་འགོག་སྲུང་ལས་དོན་ཡག་པོ་བསྒྲུབས་ནས“ཨང་རྟགས་གཉིས་དང་ལག་ཁྱེར་གཉིས”(བདེ་ཐང་ཨང་བཤེར། འགྲོ་སྐྱོད་ལམ་ཐིག ཐོབ་ཐང་ལག་ཁྱེར་དང་ཉིང་སྐྱུར་ཞིབ་དཔྱད་དཔང་ཡིག)བཅས་འཁྱེར་ཏེ་འགྲོ་སྐྱོད་ལམ་ཐིག་ལུགས་མཐུན་ངང་འདེམས་པ་དང་རིམས་འགོག་ཞིབ་བཤེར་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་སྤྲོ་སྣང་ལྡན་པའི་ངང་འགྲོ་སྐྱོད་ཐུབ་པའི་འགན་ལེན་བྱ་དགོས། 
          2 གནམ་གཤིས་ལ་བལྟ་བ། 
          མཐའ་འཁོར་ས་ཁུལ་གྱི་གནམ་གཤིས་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་དང་། འཁོར་རིགས་ཀྱི་ལག་རྩལ་གནས་ཚུལ་ལ་ཞིབ་བཤེར་ནན་ཏན་བྱས་ནས་རླངས་འཁོར་གྱི་འདྲེད་འགོག་བྱ་ཐབས་ཡག་པོ་བཅས་བྱས་ཏེ་འཁྱག་པ་ཐེབས་སླ་བའི་ལམ་དུམ་ལས་གཡོལ་གང་ཐུབ་བྱས་ནས་བདེ་འཇགས་ངང་འགྲོ་སྐྱོད་ཐུབ་པའི་འགན་ལེན་བྱ་དགོས། 
          3 ལམ་གྱི་གནས་ཚུལ་ལ་བལྟ་དགོས། 
          ལམ་རྒྱུད་ལམ་ཐིག་གི་དུས་ཐོག་ལམ་བུའི་གནས་ཚུལ་དང་། འཚང་ཁ་ཆེ་བའི་དུས་དང་། འགག་སླ་བའི་དལ་བགྲོད་ས་ཚིགས་སོགས་ཀྱི་ཆ་འཕྲིན་སྔ་སྣུར་དུ་ཤེས་རྟོགས་བྱས་ནས་འགྲོ་སྐྱོད་ལམ་ཐིག་དང་། བྱེད་སྟངས། དུས་ཚོད་བཅས་ལུགས་མཐུན་ངང་གདམ་ག་བྱས་ཏེ་བདེ་བླག་ངང་འགྲོ་སྐྱོད་ཐུབ་རྒྱུའི་འགན་ལེན་བྱ་དགོས། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1