2022ལོའི་ལུགས་རྙིང་ལོ་སར་འཆར་རན་ཡོད་པའི་སྐབས་སུ། དར་མདོ་གྲོང་ཁྱེར་གྱི་མཛའ་གཞས་ཐང་ཆེན་དང་མདོ་གྲོང་གསར་པའི་ཐང་ཆེན། དེ་མིན་ལམ་མདོའི་གནད་ཆེ་ས་བཅས་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་བྱེད་ཀྱི་མཚོན་རྟགས་འདྲ་མིན་སྣ་ཚོགས་བཞེང་བཞིན་ཡོད་ཅིང་། ཁྲོམ་ལམ་དང་ཟམ་པ། ལམ་སྒྲོན། ལམ་གཡས་གཡོན་གྱི་ལྗོན་ཤིང་སོགས་སུ་ཚོན་མདོག་རྣམ་པར་བཀྲ་བའི་གློག་སྒྲོན་དང་ལྒང་བཞུ་སོགས་སྒྲིག་སྦྱོར་ལེགས་པོར་བྱས་ཏེ་ལོ་སར་གྱི་ཁོར་ཡུག་བཟང་པོ་ཞིག་སྐྲུན་བཞིན་འདུག །གསར་འགོད་པས་དར་མདོ་གྲོང་ཁྱེར་གྱི་ཚོང་ཁང་དང་ཁྲོམ་ར་ཆེ་གྲས་ཚང་མར་ལོ་སར་གྱི་མཁོ་ཆས་ཕུན་སུམ་ཚོགས་པོ་གྲབས་གསོག་བྱས་ཡོད་པར་མཐོང་ཞིང་། ཞིང་འབྲོག་མང་ཚོགས་ཀྱིས་རང་སྲུང་གི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་ལོ་སར་གྱི་མཁོ་ཆས་སྣ་ཚོགས་བསྒྲུབས་ཏེ་ལོ་སར་བསུ་བའི་གྲ་སྒྲིག་གང་ལེགས་བྱེད་བཞིན་པ་རེད། །